༼བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༨ བཞེས་པའི་སྐུའི་འཁྲུངས་སྐར་ལ་དྲ་གྲོགས་སྐོར་ཞིག་གིས་དགའ་བསུ་ཞུ་བའི་སྙན་རྩོམ་འགའ་ཞིག༽
མཁོ་གཏོང་བ། འཇིགས་བྲལ་བསྟན་འཛིན།
བགྲེས་པའི་ལོ་ལ་གཞོན་ཤའི་མེ་ཏོག་བཞད།།
ཞི་བདེའི་འོད་སྣང་གོ་ལའི་མཁའ་ནས་སྤྲོས།།
ས་སྟེང་འདི་ན་འཚོ་བའི་སྟོན་པ་ཞིག།
ད་ལྟ་རྒྱ་གར་ཡུལ་ན་མཆིས་སོ་སྐད།།
སྲིད་ཀྱི་ལྷ་མོ་བསྐྱུར་བས་མི་ངོམས་ཤིང་།།
འཚོ་བ་ཕྱི་ཐག་སྲིང་བས་མི་འཚེང་ངོ་།།
མ་འོངས་བོད་ཀྱི་ལང་ཚོ་མ་སྨིན་བར།།
ལོ་ངོ་སུམ་བརྒྱར་བཞུགས་རྒྱུའི་ཐུགས་ཐག་ཆོད།།
ཏིང་འཛིན་ཟབ་མོའི་དམིགས་པ་མ་འཆོར་དང་།།
དམ་ཚིག་རྡོག་རྩ་གོང་བུ་མི་འཐོར་རོ།།
ཉི་མ་ལྷ་སའི་ཕོ་བྲང་དམར་པོའི་མདུན།།
གཞིས་བྱེས་འཛོམས་པའི་ཁ་ཆད་ཁྱེད་ཀྱིས་གནོངས།།
སྙིང་མིག་ནས།
མཚན་དཔེའི་ཉི་གཞོན་ཁ་བའི་རི་ནས་བཞད།།
དོན་ལྡན་གསུང་དབྱངས་སྐྱེ་འགྲོའི་རྣ་བར་འཇེབས།།
གྲགས་པའི་དབྱར་རྔ་ཤར་ནུབ་ཀུན་ལ་ཁྱབ།།
མཚན་མཆོག་དོན་ལྡན་བསྟན་འཛིན་རྒྱ་མཚོ་རྨད།།
འགར་ཁྲི་བཙན་གྱིས།
གངས་རིའི་སྐྱོ་བ་སྙིང་ནས་མྱོང་བ་ཡིས།།
མི་བཟོད་ཤ་ཚ་ཆེན་པོའི་འདེད་ཤུགས་ཀྱིས།།
སྒང་པ་འབངས་ཀྱི་མགོ་བོར་འཕོས་པ་ཡི།།
སྐལ་བཟང་ཉིན་འདིར་སྤོབས་དང་སྤྲོ་བས་བསུ།།
ཁྱེད་ཉིད་སྒང་ངོགས་འགྲེང་པ་ཁོ་ནས་དེ་རིང་ང་ཚོ་འཚོ་བ་རེད།།
ཁྱེད་ཉིད་སྲོག་ཏུ་ཞུགས་པ་ཁོ་ནས་དེ་རིང་ང་ཚོ་འགུལ་བ་རེད།།
ཁྱེད་ཀྱིས་རོལ་དབྱངས་དཀྲོལ་པ་ཁོ་ནས་དེ་རིང་ང་ཚོ་སད་པ་རེད།།
མངའ་བདག་ཁྱེད་ནི་ང་ཚོ་བྱེད་པའི་བཀོད་པ་པོ་ཡི་ལྷ་དེ་འོ།།
གདུང་བའི་ངུ་འབོད་རྒྱུན་ཆད་མེད་པའི་གངས་རིའི་སྐྱོ་ཉམས་འཐུང་བྱས་ཏེ།།
ཕྱི་ནང་གྲང་ངར་འུར་འུར་ལྡང་བའི་གངས་རིའི་ཚུགས་ཀ་ཁོག་བཅུག་ནས།།
སྡེ་ཆེན་སྒང་པའི་མགོན་དང་དཔུང་དུ་ཞབས་ཟུང་མི་ཤིགས་བརྟན་པར་མཛོད།།
གངས་རིའི་ལྷུན་པོའི་གཙུག་གི་རྒྱན་དུ་འོད་ཀྱི་སྤྲོས་པ་ཇེ་བརྟས་མཛོད།།
འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས།
ལྷ་མོ་དོན་གྲུབ་ལྷ་ཞིག་ཡིན་པའི་རེ་བ་མེད་ལ་ལྷ་ཡི་འདུ་ཤེས་བདག་ལ་མེད།།
ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པའི་ཡིད་ཆེས་ངེས་ཤེས་དེ་བས་ཅི།།
འོན་ཏང་དཔྱོད་ཤེས་རྦ་རླབས་མཐོ་ཞིང་འཛམ་གླིང་མི་སྣའི་ཕུལ་བྱུང་བ།།
གདོང་དམར་ཚང་ལ་དུང་བ་དཀར་བའི་སྤྲེལ་ཕྲུག་ཁྱེད་ཀྱི་འཁྲུངས་སྐར་བསུ།།
ཀ་དག་གིས།
ཁྱོད་ནི་འདྲེན་པའི་བླ་མ་གཅིག་སྟེ་འགྲོ་རྣམས་བརྩེ་བའི་ཐུགས་ཀྱིས་བསྐྱངས།།
ཞི་བདེ་བསུ་བའི་ཕོ་ཉ་གཅིག་སྟེ་གོ་ལའི་གོང་བུ་གཅིག་ཏུ་བསྒྲིལ།།
འཚེ་མེད་ཞི་བའི་རྒྱལ་པོ་གཅིག་སྟེ་གནོད་སེམས་འཆང་རྣམས་འཛུམ་གྱིས་བསུ།།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་བསྐལ་པའི་བར་དུ་རྟག་བརྟན་ཤོག །
ཆབ་བསྟན་ཉི་མས།
ལུགས་གཉིས་མཁྱེན་རབ་ཉི་ཟླའི་འོད་ལ་འགྲན།།
ཁ་བའི་ལྗོངས་ཀྱི་སྐྱིད་སྡུག་ཕྲག་ལ་བཞེས།།
ཞི་བདེའི་འོད་སྣང་འཛམ་གླིང་ཡོངས་ལ་བཀྲམ།།
༧གོང་ས་མཆོག་གི་འཁྲུངས་སྐར་ཤིས་པས་བསུ།།
ཤར་དུག་སྡོང་ནས།
འདབ་དྲུག་ཁ་བ་འཕུར་བའི་ཞིང་ས་རུ།།
མཐོ་སྒང་རི་གྲོང་དྲོད་མོའི་མལ་ས་ནས།།
མ་རྣམས་འགྲོ་བའི་ལས་སུ་ཤར་བ་ཡི།།
དེང་གི་མགོན་པོ་གང་ལ་གསོལ་བ་འདེབས།།
སྐྱེས་ཡུལ་སྟག་འཚེར་སྡེ་བའི་བྱིས་པ་ཞིག །
ཕ་ས་གཞན་གྱིས་འཕྲོག་པའི་མགྲོན་པོ་ཞིག །
དེང་གི་དེད་དཔོན་མཆོག་ཏུ་གྱུར་པ་གང་།།
རིགས་བཟང་རྒྱལ་སྲས་དེ་ལ་གསོལ་བ་འདེབས།།
ཤར་ནུབ་རྒྱལ་ཁབ་མང་པོའི་མཐའ་མཚམས་ན།།
གྲངས་མེད་མི་རིགས་དུ་མའི་མདུན་ས་ནས།།
ཐམས་ཅད་དྲང་པོར་སྨྲ་བའི་རྒན་རབས་པ།།
ཚད་ལྡན་དགེ་སློང་དེ་ལ་གསོལ་བ་འདེབས།།
དུས་ཀྱི་ཡོ་ལངས་རྒོད་པའི་ནུབ་གླིང་ན།།
མཁས་པའི་ཁྲི་ལ་འགྱིང་བའི་གདན་གྲལ་ནས།།
རྟེན་འབྱུང་བུ་མོར་དགའ་བའི་རྟོགས་གེ་བ།།
ཚད་མའི་སྐྱེས་བུ་དེ་ལ་གསོལ་བ་འདེབས།།
བྲག་མགོ་བློ་བཟང་མཁྱེན་བརྩེས་ཕུལ།
བསམ་འཕེལ་ནོར་བུ་མཐོང་བ་དོན་ལྡན་འདིའི།།
མཚོན་དཔེའི་མེ་ཏོག་འཁྲུངས་པའི་ཉིན་མོ་ནས།།
ས་ཡ་དྲུག་དང་འཛམ་གླིང་མི་རིགས་ཀུན།།
ཞི་བདེའི་འོད་སྣང་འདྲེན་པའི་དབུ་ཁྱུད་བྲིས།།
སྙན་ངག་པ་བེ་རི་འཇིགས་མེད་ཀྱིས། ༢༠༡༣/༧/༥
འཛམ་གླིང་གསེར་གྱི་ཉི་མ།
___འཁྲུངས་སྐར་བསུ་བ།
ཁྱེད་ཀྱི་བྱམས་བརྩེ་འཇིག་རྟེན་ཤོར་ཏེ་གོ་ལའི་ཁོག་པར་འོད་ཀྱིས་ཕྱེས།།
ཞབས་ཟུང་འཐེན་པའི་རྒྱལ་ཁམས་མིག་ན་གསེར་གྱི་སྐད་ཆ་རིན་དུ་མཐོ།།
ཉི་འོད་བརྡལ་བའི་གླེགས་བམ་ཁྲོད་དུ་ཁྱེད་ཀྱི་མཚན་སྙན་གཏེར་དུ་གྲུབ།།
དར་རྒུད་རིང་མོའི་ལོ་རྒྱུས་མཐིལ་ནས་དགེ་སློང་ཞིག་གི་རིན་ཐང་བཞེངས།།
ཆོས་ལུགས་ཀུན་གྱི་སྙིང་པོ་དྲིལ་ཏེ་མཐུན་པ་སྤུན་བཞིའི་སེམས་ཁམས་སྦྱོར།།
ཆོས་ཚན་ལྷན་སྡེབ་རྟེན་འབྱུང་རི་མོ་གནམ་གྱི་རུམ་ཁོང་ལྷམ་མེར་སྒྲོན།།
སྒང་པས་བྲིས་པའི་ལོ་རྒྱུས་རྙོག་པོ་གསེད་བཀྲོལ་གཏམ་གྱིས་རྒྱལ་ཁམས་བསྒྲགས།།
མི་རིགས་སེམས་པ་ཕྱག་གིས་སྐྱོར་ཏེ་འོ་བརྒྱལ་སྟོང་གིས་སྙེར་མ་ཕབ།།
ལྕོག་རི་ཕུར་བུ་ནས།
མཚན་དཔེའི་མེ་ཏོག་བོད་དུ་བཞད་ཀྱང་མཛད་འཕྲིན་ཉི་མས་འཛམ་གླིང་ཁྱབ།།
བྱམས་བརྩེ་ཟླ་བས་འཛམ་གླིང་བསིལ་ཡང་བདུད་ཀྱི་སྡེ་རྣམས་ལྷག་པར་སྲེག།
བསྟན་འགྲོའི་དོན་དུ་དགུང་ན་མཐོ་ཡང་འཛམ་གླིང་བསྐོར་ལ་མི་ངལ་བའི།།
འཛམ་གླིང་ཞི་བདེའི་དེད་དཔོན་ཁྱེད་ཀྱི་འཁྲུངས་སྐར་ཉིན་དེར་དགའ་སྟོན་བྱ།།
དཔའ་རྟུལ་ནས།
ཏཱ་ལའི་བླ་མ་བོད་ལ་བཀའ་དྲིན་ཆེ།།
པདྨ་ནང་བཞིན་སྐུ་ལ་འཛུམས་མདངས་གསལ།།
ད་ལྟ་རྒྱ་གར་འཕགས་པའི་ཡུལ་དུ་བཞུགས།།
༧རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་འདེབས།།
རྫ་ཚེ་རིང་བཀྲ་ཤིས་ཀྱིས།
སྐུ་ཡི་བཀོད་པ་གངས་རིའི་ལྗོངས་སུ་བཞད།།
གསུང་གི་སྒྲ་དབྱངས་སྐྱེ་རྒུའི་རྣ་བར་སྙན།།
ཐུགས་ཀྱི་བྱམས་བརྩེའི་འགྲོ་དྲུག་འདྲེན་པའི་དཔལ།།
ཁམས་གསུམ་འགྲོ་བའི་ཞི་བདེའི་དེད་དཔོན་འདུད།།
ངག་དབང་སྟོབས་ལྡན་གྱིས།
རྒྱལ་ཚབ་ཆེན་མོ་རྭ་སྒྲེང་གང་དེ་ཡིས།།
ངོས་འཛིན་བདག་སྤྲོད་གནང་བ་ཙོང་ཁའི་བུ།།
ལྷ་མོ་དོན་གྲུབ་གངས་རིའི་ཕོ་ཉ་ཁྱོད།།
འཛམ་གླིང་ཞི་བདེའི་ཕུག་རོན་དཀར་པོ་ཡིན།།
དུས་འགྱུར་ཁྲོད་དུ་རི་བོ་འཕྲེད་ཀྱིས་བཅད།།
ལོ་རྒྱུས་བདེན་པ་འཛམ་གླིང་ཁྱོན་ལ་བསྒྲགས།།
བོད་མིའི་འཐབ་རྩོད་ཞི་བའི་ལམ་དུ་ཁྲིད།།
ཁྱོད་ནི་བོད་མིའི་ཕྱོགས་སྟོན་ཆེན་པོ་ཡིན།།
བོད་ཀྱི་རྩ་དོན་བོད་མིས་རྩོད་དགོས་ཞེས།།
མང་པོས་བཀུར་བའི་ལུགས་བཟང་ལ་བརྟེན་ནས།།
ཆོས་སྲིད་འདྲེས་མའི་དབང་བསྒྱུར་རྩད་ནས་བཅད།།
ཁྱོད་ནི་བོད་ཀྱི་མང་གཙོའི་ཡབ་ཆེན་ཡིན།།
དབུས་འགྱུར་ལྷ་སའི་གཞུང་གི་ཁྲིམས་མཐུན་རྒྱུན།།
བཙན་བྱོལ་ལུང་པར་མང་གཙོའི་ལམ་ནས་བསྐྱངས།།
དགའ་སྤྲོའི་ངང་ནས་སྲིད་དབང་བརྒྱུད་སྤྲོད་གནང་།།
ཁྱོད་ནི་བོད་ལ་བཀའ་དྲིན་མཚུངས་པ་མེད།།
སྐུ་ན་བགྲེས་ཀྱང་འཛམ་གླིང་ཞབས་ཀྱིས་བཅགས།།
ཁ་ཐབས་སྐྱོ་བའི་བོད་མིའི་བདེ་སྡུག་གཟིགས།།
ཕྱག་གཉིས་ཐལ་སྦྱར་ཀུན་ལ་ཞུ་འབོད་གནང་།།
བཀའ་དྲིན་ཆེའོ་གངས་རིའི་མགོན་པོ་ཁྱོད།།
སྐུ་ཚེ་བརྟན་པའི་སྨོན་ལམ་སྙིང་ནས་ཞུ།།
ཐུགས་ཀྱི་བཞེད་པ་མང་གཙོའི་ལམ་དུ་འགྲོ །
མ་འོངས་བོད་ཀྱི་རང་དབང་མང་གཙོ་ཡི།།
ལམ་སྟོན་མགོན་དུ་བཞུགས་པའི་སྨོན་ལམ་ཞུ།།
འཇིགས་བྲལ་ནས།
གསེར་མདོག་གི་འོད་སྣང་ཟླུམ་པོ།
ཚོར་བ་དང་དྲན་སྣང་ལྕི་མོ་ཞིག་གིས
དེ་རིང་ནས་ཡར་འདེད་ཀྱིས་བརྩིས་ན
མི་ལོ་ཧྲིལ་པོ་དོན་བརྒྱད་ཀྱི་གོང་གི་ཉི་མ་ཞིག་ལ
གངས་རིའི་ཁྲོད་དུ་མཚར་སྡུག་གི་འོད་ཞགས་ཤིག་འཁྱུགས
དེ་ནི་གསེར་མདོག་གི་ཉི་གཞོན་ཤར་རིའི་ཕྲག་ནས་བལྟམས་པའི་གཟི་མདངས་ཡིན
ཉི་མ་དེ་དང་དུས་ཚོད་དེར
རི་ཚོགས་ཀྱི་ཕ་ས་ན་རླབས་ཆེན་གྱི་སྐྱེས་བུ་ཞིག་འཁྲུངས
དེ་ཡིས་གདོང་དམར་བའི་ལས་དབང་གི་རྨ་ཁར་བྱམས་བརྩེ་བྱུགས་ཤིང
གངས་ཅན་པའི་མིང་གི་གསེར་ཡིག་འཛམ་གླིང་ལ་གཏོར
མི་ཡི་ཤ་ཚུགས་བཟུང་ནས་ལྷ་ཡི་འཕྲིན་ལས་དངོས་སུ་བསྐྱངས
ཉི་མ་དེ་དང་དུས་ཚོད་དེར
ཁ་བའི་འཇིག་རྟེན་དུ་ངོ་མཚར་གྱི་མེ་ཏོག་ཅིག་བཞད
དེའི་འདབ་མའི་འཁོར་ཁྱིམ་ན་འཁོར་བའི་གོ་ལ་ཟླུམ་པོ་ཞི་བདེའི་སྣང་བས་མྱོས་ཤིང
དེའི་བསུང་མངར་གྱིས་འཛམ་གླིང་ལ་ཚེེ་སྲོག་གསར་བ་བསྩལ་བས
ཉིན་མ་དེ་དང་དུས་ཚོད་དེ
འཛམ་གླིང་གིས་ནམ་ཡང་བརྗེད་མི་སྲིད་པའི་ཉི་མ་དང་དུས་ཚོད་ཅིག་ཏུ་གྱུར
རོ་ལངས་ནས།
འོད་ཀྱི་ཐིག་ལེ།
ཁ་རྩང་དུས་ཀྱི་འགྱུར་བ་དྲག་པོས་ཁྱེའུ་འདི་ལ་ཨུ་ཐུག་སྲིད་ཀྱི་ལྷག་རོ་བཀལ།།
ཁ་རྩང་ལུགས་གཉིས་མིང་གིས་བསྙད་དེ་ཆོས་པ་འདི་ལ་ལྡོག་དཀའི་ལས་འགན་གཅིག་ཏུ་གཏད།།
ཁ་རྩང་བཙན་པོའི་སྒྱོགས་ཆེན་བཀའ་ཡིས་སྐྱེས་མཆོག་འདི་ལ་བཟོད་པའི་གོ་ཆ་སྟོང་དུ་གསོལ།།
ཁ་རྩང་ལས་དབང་བཙན་པོས་དེད་ནས་བཙན་བྱོལ་རྡོག་ལམ་ཡི་མུག་མུན་པས་རླབས་ཀྱིས་གཞལ།།
དེ་རིང་འཛམ་གླིང་ཆེ་དགུ་ཅོག་གིས་སྟོན་པ་འདི་ཡི་ཞབས་ཀྱི་པད་མོར་ཡང་ཡང་བཏུད།།
དེ་རིང་གླིང་ཆེན་ཡངས་པའི་མཁའ་ལ་ཞི་བདེའི་སྤྲིན་ཕུང་རབ་ཏུ་འཁྲིགས་པའི་ཡོ་ལང་དགོད།།
དེ་རིང་འགྲོ་བའི་སྙིང་གི་དབུས་ལ་བྱམས་བརྩེའི་དུང་ཟླ་འཛུམ་གྱིས་ཤར་བའི་དུས་སྟོན་བཀྲ།།
དེ་རིང་གངས་ཅན་བོད་པའི་གདོང་ལ་སྤོབས་སེམས་གསེར་འོད་རབ་ཏུ་འཕྱུར་བའི་འོད་ལ་བསྙེགས།།
སང་ཉིན་ཉེན་ཁའི་གནས་སུ་འགྲེང་བའི་སྐྱེ་བོ་འབུམ་གྱིས་རེ་བའི་བློ་རྩེ་གང་ལ་སྤུངས།།
སང་ཉིན་བཟང་སྤྱོད་རྣམ་པར་བྲལ་བའི་ཉམ་ཐག་འབུམ་གྱིས་སྐྱབས་ཀྱི་དྭངས་མ་གང་ལ་བཅོལ།།
སང་ཉིན་མུན་པའི་རླབས་སུ་འཁྱམས་པའི་ཁ་བ་རི་བས་འོད་ཀྱི་དམུ་ཐག་གང་ལ་གཏད།།
སང་ཉིན་རྫོགས་ལྡན་བསུ་ལ་བྲེལ་བའི་དཔྱོད་ལྡན་ཁྲི་ཡིས་གོམ་འགྲོས་གང་གི་རྗེས་སུ་འདོར།།
སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས།
ཕྱག་དང་ཐལ་མོས་མཛའ་མཐུན་བདེ་སྐྱིད་གླེང་།།
ཞབས་ཟུང་འཁོར་ལོ་འཇིག་རྟེན་ཡོངས་ལ་བཀོད།།
མཚན་བསྟོད་གཟེངས་རྟགས་དུ་མས་གནམ་ལ་བཏེགས།།
ཞི་བདེའི་མགོན་པོ་བསྟན་འཛིན་རྒྱལ་མཚོར་འདུད།།
རྡོ་མེ་འབར་གྱིས་འཁྲུངས་སྐར་ལ་ཕུལ།
མཁྱེན་པ་ཟླ་མེད་སྐྱོབ་པ་ཕུལ་དུ་བྱུང་།།
བརྩེ་བ་བསླུ་མེད་འགྲོ་ལ་བྱམས་པ་དང་།།
ཡང་དག་བསྙོན་མེད་གནས་ལུགས་འབེབས་པ་པོ།།
བསྟན་པའི་གསལ་བྱེད་བསྟན་འཛིན་རྒྱ་མཚོར་འདུད།།
གླིང་གེ་སར་ནས།
སྐུ་ཡི་པདྨོ་མདོ་སྨད་ཡུལ་ནས་བཞད།།
ཤེས་རིག་ལང་ཚོ་དབུས་གཙང་ཡུལ་ནས་རྒྱས།།
གྲུབ་པའི་གོ་འཕང་འཕགས་པའི་ཞིང་ནས་བརྙེས།།
མཛད་འཕྲིན་འོད་ཟེར་འཛམ་གླིང་ཁྱོན་ལ་ཁྱབ།།
ཐུགས་བསྐྱེད་ཟབ་མོས་འཇིག་རྟེན་བརྩེ་བས་བཟུང་།།
སྨོན་ལམ་ཟབ་མོས་འབྲེལ་ཚད་དོན་ལྡན་འགྱུར།།
འཇིག་རྟེན་ཞི་བདེའི་དེད་དཔོན་གང་དེ་ཡི།།
འཁྲུངས་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ།།
ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།
བྱམས་དང་བརྩེ་བས་འགྲོ་ཀུན་བུ་བཞིན་སྐྱོང་།།
བཟོད་པའི་གོ་ཆས་དགྲ་བོ་གཉེན་དུ་བསྡུ།།
ཡང་དག་ལྟ་བས་ལོག་རྟོག་ཀུན་བཅོམ་པ།།
དེང་རབས་སྐྱེ་མཆོག་བསྟན་འཛིན་རྒྱ་མཚོ་རྒྱལ།།
འབའ་པ་ཡེ་ཤེས་ནས།
བོད་ཁ་བ་ཅན་གྱི་ཞིང་ཁམས་ནས།།
མགོན་སྤྱན་རས་གཟིགས་ཁྱེད་བྱོན་པའི་ཚེ།།
ས་ཆེན་པོར་བྱིན་རླབས་དྲོད་ཁོལ་འབར།།
མ་སེམས་ཅན་རྣམས་ལ་ཚེ་སྲོག་ཞུགས།།
མི་མཐོ་རིས་རྟེན་ལ་ཕྱུགས་བློ་ཅན།།
རང་གཅེས་འཛིན་ཁོ་ནས་གཏམས་པ་ཡང་།།
གཞན་གཅེས་པར་འཛིན་པའི་བློ་ལྡན་དུ།།
ཁྱེད་ཁོ་ནས་བསྒྱུར་འདི་ཨེ་མ་མཚར།།
སྟོང་རྟེན་འབྱུང་གཏམ་གྱི་སྒྲ་སྙན་དེ།།
གླིང་ཟླུམ་པོར་ཡང་ཡང་བསྒྲགས་པའི་མཐུས།།
ཚོང་ཁྲོམ་ར་ཡན་དང་རིག་གསར་མན།།
ཁོང་མཁས་བླུན་ཀུན་ལ་བྲག་ཅ་འཁོར།།
ཁྱེད་ལྷ་གཅིག་ཕྱག་སྤྱན་སྟོང་ཕྲག་གིས།།
མ་སེམས་ཅན་འདི་ལྟར་འདྲེན་འདྲེན་ན།།
ལྷ་ཕྱག་ཟུང་ཅན་རྣམས་མི་ཁྲོ་འམ།།
འོག་དམྱལ་བའི་ཞིང་དེ་མི་སྟོང་ངམ།།
ཁྱེད་དགུང་གྲངས་བསྐལ་པར་སོན་ཀྱང་རུང་།།
མ་སེམས་ཅན་དོན་རྣམས་མི་གཏོང་ལ།།
ངེད་གདུལ་བྱའི་ཚོགས་ཀྱང་ཁྱེད་ཉིད་ཀྱི།།
སྐུའི་འཁྲུངས་སྐར་དེ་སྙེད་བརྩི་བར་བྱ།།
སེར་ཏྲེ་མཁར་སྒང་བསོད་ནམས་དབང་ལྡན་གྱིས།
ཁམས་འདིར་འོད་སྟོང་འབར་བའི་ཞབས་རྗེས་བཞག །
འགྲོ་དྲུག་བདེ་ལ་འགོད་པའི་དཀའ་བ་སྤྱད།།
རང་ས་རྒྱ་ཡིས་བཙན་གྱིས་འཕྲོག་ནའང་།།
དགྲ་གཉེན་དབྱེ་འབྱེད་མི་གནང་གང་དེར་འདུད།།
༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཆོས་ཉིད་འོད་ཟེར་གྱིས།
མཐོང་གྲོལ་མཚན་དཔེས་རྒྱན་པའི་སྐུ།།
ཐོས་གྲོལ་ཟབ་གསལ་གཉིས་མེད་གསུང་།།
རྟོག་གྲོལ་མ་འདྲིས་མཁྱེན་པའི་ཐུགས།།
སྐུ་གསུང་མངོན་གྱུར་བླ་མ་མཆོད།།
དམར་པོ་རྒྱ་ཡིས་ཕྱི་ནས་བཙིར།།
ར་སྟག་གཉིས་ཀྱིས་ནང་ནས་མནར།།
སྐུ་ངོས་ཇུས་ངན་ལྕགས་གཟེར་བཏབ།།
ཁྱོད་ནི་གཡོ་མེད་རི་དབང་ཟླ།།
ང་དགུ་དུས་ཟིང་ཀློང་ཉིད་ན།།
ཞབས་དཀྱིལ་འཕགས་ཡུལ་བཀོད་པ་དང་།།
དམངས་གཙོ་ལམ་གྱིས་གཞུང་སྐྱོང་སྟེ།།
འབངས་ལ་རང་དབང་བདེ་སྐྱིད་བསྐྲུན།།
རྙིང་ཞེན་བག་ཆགས་མཐུག་པོའི་ཀློང་།།
བྱིང་བའི་བླ་དཔོན་འབྱུང་པོའི་ཚོགས།།
འགྲན་སེམས་ཕྲག་དོག་མཚོན་གྱིས་ཆར།།
འབེབས་ལ་ཐལ་སྦྱར་གུས་པས་བསུ།།
ས་ཕུག་བྱང་གཏད་གནས་མལ་བཅལ།།
འགྲོ་བ་བཞི་ཡི་བྲན་དུ་གྱུར།།
འབྱུང་བོ་ཁྱུ་འདིས་ཁྱེད་སྨད་པས།།
ཁྱེད་ནི་ངེས་དོན་སེམས་དཔའ་ཤེས།།
འཛམ་གླིང་ཞི་བདེའི་དེད་དཔོན་དང་།།
ཆེ་དགུ་གཟུར་གནས་མཁས་ཚོགས་ཀྱིས།།
མགོན་ཁྱེད་ཞབས་རྡུལ་སྤྱི་བོར་མཆོད།།
ཁྱོད་ནི་བདག་ཉིད་ཆེན་པོ་ཤེས།།
ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་།།
འཚེ་མེད་སྤྱོད་པ་ཞི་བདེའི་སྙིང་།།
ས་གསུམ་འགྲོ་ལ་སྩོལ་མཛད་པས།།
ཁྱེད་ནི་ཞི་བདེའི་དེད་དཔོན་ཤེས།།
དེ་རིང་དགུང་གྲངས་དོན་བརྒྱད་ཀྱི།།
བཀྲ་ཤིས་འཁྲུངས་སྐར་འདི་བསུས་ནས།།
སླར་ཡང་དགུང་ལོ་བརྒྱ་སོན་པའི།།
འཁྲུངས་སྐར་དེ་ཡང་མཉམ་བསུ་ཤོག །
ཁྱོད་སྐུ་རི་དབང་བཞིན་དུ་བརྟན།།
ཁྱོད་གསུང་གངྒའི་རྒྱུན་དང་འགྲོགས།།
ཁྱོད་ཐུགས་ལྷ་ཡི་རྫིང་དང་མཉམ།།
སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །
གངས་རིའི་ཚེ་སྲོག་གིས།
བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།
དད་པའི་མཆོད་སྤྲིན།།
བསྟན་པའི་སྲོག་ཤིང་སྐྱེ་འགྲོ་ཀུན་གྱི་མགོན།།
འཛིན་མའི་ཁྱོན་འདིར་དད་ལྡན་བརྒྱ་ཁྲག་ལ
རྒྱ་ཆེར་ཕན་བདེ་ཆོས་ཀྱི་བདུད་རྩི་སྦྱིན།།
ཆུ་གཏེར་ལྟར་ཟབ་སྐུ་ཉིད་མཛད་འཕྲིན་ལ།།
སྒོ་གསུམ་གུས་པས་སྒོ་ནས་གུས་ཕྱག་འཚལ།།
༧གོང་༜ན་མེད་པའི་གངས་ཅན་པ་ཡི་ནོར་བུ་ཁྱེད།།
ས་༜སྟེང་འདི་ན་ཆོས་ཀྱི་ཉི་འོད་བདེ་སྐྱིད་སྦྱིན།།
མཆོག་༜གྱུར་ཡོན་ཏན་དཔལ་མངར་སྐྱབས་མགོན་བླ་མ་ཁྱེད།།
སྐུ་༜ཚེ་ཡུན་དུ་བཞུགས་པའི་སྙིང་ནས་གསོལ་འདེབས་ཞུས།།
འཁྲུངས་༜ཚེས་སྐལ་བཟང་ཉིན་དེ་རང་ཅག་གངས་ཅན་པས།།
སྐར་༜རྩིས་དུས་བཟང་རྟེན་འབྲེལ་མཆོད་སྤྲིན་སྲུང་རྩིས་ཞུས།།
བཀྲ་༜བའི་མེ་ཏོག་གདུག་སྤོས་དྲི་ཆབ་ཟས་སྣ་སོགས།།
ཤིས་༜པའི་གླུ་གར་སྙན་ངག་ཆུན་པོ་རྟེན་འབྲེལ་ཞུས།།
བདེ་༜དགའ་ཁྱབ་པའི་དེ་རིང་སྐལ་བཟང་ཉིན་མོ་ལ།།
ལེགས་༜སྐྱེས་དད་པའི་རང་མདངས་སྐུ་ཉིད་ཁྲི་ལོ་ཤོག།།
ས་མཐའི་བུ་མོ་ནས་གསོལ་འདེབས་ཞུས།
དེ་རིང་༧གོང་ས་མཆོག་གིས་བཀའ་སློབ་སྙིང་བསྡུས་འདི་ལྟར་གསུངས༼ངས་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་ནི་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན་ལ། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་གྲོགས་པོ་ཚོས། ཁོང་ཁྲོ་དང་གནོད་སེམས། བརྣབ་སེམས་སོགས་མ་རུང་བའི་ཚོར་སྣང་བྱུང་སྐབས་ངའི་གདོང་པའམ་བཞིན་རས་ཡིད་ལ་དྲན་རོགས་གྱིས༽ཅེས་བཀའ་བསྩལ་གནང་སོང་།