ཆགས་པ་རྡོ་རྗེས་བསྒྲིགས།
སྤྱི་ལོའི་དུས་རབས་ཉི་ཤུའི་མཇུག་ཙམ་ནས་ནུབ་ཕྱོགས་པའི་བཟོ་ལས་གསར་བརྗེ་དང་ས་ཆ་འཕྲོག་རྩོད་ཀྱི་དམག་འཐབ།ཤར་ནུབ་ཕན་ཚུན་བར་ཚོང་འབྲེལ་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དབང་བསྒྱུར་དམག་འཐབ་སོགས་བརྒྱུད། འཛམ་གླིང་ཤར་ནུབ་བར་ཡག་ཉེས་ཀྱི་འབྲེལ་ལམ་སྣ་ཚོགས་ཤིག་བྱུང་བའི་ཁྲོད། བོད་མི་ཚོའང་དབྱིན་ཇི་དང་རྒྱ་ནག་ ཨུ་རུ་སུ་དང་འབྲེལ་ཏེ་དེང་རབས་ཀྱི་དཔལ་ཡོན་དང་བསམ་བློ།ཚན་རིག་བཅས་སུ་གདོང་ཐུག་གིས་སྐབས་དེ་དུས་ཀྱི་མི་རབས་ཚོའི་བུ་རབས་ཚ་རྒྱུད་རྣམས། དེང་སང་དུས་རབས་ཉེར་གཅིག་པའི་ནང་དགའ་སྡུག་གང་ལ་ལྟོས་མེད་ཀྱིས་དུས་ཚོད་ཉེར་བཞིའི་ནང་དུ་ཚན་རིག་གི་ཅ་ལག་དང་ཁ་འབྲལ་མེད་ངང་གནས་ཡོད་པ་རེད།
འོན་ཀྱང་ང་ཚོར་ཚན་རིག་པ་གཞན་རྣམ་པས་གསར་གཏོད་བྱས་བཞག་པ་ཁག་ལོངས་སུ་སྤྱོད་རྒྱུའི་སྐལ་བ་ཙམ་མ་གཏོགས། བོད་མི་གཞོན་སྐྱེས་རང་ངོས་ནས་ཚན་རིག་གི་ཅ་ལག་གསར་བཟོས་བྱས་བཞག་པ་མཐོང་ཐོས་སུ་མེད་པ་མ་ཟད། དེ་འདྲ་གསར་གཏོད་ཀྱི་སྤྲོ་སྣང་དང་སྤོབས་པ་ཡོད་མཁན་ཀྱང་ཧ་ལམ་ཉིན་སྐར་ཙམ་ཡིན་ལ།དེ་ལས་ལྡོག་སྟེ་སོ་སོའི་སྲོལ་རྒྱུན་རིག་གཞུང་ཁག་ཉིན་རེའི་འཚོ་བར་བེད་སྤྱོད་ཡོད་མེད་གང་ལྟར། དེའི་ཆེ་བ་བརྗོད་མཁན་ནི་བླ་དཔོན་ནས་སྤྲང་འཁྱམས་ཚུན་གྱི་བར་ཁེངས་ཏེ་ད་ཆ་བློ་གཟུ་བོར་གནས་པ་ཚོ་རྣ་བ་སུན་ཚད་དུ་སླེབས་ཡོད།
དེ་འདྲར་བརྟེན་བོད་མིའི་སེམས་ཁམས་སུ་དགོས་མཁོ་ཁོ་ནའི་དབང་གིས་དེང་དུས་ཀྱི་ཅ་ལག་བེད་སྤྱོད་གཏོང་བ་ཙམ་ལས། སེམས་གཏིང་ནས་དེ་ལ་རིན་ཐང་དང་ཆེ་མཐོང་འཇོག་རྒྱུར་མངོན་པར་མི་གསལ་བའི་ཐེ་ཚོམ་ཞིག་གནས་ཡོད་རྐྱེན། གཞོན་སྐྱེས་ནང་བློ་ཐག་ ཆོད་པོས་ཆེད་ལས་དེའི་དོན་དུ་དུས་ཚོད་དང་སྒོར་མོ། རྣམ་དཔྱོད་བཅས་བློས་གཏོང་གནང་ཐུབ་མཁན་ཉུང་བར་རྒྱུ་རྐྱེན་ཤིན་ཏུ་མང་པོ་ཡོད་པར་བསམ།
དེ་ལ་བོད་མིའི་ཁྲོད་བློ་གཟུ་བོར་གནས་པའི་ལམ་ནས་སོ་སོའི་གནས་བབ་དང་སོ་སོའི་རིག་གཞུང་གི་ནུས་པ། སོ་སོའི་སྐད་ཡིག་གི་མདུན་ལམ་སོགས་མང་ཚོགས་ཁྲོད་འགྲེལ་བཤད་པ་ཤིན་ཏུ་ཉུང་ཁར། བླ་དཔོན་མི་རིགས་ཀྱི་སྣེ་ཁྲིད་དུ་རློམ་པ་མང་ཤོས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་ལྟ་བུ་འཛམ་གླིང་གང་དུའང་མེད་པ་དང་། བོད་ཀྱི་སྐད་ཡིག་དེ་འཛམ་གླིང་གི་སྐད་ཡིག་ཨང་དང་པོ་ཡིན་པ་ཚུན་འུར་བསྒྲགས་ཀྱི་ཚད་ཧ་ཅང་མཐོན་པོ་ཡིན་པ་དང་ལྷན། དེ་ལས་ཀྱང་མཁས་རློམ་པ་བོད་མི་སྤྱིའི་བདེ་སྡུག་དང་ཉིན་རེའི་འཚོ་བའི་མི་ཚེ་ལ་བསམ་བློ་མི་ཐོངས་པར། གཞན་གྱིས་མ་བཤད་པ་ཅིག་གསུང་འདོད་ཀྱི་སྙན་གྲགས་ལ་རེ་བ་ཁག་ཅིག་ནས་ས་སྟེང་འདིར། ནམ་རྒྱུན་ཕོ་རོག་དཀར་པོར་འཐོན་ཏེ་ཚན་རིག་དང་ཡར་རྒྱས་སོགས་ནི་བདུད་ཀྱི་ཆོ་འཕྲུལ་འདྲ་བོ། སྙིང་པོ་དང་གཞི་རྩ་གང་ཡང་མེད་པ་ཡིན་ལུགས་ཀྱི་གཏམ་བཤད་རྒྱ་ཡན་དུ་སྤེལ་བཞིན་པ་དེས་ཀྱང་། བོད་མི་མང་པོ་མགོ་འཁྲུག་གཞིར་གྱུར་ཏེ་དོན་དངོས་སྟེང་།ཉི་མ་རེ་རེར་འཚོ་གནས་ལ་མེད་ཐབས་མེད་པའི་ཚན་རིག་གི་ལམ་དེ་འདེམས་དགོས་སམ།
ཡང་ན། ཁ་ཆེ་དྲག་སྤྱོད་པ་ཚོས་མི་གཞན་དམར་གསོད་དང་གཏོར་བཅོམ་གཏོང་བར་དེང་དུས་ཀྱི་གོ་མཚོན་རྐྱང་བེད་སྤྱོད་གཏོང་བ་ལས། དེང་དུས་ཀྱི་ཚན་རིག་གི་ལྟ་བ་དང་མང་གཙོ། རང་དབང་དང་མིའི་ཐོབ་ཐང་སོགས་ལ་བརྩིས་མཐོང་གཏན་ནས་མེད་པར། ཁ་ཆེའི་གསུང་རབ་ཀོརན་ཁོ་ན་ལས་གསུངས་པ་མཁྲེགས་འཛིན་བྱེད་པ་ལྟར། གནད་དོན་གང་ལའང་བོད་ཀྱི་རིག་གཞུང་ཁོ་ནས་འཐུས་པར་བརྩི་དགོས་པར་འཁྲུགས་ཐེབས་ཏེ །བོད་མིའི་ནང་ཚད་འཛིན་འཕེར་བའི་དེང་རབས་རིག་གསར་སྨྲར་བ་ཡོང་ཐུབ་ཀྱིན་མེད་པ་དངོས་གནས་ལ་སོང་། གཞི་རྩ་སོ་སོ་ལམ་ཁ་གང་དུ་འགྲོ་མིན་རང་གི་འདོད་མོས་ལོས་ཡིན་མོད། དང་པོ་བསམ་བློར་དཔྱད་གཞི་ཙམ་གྱི་ཆེད་ཚན་རིག་དང་བོད་མིའི་རིག་གཞུང་གི་སྙིང་བཅུད་ནང་ཆོས་གཉིས་ཀྱི་བར། བོད་ཀྱི་མཁས་པ་ཚོས་བརྒལ་བརྟག་གང་འདྲ་གནང་ཡོད་པ་གཤམ་དུ་འཁོད་ཡོད་པ་ཡིན།
དང་པོ། དུས་རབས་ཉི་ཤུའི་ནང་གི་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་(གསུང་རྩོམ་པོད་གཉིས་པ་ལྷ་ས་དཔར་མ་ཤོག་༡༦༧སྟེང་།)“དེ་ཡང་ད་ལྟ་ས་ཡན་སིའམ་རིགས་པ་གསར་པའི་ལུགས་ཀྱི་ལྟ་བ་འདི་ཕྱོགས་ཐམས་ཅད་དུ་དར་ཞིང་འཕེལ། ཡུལ་གྲུ་ཆེན་པོ་དག་ཏུ་མཁས་བླུན་མང་པོས་མིན་ཅེས་བསྙོན་འདིང་འདིང་པའི་རྗེས་སུ་ཐམས་ཅད་ངལ་ནས་ཁ་རོག་པར་སྡོད་དགོས་བྱུང་། ཐ་ན་རྒྱ་གར་གྱི་བྲམ་ཟེ་ལུང་གི་ཁ་འཛིན་སྲོག་ལས་གཅེས་པར་བྱེད་པ་དེ་དག་ཀྱང་མཐར་དབང་མེད་དུ་ཁས་བླངས་དགོས་བྱུང་། དེ་ཡང་རིག་གསར་གྱི་ཁས་ལེན་འདི་དག་གཅིག་གིས་གཅིག་ལ་ཤགས་འགྱེད་ནས་གྲུབ་པ་ཙམ་མ་ཡིན་གྱི། གསར་འཕྲུལ་གྱིས་བསྐྲུན་པའི་རྒྱང་ཤེལ་དཔག་ཚད་སྟོང་ཕྲག་གི་བར་ལག་མཐིལ་བཞིན་མཐོང་བ་དང་། དེ་བཞིན་ཉེ་བར་ལྟ་བའི་ཤེལ་སྤྱད་རྡུལ་ཕྲ་མོ་དག་ཀྱང་རིའི་བོང་ཚོད་དུ་སྣང་སྟེ་རྣམ་པ་དུ་མར་འབྱེད་ནུས་པ་ལྟ་བུ་ནི་ཀུན་གྱིས་དངོས་སུ་བལྟར་ཡོད་པས། མིག་བཙུམ་པ་མ་གཏོགས་ཨུ་ཚུགས་ཀྱི་ལམ་གཞན་མི་རྙེད།
དང་པོར་ཕྱི་གླིང་ཡུལ་གྱི་མ་ཤི་ཀའི་ཆོས་ལུགས་འཛིན་པ་རྣམས་ཀྱིས་ཀྱང་རྒྱལ་པོ་དང་དཔུང་སྡེབ་སྟེ་རིགས་གསར་གྱི་གཏམ་སྨྲ་མཁན་རྣམས་མཐའ་ཕུད་དང་། བཙོན་དུ་འཇུག་པ། གསོན་པོར་བསྲེགས་པ་སོགས་འགོག་པའི་ཐབས་ཅི་ཙམ་པ་བྱས་ཏེ་མཐར་ཉི་མ་རྒྱབ་ཤར་ལག་པས་མ་ཁེབས་པ་ན་ཁོང་ཚོའི་ཆོས་ལུགས་ཀྱང་ལུགས་གསར་པའི་ནང་དུ་མི་འཕྲོད་བཞིན་དུ་ནན་གྱིས་བཅུག་སྟེ་ཁྲ་ཧྲིལ་ལེ་པ་ཞིག་བཤད་དགོས་བྱུང་། དཔལ་ཆོས་ཀྱི་གྲགས་པས། ངོ་བོ་ཉིད་ལ་ཕྱིན་ལོག་གིས།།འབད་དུ་ཟིན་ཀྱང་མི་བཟློག་སྟེ།།བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ།།གསུངས་པ་བཞིན་རིགས་པ་འགོག་པ་དེ་ཐབས་སྡུག་ཤོས་ཤིག་རེད་”ཅེས་གསུངས་ཏེ།
ཡང་དེབ་དེའི་ཤོག་༡༧༣ སྟེང་དགེ་ཆོས་མཆོག་གིས་“དེའི་ཕྱིར་ངས་སྨྲས་པ་འདི་རྣམས་ལ་ང་ཚར་གཅོད་པའི་བསམ་བློ་ཙམ་ཞིག་ལས་མ་བཏང་བར་བསྟན་པའི་སྡོང་པོ་དང་རང་རེའི་ནང་རིག་པའི་རྩ་བ་འདི་དག་ཧྲིལ་གྱིས་ལོག་པ་ཞིག་མི་འདོད་ན་མིག་རྒྱང་རིང་པོར་བྱས། གཙོ་ཕལ་མཐོང་བའི་སེམས་རྒྱ་གུ་ཡངས་པོར་བྱས་ནས་རིགས་གསར་གྱི་སྲོལ་དང་མཉམ་དུ་བསྟན་པ་ཨེ་གནས་ཀྱི་ཐབས་ལ་འབད་དགོས། ཕྱིས་བྱུང་ས་ཡན་སིའི་རིགས་པ་འདི་དང་སྔོན་བྱུང་སངས་རྒྱས་ཀྱི་བསྟན་པ་གཉིས་ལོ་ཁྲི་ཁྲག་ལ་མཉམ་དུ་གནས་པའི་སྨོན་ལམ་བྱེད་འཚལ།”ཞེས་གསུང་འབྱོན་ཡོད་ཅིང་།
གཉིས་པ།༧གོང་ས་སྐྱབས་མགོན་ཆེན་པོས་(ནང་ཆོས་དང་ཚན་རིག་ཆེད་རྩོམ། བོད་ཀྱི་དཔེ་མཛོད་དཔར་མ་ཤོག་༩ སྟེང་།)ད་བར་ང་ཚོ་རྗེས་ལུས་ཐེབས་པའི་སྐྱོན་ཆ་ཆེ་ཤོས་གང་ཡིན་ཞེ་ན། ཚན་རིག་གི་འགྲོ་སྟངས་ཡག་པོ་ཤེས་ཀྱི་མེད་པ་འདི་ཡིན། ང་ཚོས་འདིའི་ཐད་སློབ་སྦྱོང་བྱེད་དགོས། དེ་ནི་ཕྱོགས་སྔ་འཚོལ་བ་ཞིག་མིན་པར། བདེན་དོན་འཚོལ་ཆེད་ཡིན། སྐབས་རེ་ཚན་རིག་གི་ལམ་ནས་རྒོལ་བ་འདྲ་བྱུང་བ་ཡིན་ན་ཕྱོགས་སྔའི་འདོད་པ་ཤེས་རྒྱུར་ཕན་ཐོགས་ཡོད་པ་ཡིན། དེ་བཞིན་བདེན་དོན་འཚོལ་བའི་སངས་རྒྱས་ཀྱི་ལྟ་གྲུབ་དང་འབྲེལ་ཡོད་ཚན་རིག་ལ་སློབ་སྦྱོང་བྱས་ན་སངས་རྒྱས་ཀྱི་ཆོས་ལ་གཏིང་ནས་ངོ་མཚར་སྐྱེས་ཏེ་དད་པ་བརྟན་དུ་འགྲོ་བ་དང་། བསྟན་པ་སྤྱིའི་ཞབས་འདེགས་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་”ཞེས་བཀའ་སྩལ་ཡོད་ལ།
ཡང་དེའི་ཤོག་༥ སྟེང་དུ། “རིམ་པས་ཚན་རིག་པ་ངོ་ཤེས་མང་པོ་བྱུང་། ཁོང་ཚོས་ཚན་རིག་ གི་ཐོག་ནས་དངོས་པོའི་རྣམ་གཞག་དང་། འཇིག་རྟེན་ཆགས་ཚུལ། རྫས་ཀྱི་རང་བཞིན་དེ་འདྲའི་སྐོར་འགྲེལ་བཤད་བྱེད་པའི་སྐབས་སུ་དཔེར་ན། གཟུགས་ཅན་ཕྲ་མོའི་རྣམ་གཞག་བཤད་ཡོང་དུས་དུས་ཀྱི་ཐུང་མཐའ་སྐྱེ་བོ་ནད་མེད་ཅིག་གི་སེ་གོལ་གཏོགས་པའི་ཡུན་སུམ་བརྒྱ་དྲུག་ཅུ་ཞེས་བརྗོད་པ་འདི་ཚོ་ཧ་ཅང་གི་རགས་པ་རེད། ཚན་རིག་པས་འགྲེལ་བཤད་བརྒྱབ་པ་དེ་ཚོ་ཤིན་ཏུ་ཕྲ་མོ་འདུག ང་རང་ཚོས་ལྕགས་ཆུ་རི་བོང་ལུག་གླང་ཞེས་ཕྲ་རབ་རྡུལ་དང་། རྡུལ་ཕྲན། དེ་ནས་ལྕགས་རྡུལ་དང་ཆུ་རྡུལ། ཉི་རྡུལ། རི་བོང་གི་རྡུལ་སོགས་བཤད་པ་དེ་ཚོ་སྔོན་མ་མཐོང་སྐབས་ཧ་ལས་ཀྱིན་ཡོད། འོན་ཀྱང་། ཚན་རིག་པ་ཚོས་འགྲེལ་བཤད་བརྒྱབ་པ་དེ་ལ་ལྟོས་ན་དེ་ཚོ་ཧ་ཅང་རགས་པ་རེད། དེར་བརྟེན་ཚན་རིག་པའི་འགྲེལ་བཤད་རིགས་ཁ་ཤས་ཀྱིས་ང་ཚོར་བློ་སྐྱེད་དང་ཕན་ཐོགས་ཡོང་གི་འདུག་”ཅེས་བཀའ་ཕེབས་ཡོད་མོད།
གསུམ་པ། རྒྱ་གར་གྱི་བདག་ཉིད་ཆེན་པོ་གྷནྔྷེ་སོགས་ཀྱི་དགོངས་པར་ཐུགས་མོས་ཆེན་པོ་གནང་མཁན། མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་དེ་ལས་ཧ་ཅང་ཐ་དད་ཀྱི་དགོངས་པ་བཞེས་ཡོད་པ་རེད།(ནང་ཆོས་དང་ཚན་རིག་ཆེད་རྩོམ། དཔེ་མཛོད་དཔར་མ་ཤོག་༢༥ སྟེང་།)ཟམ་གདོང་རིན་པོ་ཆེས་“རྒྱ་གར་ནང་ང་ཚོ་ལྟ་བུ་དུས་ཚོད་ཀྱི་ལྡོག་ཕྱོགས་སུ་འགྲོ་མཁན་མང་པོ་ཡོད་པ་རེད། དེང་སང་རིམ་པས་ཁོང་ཚོ་ལ་ནུས་པ་ཞིག་རྙེད་ཡོང་གི་ཡོད། ལོ་ཤས་གོང་ང་ཚོ་དི་ལི་རུ་འཛོམས་སྐབས་མི་རྒན་པ་ཞིག་གིས་གཞན་པ་ང་ཚོས་སྐད་ཆ་གང་བཤད་ནའང་མི་ཚོའི་རྣ་བར་འགྲོ་གི་འདུག ཡིན་ནའང་ང་ཚོས་གནས་ཚུལ་གཉིས་ལ་རྩ་བ་ཉིད་ནས་འགལ་ཟླ་བྱེད་ཐུབ་ཀྱི་མི་འདུག དེ་གཉིས་ནི་ཚན་རིག་དང་ཡར་རྒྱས་རེད།དེ་གཉིས་དགོས་ཀྱི་མ་རེད་ཅེས་ན་མི་ཚང་མ་འདྲོགས་ཏེ་ཉན་གྱི་མི་འདུག། དེས་ན་ཐོག་མར་ང་རང་ཚོའི་ལྟ་གྲུབ་དེའང་ཚན་རིག་དང་ཡར་རྒྱས་གཉིས་ཀར་མི་འགལ་བར་བཟོས་ན་མ་གཏོགས་སྤྱི་ཚོགས་ནང་འགྲོ་ས་མ་རེད་ཅེས་དེ་དུས་ཐུགས་ཁྲལ་གནང་གི་འདུག
སྐབས་དེར་བགྲོ་གླེང་བྱེད་སྐབས་ང་ཚོས་དེ་དང་མཉམ་དུ་ཕར་མཐུན་པ་བྱས་ན་འགྲིག་ཐབས་མེད། ང་རང་ཚོའི་ལྟ་གྲུབ་དེ་བརྟན་པོ་བཟུང་སྟེ་བསྡད་ན་ཉིན་གཅིག་ཚན་རིག་གི་རང་རྟགས་དེ་ཚན་རིག་ཁོ་རང་ཚོས་བསྟན་ཡོང་གི་རེད། ཡར་རྒྱས་ཀྱི་རང་རྟགས་དེ་ཁོ་རང་ཚོས་བསྟན་ཡོང་གི་རེད། ང་ཚོས་ཕར་མགོ་བཏགས་ཞུ་ན་འགྲིག་གི་མ་རེད་ཅེས་ང་ཚོ་ཁ་ཤས་ཀྱིས་དེ་འདྲ་ཞུ་རྒྱུ་བྱུང་། དེ་ནས་ང་ཚོ་མང་བ་ཞིག་དེ་འདྲར་བསྡད་པ་རེད། དེའི་དབང་གིས་དེ་རིང་སང་ཉིན་འཛམ་གླིང་ཡོངས་རྫོགས་ནང་གོ་ལ་གཅིག་གྱུར་ལས་རིམ་དང་བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་གཉིས་ཀར་ངོ་རྒོལ་བྱེད་མཁན་ཟླ་རེ་དང་ལོ་རེ་བཞིན་མངོན་གསལ་དོད་པོའི་ཐོག་ནས་མང་དུ་འགྲོ་གི་ཡོད་རེད།”ཅེས་དང་།
ཡང་ཟམ་ གདོང་རིན་པོ་ཆེས་“གལ་ཏེ་ཆོས་ལུགས་དེ་ཚན་རིག་དང་མཐུན་པར་སྒྲུབ་ཐུབ་པ་ཡིན་ན་ཧ་ལམ་རྒྱུ་མཚན་ཤེས་པའི་དད་པ་འཐོབ་རྒྱུར་རེ་བ་ཡོད་པ་ལྟ་བུའི་འབད་བརྩོན་གནང་བ་རེད། སྐབས་དེ་དུས་ཤྲཱི་ལངཀཱ་དང་ཐའི་ལེནདྲ། འབར་མ་བཅས་སུ་བྱུང་བའི་ནང་ཆོས་དེ་ཡང་དག་པ་ཡིན་པར་སྒྲུབ་མཁན་མཁས་པ་ཚང་མས་སངས་རྒྱས་ཀྱི་ཆོས་འདི་ཚན་རིག་དང་མཐུན་པར་སྒྲུབ་རྒྱུའི་འབད་བརྩོན་བྱས་པ་རེད། དེ་བཞིན་གཤེགས་པའི་ཆོས་འདི་ཚན་རིག་དང་མ་མཐུན་པ་རེད་ཅེས་ངས་ནམ་ཡང་བརྗོད་ཀྱི་མེད།ཡིན་ནའང་ཚན་རིག་དང་མཐུན་པ་ རྒྱུ་མཚན་དུ་བཀོད་ནས་ཆོས་ཁྱད་པར་བ་བསྒྲུབ་རྒྱུ་དེ་འགྲིག་གི་མེད།སངས་རྒྱས་ ཀྱི་གསུང་དེ་ཚད་མ་ཡིན་པའི་སྒྲུབ་བྱེད་ལ་ཚན་རིག་དང་མཐུན་པ་རེད་ཅེས་བརྗོད་པ་ཡིན་ན། དཔང་པོ་དེ་ངེས་པ་རྙེད་མི་ཐུབ་པ་སྐྱོ་བོ་ཞིག་ལ་བཀོད་འགྲོ་བ་རེད།”ཅེས་གསུངས་ཏེ།
ཐ་མར་ཚན་རིག་ལ་བསྡོམས་ཀྱི་ཚུལ་དུ་ཟམ་གདོང་རིན་པོ་ཆེས་“འཇིག་རྟེན་གྱི་ནང་རྨོངས་དད་དེ་མིའི་འགྲོ་བ་ལ་ཧ་ཅང་གནོད་པ་བྱེད་མཁན་ཞིག་རེད། ཆོས་ལུགས་ཀྱིས་རྨོངས་དད་གང་ལ་གང་འཚམས་སྤེལ་ཡོད་རེད།ཡིན་ནའང་ཚན་རིག་པས་རྨོངས་དད་སྤེལ་བ་དེ་ཙམ་ཆོས་ལུགས་ཀྱིས་ནམ་ཡང་སྤེལ་མེད། དེས་ན་འཛམ་གླིང་ནང་རྨོངས་དད་ཆེ་ཤོས་ཚན་རིག་པས་སྤེལ་ཡོད། ཐ་མ་འཛམ་གླིང་ནང་ཚན་རིག་ཡར་རྒྱས་ཕྱིན་ནས་གྲུབ་འབྲས་ག་རེ་བྱུང་ཡོད་ཅེ་ན། མིག་ལམ་དུ་མཐོང་ཐུབ་པའི་གྲུབ་འབྲས་རྡོག་རྡོག་ནི་ཧི་རོ་ཤི་མ་དང་ན་ག་ས་གི་གཉིས་པོ་རེད། དེ་བཞིན་དམག་དང་འཚེ་བ། ལྷག་པར་དེང་རབས་སྤྱི་ཚོགས་ ཀྱི་ཚུལ་ལུགས་གསར་པ། དེང་རབས་གོང་མའི་སྤྱི་ཚོགས་ནང་འཇིགས་སྐུལ་རིང་ལུགས་དེའང་ཚན་རིག་གི་གྲུབ་འབྲས་ཤིག་རེད”ཅེས་གསུངས་ཡོད་པས།
ཕྲན་རང་གི་འཆར་ཚོད་ལ་དགེ་འདུན་ཆོས་འཕེལ་གྱིས་ཚན་རིག་ཁས་མི་ལེན་པ་ནི་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་པ་ལྐུགས་པའི་ཨུ་ཚུགས་ལྟ་བུ་ཞིག་དང་། ༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གིས་ཕན་ཚུན་ལེགས་ཆ་ལེན་རེས་གནང་དགོས་པ། ཟམ་གདོང་རིན་པོ་ཆེས་བདག་ཉིད་ཆེན་པོ་གྷན་རྡི་སོགས་རྒྱ་གར་གྱི་སློབ་དཔོན་ཁག་ཅིག་བཞིན། ཚན་རིག་དང་ཡར་རྒྱས་ནི་མིའི་རིགས་ཀྱི་དགྲ་ཆེ་ཤོས་དང་བདུད་ལྟ་བུར་ངོས་འཛིན་གནང་ཡོད་པར་སྙམ།།
བོད་པའི་ན་གཞོན་ཚོའི་ནང་ལ་ཚན་རིག་གི་ཐད་ནས་གཟེང་སུ་ཐོན་པ་ཞིག་བྱུང་མེད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་དེ་སྲོལ་རྒྱུན་རིག་གནས་ལ་དུང་བ་ཆེ་སོང་བའམ་དེའི་སློབ་གསོའི་འོག་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱས་ན་རྦད་དེ་ནོར་བ་རེད་སྙམ། བོད་ནང་ལ་མཚོན་ན་ན་གཞོན་ཁྲོད་གསོལ་རྒྱུན་རིག་གནས་ལ་དུང་ཞེན་ཅན་གང་འཚམས་ཡོད་ཀྱང་། བཙན་བྱོལ་ན་གཞོན་ཚོ་ལ་མཚོན་ན་རང་ཉིད་ཀྱིས་ཚན་རིག་ཕྱོགས་ལ་འབད་པས་མ་མདངས་བ་ལས་སྲོལ་རྒྱུན་རིག་གནས་ལ་དུང་བ་ཅི་ཡང་མེད་པ་ཚང་མས་མཐོང་གསལ་རེད། སྤྱིར་ང་ཚོའི་སྤྱི་ཚོགས་ནང་སྲོལ་རྒྱུན་རིག་གནས་དང་རང་གི་སྐད་ཡིག་ལ་དུང་ཞེན་བྱེད་པ་ནི་དེང་དུས་ཤེས་ཡོན་གྱི་བཀག་རྡོ་ཡིན་པ་ལྟ་བུའི་བསམ་ཚུལ་འདི་འདྲ་འཛིན་མཁན་མང་པོ་ཞིག་འདུག་ཀྱང་། ངས་བསམ་ན་སྲོལ་རྒྱུན་རིག་གནས་དང་སྐད་ཡིག་ནི་མི་རིགས་ཤིག་གི་ངོ་བོ་མཚོན་བྱེད་གཙོ་བོ་དེ་ཡིན་ཞིང་། ཕྱི་ནང་གི་རྐྱེན་མང་པོ་ཞིག་གིས་བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ལ་ཆགས་འཇིགས་ཀྱི་གནས་སྟངས་འདི་འདྲའི་དུས་སུ་སྐད་ཆ་འདི་འདྲ་བཤད་པ་ནི་རང་གིས་རང་ཉིད་གསོད་པའི་སྐུལ་མ་བྱས་པ་ཙམ་ལས་ཅི་ཡང་མིན་པར་འདོད།
་་་་་་་་་་ ཕྲན་རང་གི་འཆར་ཚོད་ལ་དགེ་འདུན་ཆོས་འཕེལ་གྱིས་ཚན་རིག་ཁས་མི་ལེན་པ་ནི་རིག་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་པ་ལྐུགས་པའི་ཨུ་ཚུགས་ལྟ་བུ་ཞིག་དང་། ༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་གིས་ཕན་ཚུན་ལེགས་ཆ་ལེན་རེས་གནང་དགོས་པ། ཟམ་གདོང་རིན་པོ་ཆེས་བདག་ཉིད་ཆེན་པོ་གྷན་རྡི་སོགས་རྒྱ་གར་གྱི་སློབ་དཔོན་ཁག་ཅིག་བཞིན། ཚན་རིག་དང་ཡར་རྒྱས་ནི་མིའི་རིགས་ཀྱི་དགྲ་ཆེ་ཤོས་དང་བདུད་ལྟ་བུར་ངོས་འཛིན་གནང་ཡོད་པར་སྙམ།། ་་་་་་་་་་་་་་
ཆེད་རྩོམ་བཟང་ཡང་། ཁོང་གསུམ་གྱི་དགོངས་གཞི་དགོས་པ་ནང་འགལ་མེད་དེ། མི་གཤིས་མི་འདྲ་བ་གསུམ་གྱིས། དགེ་ཆོས་ལགས་ཀྱིས། རི་རབ་སོགས་ཆོས་དཔེ་་འགའ་ནང་གསུང་པའི་རྒྱུ་མཚན་གྱིས་ཁས་བྔས་ན་ན། གླེན་པའི་ཨུ་ཚུགས་སུ་འགྲོ་བར་གསུངས་པ་དང།
༸གོང་མཆོག་གིས། རིགས་པ་དང་མི་མཐུན་པའི་ནང་པའི་ཤོད་ཚུལ་་ཡང་ཕར་བཞག་ནས། ཕྱི་རོལ་པའམ། ཚན་རིག་པས་གཏན་འབེབས་དང་། ད་ལྟ་མི་ལ་ཕན་ཐོགས་པ་དག་ཀྱང་བོད་པ་ནང་པས། ཚུར་བླངས་དགོས་པར་གསུངས།
གཟབ་གདོང་བླ་མས། མཐའ་སྡོམ་ནང་ལ། མིའི་འགྲོ་བར། ཚན་རིག་གིས་ཕན་པ་ལས། རྡུལ་མཚན་དམག་འཁྲུགས་སོགས་ཀྱིས་གནོད་ཙབ་ཆེ་བར་བྱུང་ཟིནད་པ་རྒྱུ་མཚན་གཅིག་ཀྱང་། དགོངས་ན་རང་གི་མགྲིན་པ་སྟེགས་ནས་དེ་ལྟར་བསྒྲགས་པ་ཡང་ཤེས་པ་གལ་མི་ཆེའམ་། ལགས། ངའི་བམ་ཚུལ་ལ། དགག་གཞག་གནང་ན་དགའ་བསུ་ཡོད་དོ།།
ཡིག་ནོར་ མང་པོ་ འདུག དགོངས་དག
ཚན་རིག་པ་མེད་པ་ཞེས་པ་དེ་བདེན་པ་མ་རེད་ལ། དེང་དུས་གཞོན་སྐྱེད་ཁྲོད་ཟེངས་སུ་ཐོན་མཁན་མི་འདུག་ཟེར་བའང་བདེན་པ་མ་རེད་། བོད་པའི་རིག་གཞུང་སློབ་གསོ་སྤེལ་མཁན་རྣམས་རློམ་པ་ཡིན་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ཚན་རིག་གི་ཐོན་རྫས་བེད་སྤྱོད་བྱེད་པ་ལས་དེའི་རིན་ཐང་ཤེས་ཀྱིན་མེད་ལུགས་བརྗོད་པ་ནི་ཅང་ཐལ་དྲགས་མི་འདུག་གམ། ལྷག་པར་བོད་ཕྲུག་རྣམས་ཚན་རིག་ལ་དོ་སྣང་མེད་ལུགས་ཟེར་བ་ནི་རྦད་དེ་དྲང་པོའི་སྐད་ཆ་མིན་པ་ལས། ང་རང་ཉིད་སློབ་ཐོན་པ་ཞིག་ཡིན་པ་ལས་གསལ་བོ་ཤེས་ཡོད་། ངའི་རེ་བར་མ་འོང་པར་རྩོམ་རིགས་སྤེལ་སྐབས་གནས་ཚུལ་མཐིལ་ཕྱིན་པ་ཞིབ་འཇུག་བྱས་ཏེ་འབྲི་དགོས་པ་གལ་ཆེ་ལ། མིས་བཀླགས་ཀྱང་གདེང་འཇོག་བྱེད་ངེས་རེད་།