གཞུང་པ་ཚེ་དབང་བསོད་ནམས།
བོད་ཀྱི་གཏམ་དཔེ་ལ། སྐྱེས་ཕོ་རབ་གྲགས་ན་ས་མཐའ་ནས་གྲགས། འབྲུག་སྤོ་རོང་གྲགས་ན་གནམ་མཐའ་ནས་གྲགས། ཟེར་བ་ལྟར་སྐུ་ངོ་རྒྱལ་ལོ་དོན་གྲུབ་དམ་པ་ཁོང་ནི་ང་ཚོ་བོད་པའི་སྤྱི་ཚོགས་ཙམ་མིན་པ་འཛམ་གླིང་ནང་མཚན་སྙན་ཡོད་པའི་དུས་རབས་ཉེར་གཅིག་གི་བོད་མི་རིགས་ཀྱི་ཕོ་རྒོད་དཔའ་བོ་བཙན་རྒོལ་རྒྱལ་སྐྱོབས་པ་དང་གསར་བརྗེའི་ལམ་སྟོན་པ་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། ཁོང་གི་ལོ་རྒྱུས་དེབ། ༼ ཀ་སྦུག་ཐུག་བཟོ། THE NOODLE MAKER OF KALIMPONG ༽ ཟེར་བའི་དེབ་དེ་ཐེངས་ཁ་ཤས་ཀློག་རྒྱུའི་དུས་ཚོད་བཏང་བའི་བརྒྱུད་རིམ་དང་། ༼ ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་ཕྱོགས་སྒྲིག་གནང་བའི་བཙན་རྒོལ་རྒྱལ་སྐྱོབས། ༽ ཟེར་བའི་དེབ་ཕྲེང་ཁག་བཅས་བཀླགས་པའི་བརྒྱུད་ནས་ཁོང་གི་སྐུ་ཚེ་དེ་ཆབ་སྲིད་ཀྱི་རླུང་ཚུབ་ནང་ཀྱག་ཀྱོག་མང་བའི་བརྒྱུད་ལམ་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་གདུང་ཞེན་གྱིས་མེས་སྤོ་དམ་པའི་ཁྲག་རྩ་དེ་དུས་ནམ་ཡང་མ་ཆད་པར་དཀའ་ཚེགས་ཆེ་ལ། གཟི་བརྗིད་ཆེ་བའི་རླབས་ཆེན་གྱི་བྱ་གཞག་ཨ་རིའི་གསང་ལས་དང་འབྲེལ་བ་བཙུགས་ནས་ཨ་རིའིི་འདུམ་རར་མདོ་སྟོད་སྨད་དང་དབུས་གཙང་བཅས་ནས་ཕོ་གཞོན་སྟག་ཕྲུག་ངར་མ་འདྲ་བ་རྣམས་བསྡུ་རུབ་ཀྱིས་འཇབ་དམག་སློབ་སྦྱོང་དུ་བཏང་ནས་བོད་ཀྱི་ལྷོ་ཁ་ས་ཁུལ་གཙོས་པའི་མདོ་སྟོད་སྨད་དབུས་གཙང་དང་མངའ་རིས་སོགས་ལ་འཆར་གཞི་ལྡན་པའི་ཐོག་ནས་གློག་འཕྲིན་ཚོགས་ཆུང་ཨང་རིམ་བཟོས་ནས་མཁའ་ཐོག་ནས་མཚན་ལ་བོད་སར་བབས་པ་དང་། སྤྱི་ལོ་ ༡༩༥༧ ལོར་ལི་ཐང་ཨ་མཐར་ནོར་བུ་དང་ལི་ཐང་བློ་ཚེ་གཉིས་ནོར་གླིང་རི་རྩེར་མཁའ་ཐོག་ནས་མཚན་ལ་བབས་ནས་མགྲོན་གཉེར་ཆེན་པོ་སྐུ་ངོ་ཕ་ལྷ་མཆོག་དང་མཇལ་འཕྲད་ཞུས་པ་དང་། རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུའི་གཙོས་པའི་མཐོ་རིམ་མི་སྣ་ཁག་མཇལ་འཕྲད་ཀྱིས་དམག་སྡེ་ཨང་ ༢༢ བོད་མིའི་ཆེད་གསར་འཛུགས་གནང་བ་དང་། གློ་སྒྲིག་བསྟན་སྲུངས་དངས་དམག་ཆུ་བཞི་སྒང་དྲུག་འཇབ་དམག་ལ་ཟས་གོས་དང་གོ་མཚོན་སོགས་མཁའ་ཐོག་ནས་སར་དབྱུགས་ནས་འགྲེམས་སྤེལ་གནང་བ་དང་། རྒྱ་དཔོན་ཏིང་ལ་ངོ་ཐུག་གནང་ནས་གཞིས་བྱེས་བོད་མི་བར་གཉེན་སྤུན་ཐུག་འཕྲད་དང་ཕྲུ་གུ་སློབ་འཇུག་༧ གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་གནས་སྐོར་སོགས་ལ་ཕར་འགྲོ་ཚུར་ཡོང་གི་ལམ་ཁ་བཟོས་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་བཙན་བྱོལ་སྒྲིགས་འཛུགས་ཀྱིས་མཐོ་རིམ་མི་སྣའི་སྐུ་ཚབ་ཚོགས་ཆུང་རིམ་པ་བོད་ཀྱིས་ས་ཁུལ་ཁག་ལ་ཕེབས་ཐུབ་པ་དང་། བོད་རྒྱའི་དཀའ་རྙོགས་སེལ་ཐབས་སུ་བོད་རྒྱ་ཞི་འགྲིག་ཆེད་འབྲེལ་མཐུད་ཚོགས་ཆུང་རིམ་ཕེབས་ཐུབ་པའི་ལམ་ཁ་བཟོས་པ་སོགས་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གིས་མཛད་རྗེས་ནམ་མཁའི་སྐར་ཚོགས་ལྟབུ་ནས་ཆུ་ཐིག་ཙམ་ཞིག་འདིར་གལ་ཆེ་དོན་ཆེན་དུ་མཐོང་ནས་ཟུར་འདོན་ཞུས་ཡོད། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོ་བློས་གཏོང་གནང་མཁན་གྱི་དུས་རབས་ཉེར་གཅིག་གི་བོད་མི་རིགས་ཀྱི་ཕོ་རྒོད་དཔའ་བོ་ཁོང་འཇིག་རྟེན་འདི་ནས་ང་ཚོ་དང་ཁ་བྲལ་བར་མྱ་ངན་གུས་བཏུད་དང་ཁོང་གི་བུ་ཕྲུག་ནང་མི་གཉེན་ཉེ་དང་བཅས་ལ་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད་ལ་ཁོང་གིས་རླབས་ཆེན་གྱི་ཆབ་སྲིད་ཀྱིས་མཛད་རྗེས་ལ་རང་རེ་བོད་ཀྱི་མི་རབས་གསར་པ་ན་གཞོན་ཚོའི་སློབ་སྦྱོངས་བྱས་ནས་རང་ཡུལ་རང་བདག་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་ཐུབ་པའི་འགན་འཁུར་ལེན་དགོས་པ་དེ་སྔོན་འགྱེལ་རྗེས་ལངས་བྱས་ནས་བོད་མི་རིགས་གསོན་གནས་ཐུབ་པའི་དམ་བཅའ་བརྟན་པོ་འཇོག་དགོས་པའི་དུས་ལ་བབས་མི་འདུག་གམ།