རྒྱལ་བ་རིན་པོ་ཆེའི་དྲ་རྒྱ་ནས་དྲངས།
༧གོང་ས་མཆོག་གིས་ནེའུ་ཡོག་ཏུ་བོད་མི་ཚོར་བཀའ་སློབ་སྩལ་བ།
ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཨ་རི་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མར་ནེའུ་ཡོག་དང་ནེའུ་འཇར་སེ་བོད་རིགས་སྤྱི་མཐུན་ཚོགས་པས་གྲ་སྒྲིག་ཞུས་པ་ལྟར་བོད་མི་གཙོས་མི་གྲངས་ ༥༡༠༠ བརྒལ་བར་བཀའ་སློབ་གསུང་བཤད་སྩལ་ཡོད་པ་རེད།
དེ་ཡང་ཟླ་༡༡ ཚེས་༥ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་ཅའ་ཝེ་ཊི་སེན་ཁྲར་Javits Center ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ནེའུ་ཡོག་དང་ནེའུ་འཇར་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུ་ཞུས་ཏེ་༧ཞབས་སོར་འཁོད་པ་དང་། ནེའུ་ཡོག་དང་ནེའུ་འཇར་སེའི་བོད་རིགས་སློབ་ཕྲུག་རྣམས་ཀྱིས་༧གོང་ས་མཆོག་གི་༧ཞབས་བརྟན་གསོལ་འདེབས་དང་བོད་ཀྱི་རྒྱལ་གླུང་བླངས་རྗེས། ནེའུ་ཡོག་དང་ནེའུ་འཇར་སེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྤྱི་མཐུན་ཚོགས་པའི་ལས་བསྡོམས་༧སྙན་སེང་དང་། དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཤིག་གིས་མགོན་པོ་མཆོག་ལ་མཚད་སྨད་སྐུར་འདེབས་བྱེད་པ་ནི་མགོན་པོ་མཆོག་ལ་མཚན་སྨད་ཞུས་པ་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་ལ་ངན་དམོད་བྱས་པ་ཞིག་ཡིན་པར་ངོས་འཛིན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་དང་། དེ་རིགས་དང་སྔོན་ཆད་འབྲེལ་གཤིབས་བྱེད་མྱོང་མེད་ལ་མ་འོངས་པར་ཡང་ལམ་ནོར་ལྡོག་ཤེས་ཀྱིས་བོད་ཀྱི་ལ་རྒྱ་འཛིན་པ་ཞིག་མ་བྱུང་བར་དེ་སྲིད་དུ་འབྲེལ་གཤིབ་མི་བྱེད་རྒྱུའི་དམ་བཅའ་བརྟན་སྲུང་བྱེད་རྒྱུ་ཡིན་ཞེས་སོགས་གསུང་བཤད་གནང། དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཞེངས་ཀྱིས་བཀའ་སློབ་གནང་དོན།
བོད་གངས་ཅན་པ་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར། དེ་རིང་བོད་མི་སྟོང་ཕྲག་བཞི་ལྔ་ཞིག་འདིར་ལྷན་དུ་འཛོམས་པར་བརྟེན་སེམས་ནང་བོད་ལ་སླེབས་པ་མིན་ནམ་བསམ་པ་ལྟ་བུ་ཞིག་འདུག ཡང་རྒྱ་གར་ནང་གི་གཞིས་ཆགས་ཆེ་ཁག་ཅིག་ལ་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་། འོན་ཀྱང་ས་ཆ་འདི་ནི་ཨ་མི་རི་ཀའི་ས་ཆ་རེད། རྒྱ་གར་ནས་ཧ་ཅང་རྒྱང་རིང་འདིར་འགྲོ་སོང་མང་པོ་བཏང་ནས་སླེབས་པ་ལས་སླ་བོ་ཡོད་པ་མ་རེད། ཁྱོད་རང་ཚོ་ཚང་མ་ནེའུ་ཡོག་ལ་སླེབས་ནས་སོ་སོའི་འཚོ་གོས་འགྲིག་ཐག་ཆོད་དང་། བོད་པའི་ལྷག་བསམ་དང་ལ་རྒྱ་ཞེན་ཁོག་འགྱུར་བ་མེད་པར་བསྡད་ཡོད། རྒྱ་གར་ནས་ཚུར་ཁྲིམས་མཐུན་བྱས་ནས་ཡོང་པ་ཡིན་ནའང་འདྲ། ཁྲིམས་འགལ་བྱས་ནས་ཡོང་པ་ཡིན་ནའང་འདྲ། གང་ལྟར་འདིར་སླེབས་པའི་རྗེས་ལ་བོད་མིའི་ངོ་བོ་དང་སྤྱི་སེམས་མ་ཉམས་པ་ཡོད་པར་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོར་ཨ་རིར་སླེབས་ནས་ཕྲུ་གུ་མང་པོ་བཟོས་འདུག ཕྲུ་གུ་འདི་དག་བོད་མི་འཁྲུལ་མེད་ཅིག་ཡོང་ཆེད་བོད་ཡིག་སློབ་པ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་ཀྱིན་ཡོད་པ་ཧ་ཅང་ཡག་པོ་རེད་ཐུགས་རྗེ་ཆེ།
ལས་བསྡོམས་ནང་ཕྲུ་གུ་ཚོར་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མཚོན་པའི་ཞལ་འདོན་བསླབ་པའི་སྐོར་བྲིས་འདུག བོད་ཀྱི་ནང་ཆོས་བསླབ་ཅེས་པ་ནི་སྐྱབས་འགྲོ་སེམས་བསྐྱེད་ཤོ་ལོ་ཀ་གཅིག་བཏོན་ཏེ་བསྡད་པས་འགྲིག་གི་མེད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ་ཞེས་ངང་རྒྱུད་རིང་པོ་བྱས་ཏེ་ནེ་ཙོ་ལ་བསླབ་ན་ཕལ་ཆེར་ཤེས་ཀྱི་རེད། ནང་ཆོས་ནི་ཚིག་སྐམ་པོ་ཞིག་བཏོན་ནས་སྡོད་རྒྱུ་མ་ཡིན་པར་སངས་རྒྱས་དང་ཆོས། དགེ་འདུན་བཅས་ཀྱིས་རྒྱུ་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་དང་། ངོ་བོ་ཇི་འདྲ་ཡིན་པ། བྱེད་ལས་སམ་འབྲས་བུ་ཇི་འདྲ་ཡིན་པ་སོགས་འགྲེལ་བཤད་རྒྱག་དགོས།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།
བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ཅེས་པའི་ཤོ་ལོ་ཀ་གཅིག་པུ་འདི་ལ་ཞིབ་ཕྲའི་འགྲེལ་བཤད་བྱས་པ་ཡིན་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་གིས་འགྲེལ་བཤད་རྒྱག་གི་ཡོད་པས་སློབ་སྦྱོང་རྒྱ་ཆེ་གཏིབ་ཟབ་བྱེད་དགོས། བོད་ཀྱི་སློབ་གཉེར་ཚད་ལོངས་པ་ཞིག་ཡོང་བ་ལ་ལོ་ངོ་ཉི་ཤུ་ལྷག་ལ་སློབ་སྦྱོང་བྱེད་དགོས་པ་ལས་ལོ་ཁ་ཤས་ཀྱིས་ཧ་ཅང་ཁག་པོ་རེད།
ངོས་ཀྱིས་རྒྱུན་དུ་ང་ཚོ་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས། དེ་སྔའི་ལམ་དང་ལུགས་སྲོལ་གྱི་ཕྱག་མཆོད་འབུལ་དང་། གཟུངས་སྔགས་བགྲངས་པ་སོགས་ནི་ཡག་པོ་ཡིན་ཡང་། དེ་ཚོ་ཡན་ལག་ཡིན་པས་རྩ་བའི་ཟབ་པ་དང་རྒྱ་ཆེ་བའི་འགྲོ་སྟངས་དེ་དག་ཤེས་པ་བྱས་ཏེ་སེམས་ལ་འགྱུར་བ་གཏོང་ཐབས་བྱེད་དགོས་པ་ལས། དཀོན་མཆོག་གསུམ་གྱིས་མཁྱེན་ཟེར་ནས་བསྡད་ན་ཕལ་ཆེར་རྨོངས་དད་ཆགས་ཀྱི་ཡོད། དེའི་འགྲོ་སྟངས་ཤེས་པ་ལ་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་ཤེས་དགོས། ཞེས་དང་།
གཞན་ཡང་། གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་ནི་ང་ཚོའི་དོན་གྱི་བདག་པོ་རེད། ཁོང་ཚོར་དུས་ད་ལྟ་བར་དུ་དཀའ་ངལ་སྣ་ཚོགས་འཕྲད་ཡོད། རྒྱ་ནག་གཞུང་གིས་སྲིད་བྱུས་འཇམ་རྩུབ་ཐབས་ཤེས་སྣ་ཚོགས་བྱས་ཏེ་ལོ་དྲུག་ཅུ་བརྒལ་བ་འགྲོ་བཞིན་ཡོད། ཡིན་ནའང་། བོད་མིའི་སེམས་ཤུགས་ལ་འགྱུར་བ་གཏོང་ཐུབ་ཡོད་པ་མ་རེད། རྒྱ་མི་རིགས་སོ་སོའི་རིག་གཞུང་ལ་ཞེན་ཁོག་ཡོད་པ་ལྟར། བོད་ནང་བོད་མི་ཚོ་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་གྱིས་ཧ་ཅང་བརྟན་པོ་འདུག དེར་བརྟེན་ང་ཚོ་བཙན་བྱོལ་བ་ཉུང་ཤས་ཡིན་ཡང་། རང་དབང་གི་གོ་སྐབས་ཐོབ་ཡོད་སྟོབས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་ཀྱི་ཚབ་བྱ་རྒྱུའི་འགན་འཁུར་དགོས། དེར་བརྟེན་ཚང་མས་བོད་བསྟན་སྲིད་ཀྱི་དོན་དུ་སེམས་ཁུར་ལེན་རྒྱུ་གལ་ཆེན་པོ་ཡིན། བོད་རྒྱ་ཆེའི་མི་མང་རྣམས་དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གི་ཁྱབ་ཁོངས་ཡིན་མིན་གྱི་སྐད་ཆ་མེད་པར་བོད་ཆོལ་ཁ་གསུམ་གྱི་བོད་རིགས་མཆིས་སོ་ཅོག་ཆིག་སྒྲིལ་གྱི་འདུ་ཤེས་ཤུགས་ཆེན་པོ་ཆགས་ཡོད།
བོད་ཀྱི་ཆོས་དང་རིག་གཞུང་སྐོར་ལ་རྩོམ་ཡིག་འབྲི་བ་སོགས་ཞབས་འདེབས་སྒྲུབ་མཁན་ཤུགས་ཆེ་ཤོས་མདོ་སྨད་ཁུལ་ནས་ཡོང་གི་འདུག དབུས་གཙང་ཁུལ་ནས་ཉུང་བ་དང་མདོ་སྟོད་ཁུལ་ནས་གང་འཚམས་ཡོང་གི་འདུག རྐྱེན་ངན་པ་དང་སེམས་སྐྱོ་པོ་རེད་ཀྱང་རང་ལུས་མེར་བསྲེགས་གཏོང་མཁན་ཡང་མཚོ་སྔོན་དང་ཀན་སུ། ཟི་ཁྲོན་བཅས་དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གི་ཐད་ཀའི་ཁྱབ་ཁོངས་ལ་མེད་པ་དེ་དག་ནས་མང་བ་ཡོང་གི་འདུག གཞིས་ལུས་རྒྱ་ཆེའི་མི་མང་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ནས་བོད་ཁ་བ་གངས་ཅན་པ་ཞེས་པའི་མིང་ཚིག་གཅིག་གི་འོག་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་བསྡད་ཡོད། ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོའང་དེ་བཞིན་བྱས་ཏེ་ཆོལ་གསུམ་ཆིག་སྒྲིལ་གྱི་ཐོག་ནས་གོང་བུའི་ནུས་ཤུགས་འདོན་རྒྱུ་ཤིན་ཏུ་གལ་ཆེ།
སྐབས་བབ་གོང་བུ་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུར་ཆབ་སྲིད་ཐད་ལས་འགུལ་ངར་པོ་བྱས་པ་དེས་ནུས་པ་དེ་ཙམ་ཐོན་མི་ཐུབ། དེ་སྔ་མང་པོ་བྱུང་བ་རེད། གལ་ཆེ་ཤོས་ང་ཚོའི་ཆོས་དང་རིག་གཞུང་ལ་བདག་པོ་རྒྱག་དགོས། བོད་རིགས་མཆིས་སོ་ཅོག་དང་། བལ་ཡུལ་ཁུལ་ནས་ཡོང་བའི་ཤར་པ་དང་རྟ་མང་སོགས་ཆོས་དང་རིག་གཞུང་གཅིག་པ་རེད། དེ་བཞིན་རྒྱ་གར་གྱི་ནུབ་ལ་དྭགས་ནས་ཤར་མོན་བར་ཆོས་དང་རིག་གཞུང་བོད་དང་གཅིག་ཡིན་པས་ས་ཁུལ་དེ་དག་ནས་མི་གྲངས་སྟོང་ཕྲག་ལྔ་ཙམ་རང་རེའི་གྲྭ་ས་ཆེ་ཁག་ཏུ་ཕེབས་ནས་ཟ་མཉམ་འཐུང་མཉམ་བྱས་ཏེ་སློབ་གཉེར་བྱེད་བཞིན་ཡོད། བཅོམ་ལྡན་འདས་ཀྱིས་རིགས་རུས་ཀྱི་དབྱེ་བ་མེད་གསུངས་པ་བཞིན་རྒྱ་གར་ནང་གི་རིས་མེད་ཆོས་སྒར་བོན་དང་བཅས་པ་ཚང་མར་མི་རིགས་ཀྱི་དབྱེ་བ་མེད་པར་མཐུན་པོ་དང་འཆམ་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན། རྭ་སྟོད་གྲྭ་ཚང་གི་མཁན་པོ་ད་ལྟ་ཨ་མི་རི་ཀའི་མི་རེད། ཁོང་གྲྭ་ས་ལ་དཔེ་ཆ་བལྟས་ཏེ་ད་ལྟ་མགོ་སེའི་གྲྭ་པ་ཞིག་གིས་བོད་ཀྱི་དགོན་པ་གལ་ཆེན་ཞིག་གི་མཁན་པོ་ཆགས་པ་དང་པོ་རེད། ང་ཚོར་མི་རིགས་ཀྱི་དབྱེ་བ་གང་ཡང་མེད།
ཐ་མལ་བའི་མི་ཞིག་ཡིན་ཕྱིན་ཆགས་སྡང་གི་བློ་ཕྲན་བུ་ཕྲན་བུ་ཡོང་གི་རེད། དེ་ཆེ་སའི་ཐོག་འཁྱེར་རྒྱུ་མེད། ཆུང་ས་ལ་ང་ཚོ་དང་ཁོ་ཚོ་ཞེས་ཕྱོགས་རིས་ཕྲན་བུ་ཡོང་གི་ཡོད་ཀྱང་། ཆེ་སའི་ཐོག་ནས་བོད་ཆོལ་ཁ་གསུམ་གོང་བུ་གཅིག་གྱུར་གྱི་ནུས་པ་སྟོན་དགོས་པ་རེད། ང་ཚོ་བཙན་བྱོལ་བ་བྱས་ཏེ་ལོ་ལྔ་བཅུ་ང་ལྔ་སོང་བའི་རིང་སེམས་ཤུགས་མ་ཆག་པའི་འབྲས་བུར་དེང་སང་རྒྱ་རིགས་ནང་ལིའུ་ཤོ་པོ་སོགས་ཤེས་ཡོན་ཅན་བོད་པར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་ཤས་སྔོན་ནས་ཨ་རི་དང་ཁེ་ན་ཊ། ཡོ་རུབ་ཁུལ་སོགས་ལ་ཡོད་པའི་བོད་རིགས་ཚོར་ངེས་པར་དུ་རྒྱ་རིགས་རྣམས་དང་ཐུག་ནས་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་པོ་འདུག་ཅེས་བརྗོད་པ་ཡིན། དེ་ནས་རྒྱ་བོད་མཛའ་མཐུན་ཚོགས་པ་བཙུགས་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད། དེང་སང་རྒྱ་རིགས་ནང་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་རེད། རྒྱ་རིགས་ཁྲོད་ནང་ཆོས་བྱེད་མཁན་དུང་ཕྱུར་བཞི་ཙམ་འདུག དེའི་ནང་ནས་མང་པོ་ཞིག་གིས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་ཀྱི་འདུག
དེ་མིན་རིག་གཞུང་དང་ཁོར་ཡུག་ལ་དོ་སྣང་བྱེད་མཁན་རྒྱ་རིགས་མང་པོ་ཞིག་གིས་དམིགས་བསལ་བོད་ཀྱི་ཐོག་ལ་དོ་སྣང་བྱེད་ཀྱི་འདུག ང་ཚོས་དབུ་མའི་ལམ་ཞེས་རང་རྒྱལ་གཞན་ཕམ་དང་། གཅིག་རྒྱལ་གཅིག་ཕམ་མ་ཡིན་པར་གཉིས་ཕན་ཡོང་བའི་འབད་བརྩོན་བྱས་ཡོད། དེའི་གྲུབ་འབྲས་ལ་རྒྱ་ནག་གི་ཤེས་ཡོན་ཅན་དང་མི་མང་ཁྲོད་ནས་ང་ཚོར་སྙིང་ཉེ་བོ་བྱས་ཏེ་འབྲེལ་བ་བྱེད་མཁན་ཡར་རྒྱས་སོང་ཡོད། དེ་དང་ཆབས་ཅིག་རྒྱ་ནག་མཐོ་རིམ་འགོ་ཁྲིད་ཚོའི་ཁྲོད་དུའང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་དང་། ནང་ཆོས་ལ་དོ་སྣང་མེད་པ་ཡིན་ནའང་སྤྱི་ཡོངས་ཀྱི་བསམ་བློ་གཏོང་དུས་བོད་ཀྱི་གནས་ཚུལ་ཐད་ལོ་མང་ཕྱིན་ཡང་སེམས་ཀྱི་གཏིང་ནས་མཐུན་འབྲེལ་ཟེར་བ་དེ་ཡོང་གི་མེད་པ་ལ་ངོས་ལེན་མ་བྱས་རང་བྱས་ཆགས་ཡོང་དུས་དོ་སྣང་གསར་བ་ཞིག་སླེབས་ཀྱི་འདུག
དེར་བརྟེན་ང་ཚོས་ལོ་ང་བཅུ་ང་ལྔའི་རིང་ལ་སེམས་ཤུགས་མ་ཆག་པར་ཚང་མས་ཧུར་ཐག་བྱས་པ་རེད། ང་ཚོའི་ཐབས་ལམ་དེའང་དངོས་ཡོད་གནས་ཚུལ་ལ་རན་པ་ཞིག་གི་སྒང་ལ་ཕྱིན་པ་དེའི་འབྲས་བུ་ད་ལྟའང་གང་ལ་གང་འཚམས་ཐོན་ཡོད་ལ། ད་དུང་ཡང་འབྲས་བུ་ཐོན་གྱི་རེད་སྙམ་གྱི་འདུག ངོས་ནས་རྟག་ཏུ་བརྗོད་པར་ང་ཚོ་རྒྱ་བོད་གཉིས་ཀྱི་འཐབ་རྩོད་དེ་ཕྱོགས་གཅིག་ནས་དྲག་པོའི་སྟོབས་ཤུགས་དང་བདེན་པའི་སྟོབས་ཤུགས་བར་གྱི་འཐབ་རྩོད་རེད། ང་ཚོའི་སྟོབས་ཤུགས་ཡོང་ས་ནི་བདེན་པ་དང་། འཚེ་བ་མེད་པ། ཀུན་ལ་ཕན་པའི་སྟོབས་ཤུགས་དང། གུང་ཁྲན་ཏང་གི་སྟོབས་ཤུགས་ཡོང་ས་མེ་མདའ་རེད། འཕྲལ་སེལ་མེ་མདའི་སྟོབས་ཤུགས་དེ་ཆེ་བ་ཡོད་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་ཆེ་བ་ཡིན།
འཛམ་གླིང་གང་ལ་བལྟས་ནའང་བདེན་པའི་སྟོབས་ཤུགས་དེ་རིམ་པས་མེད་པར་མི་འགྲོ་བ་དང་། དྲག་པོའི་སྟོབས་ཤུགས་ནི་འཕྲལ་སེལ་ས་ཆོད་ཆེ་བ་ལྟ་བུ་ཡོད་ཀྱང་ཕུགས་རྒྱང་བརྟན་པོ་མེད། ཆབ་སྲིད་ཀྱི་འགྱུར་བའི་ཐོག་ནས་བཤད་ནའང་བཟང་ཕྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། ཅེས་དང་།
ཡང་། ངོས་རང་ཆུང་ཆུང་སྐབས་ལྷ་སར་ཡོད་དུས་ནས་དབང་ཆ་མི་རེ་ཟུང་གི་ལག་ཏུ་ཡོད་པས་དྲུང་ཡིག་ཆེན་མོ་ཚོར་འབྱར་འབྱར་འདྲ་བོ་བྱེད་དགོས་ཀྱི་ཡོད། ཁྲིམས་ཀྱི་འགྲོ་སྟངས་ཤིག་ཡོད་པ་མ་རེད། དབང་འཛིན་མཁན་ཚོར་འབྲེལ་བ་ཡག་པོ་ཡོད་མིན་གྱི་ཐོག་གནས་དབང་ཆའི་སྟེང་མང་པོ་ཡོང་གི་ཡོད། དེ་ལ་འགྱུར་བ་གཏོང་དགོས་བསམ་པ་ཞིག་དེ་དུས་ནས་ཡོད། ཕྱི་ལོ་༡༩༥༠ ལོར་ངོས་ཀྱིས་རྒྱལ་སྲིད་ཆོས་སྲིད་ཀྱི་འགན་འཁུར་བ་དེ་དུས་ང་ལོ་བཅུ་དྲུག་རེད། དེའི་རྗེས་ལ་གྲོ་མོར་ཉེན་གཡོལ་དུ་འགྲོ་དགོས་པ་བྱུང་། ཕྱི་ལོ་༡༩༥༤ ལོར་ལེགས་བཅོས་ལས་ཁུངས་བཙུགས་ཏེ་འགྱུར་བ་གཏོང་བའི་མགོ་བཙུགས་ཀྱང་ནུས་པ་ཐོན་པ་ཞིག་བྱུང་མ་སོང་། དེ་དུས་བོད་པ་རང་ཉིད་ཀྱིས་འགྱུར་བ་བཏང་ན་བོད་པར་རན་པ་ཞིག་ཡོང་གི་ཡོད་པས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ངོས་ལེན་བྱེད་ཀྱི་མི་འདུག དེར་བརྟེན་གུང་ཁྲན་ཏང་གིས་རྒྱ་ནག་ནང་ལྟར་གྲལ་རིམ་འཐབ་རྩོད་ཡོད་པའི་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད་པ་རེད། བོད་པ་རང་གིས་རྒྱུས་ཡོད་ཀྱིས་འགྱུར་བ་བཏང་ཚེ་གུང་ཁྲན་ཏང་གི་འགྱུར་བ་གཏོང་བ་ལ་འགོག་རྐྱེན་བྱས་མི་ཡོང་ངམ་བསམ་ནས་མ་བདེ་བ་ཞིག་ཡོང་གི་ཡོད། ཅེས་དང་།
དེ་ནས་དོལ་རྒྱལ་སྐོར་ལ་བཀའ་གནང་དོན། ཁོ་ཚོ་ཁ་ཤས་ཀྱིས་ཆོས་དད་རང་མོས་ཞེས་བཤད་ཀྱི་འདུག དེ་ནི་བསམ་བློ་ཡག་པོ་ཞིག་ཐོངས་དང་། ངོས་ཀྱིས་དོལ་རྒྱལ་མཚམས་འཇོག་མ་བྱས་པར་དུ་ང་རང་ལ་ཆོས་དད་རང་མོས་ཡོད་པ་མ་རེད། ཁུ་ནུ་བླ་མ་རིན་པོ་ཆེའི་དྲུང་ནས་བྱང་ཆུབ་སེམས་འགྲེལ་ཞུས། དེ་ནས་སྤྱོད་འཇུག་གི་ལྗགས་ལུང་ཞུས་པ་ཡིན། མཚམས་ཤིག་ནས་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་རྒྱུད་གསང་བ་རྙིང་པོའི་ལྗགས་ལུང་ཞིག་ཞུ་ཐུབ་ན་བསམ་ནས་གླིང་རིན་པོ་ཆེ་ལ་དགོངས་སྐོར་ཞུས་པ་ཡིན། སྐབས་དེར་ཁོང་གིས་ཞལ་འཛུམ་ནས་དེ་མ་ཞུ་དོལ་རྒྱལ་གྱིས་གནོད་ཡོང་། ཡག་པོ་ཡོད་པ་མ་རེད་གསུངས་བྱུང་། དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་རྗེས་ཁུ་ནུ་བླ་མ་རིན་པོ་ཆེ་དང་། དིལ་མགོན་མཁྱེན་བརྩེ་བཅས་ཀྱི་སྐུ་མདུན་ནས་ཕུར་བའི་དབང་གིས་མཚོན་པའི་རྫོགས་ཆེན་གྱི་གཞུང་མང་པོ་ཞུས་པ་ཡིན།
དེར་བརྟེན་ངོས་ཀྱིས་དོལ་རྒྱལ་མཚམས་འཇོག་མ་བྱས་པར་དུ་ཆོས་དད་རང་མོས་བྱུང་ཡོད་པ་མ་རེད། ཆོས་དད་རང་མོས་ཀྱི་སྐད་ཆ་བཤད་དགོས་བྱུང་ན་དེ་ལྟར་རེད། ལར་ནས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་ངོས་ལ་གསུངས་མྱོང་། དོལ་རྒྱལ་དྲེགས་པ་རེད། སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེའི་ལྗགས་བཀོད་གནང་བའི་བླ་མ་མཆོད་པའི་ཚོགས་ཞིང་ནང་དོལ་རྒྱལ་ཡོད་པ་མ་རེད། ཅེས་དང་།
ངོས་ཀྱིས་ཐོག་མ་ཉིད་ནས་དོལ་རྒྱལ་ཡོང་སྟངས་འདི་འདྲ་རེད། ཡིན་ནའང་། དོལ་རྒྱལ་བསྟེན་དང་མི་བསྟེན་ཟེར་བ་དེ་སོ་སོ་རང་ཉིད་ཀྱིས་བསམ་བློ་བཏང་ནས་ཐག་གཅོད་རྒྱུ་མ་གཏོགས་ངས་བཀའ་ཕབ་རྒྱུ་ཡོད་པ་མ་རེད།
ངོས་སྒེར་གྱིས་དངོས་སུ་ཉམས་མྱོང་གི་ཐོག་ནས་གནས་ཚུལ་གང་ཡིན་པ་དེ་བཤད་དགོས་རྒྱུ་ངའི་ལས་འགན་རེད། བཤད་པ་དེ་ཉན་དང་མ་ཉན་སོ་སོའི་བསམ་བློ་གཏོང་རྒྱུ་ལས་ངས་བཤད་པ་དེ་ལ་ཉན་དགོས་ཡོད་ཅེས་ནམ་ཡང་བཤད་མེད། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་བསམ་བློ་རེད།། ཅེས་དེ་སྔ་གཙུག་ལག་ཁང་དུ་འཚོགས་དུས་ཤིག་ལ་བཤད་ཡོད། དེ་ཁོ་ཚོས་ཤེས་ཀྱི་མི་འདུག སོ་སོས་བསྟེན་གྱི་ཡིན་ན་བསྟེན། འདི་མགོ་ཚོས་པ་བྱོས། ཅེས་སོགས་བཀའ་སློབ་གསུང་བཤད་གྲུབ་པ་དང་ཐུབ་པའི་མཚན་སྔགས་སོགས་གཟུངས་སྔགས་ཁག་ཅིག་གི་བཟླས་ལུང་སྩལ་བ་དང་། དེ་རྗེས་ནེའུ་ཡོག་དང་ནེའུ་འཇར་སེའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྩིས་པ་ནོར་བུ་ཚེ་རིང་གིས་ཚོགས་ཁང་གྲ་སྒྲིག་སྐོར་གྱི་རྩིས་ཁྲ་སྙན་སྒྲོན་ཞུས་ཏེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་རེད།
དོལ་རྒྱལ་བ་ཚོས་ཏཱ་ལའི་བླ་མ་མཆོག་ལ་ངོ་རྒོལ་བྱས་པ་མཐོང་སྐབས། ང་ཁྱི་ནག་ཡང་སེམས་ལ་ན་ཟུག་བཏང་བྱུང་། དོལ་ཚོགས་ལ་ཁ་གཏད་ཇི་ལྟར་བཅོག་དགོས་མེད་ལ་ལྷོད་ལྷོད་བྱས་བསམ་བློ་ཡག་པོ་ཞིག་གཏོང་དགོས་འདུག འཆར་གཞི་ཡག་པོ་ཞིག་དགོས་འདུག