—ཐུབ་བསྟན་ཡར་འཕེལ།
ཕྱི་ལོ་༢༠༡༦ ཟླ་༣ ཚེས་༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུའི་འཕྲོད་བཞེས་ལེགས་གྲུབ་ཀྱིས་མ་ཡོ་སྨན་ཁང་ནས་ཕྱིར་ཕེབས་སྐབས་ཕེབས་ལམ་དུ་སྩལ་བའི་བཀའ་སློབ།
ཁྱེད་རང་ཚོ་བློ་བདེ་པོ་གྱིས། ད་ལན་སྨན་བཅོས་ཧ་ཅང་ལས་སླ་པོ་བྱུང་། ཟླ་བ་གཅིག་ལྷག་ཙམ་རིང་ངོས་རང་ངལ་གསོ་ལྟ་བུ་རེད་འདུག ཧ་ཅང་སྐྱིད་པོ་བྱུང་། ཁྱེད་རང་ཚོ་ཚང་མས་ལྷག་བསམ་དང་། དད་པ་གཡོ་བ་མེད་པར་ཐུགས་རྗེ་ཆེ། བོད་མི་ས་ཡ་དྲུག་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་དེ་དག་གིས་རྒྱ་ནག་གཞུང་ནས་བོད་ལ་དབང་བསྒྱུར་བྱས་ནས་ལོ་དྲུག་ཅུ་ཙམ་འགྲོ་བཞིན་ཡོད་ཀྱང་། ངོས་ནས་རྒྱུན་གཏན་བརྗོད་མུས་ལྟར། རྒྱ་མིས་བོད་བཟས་ཀྱང་ཕོ་བས་འཇུ་མ་ཐུབ་པར་ལུས་ཡོད་ཅེས་སྔར་ནས་བརྗོད་པ་ལྟར། ད་ལྟའང་གནས་སྟངས་དེ་རང་དུ་ལུས་ཡོད། བོད་མི་རིགས་ཀྱི་མི་རབས་རྒན་པ་རྣམས་རྫོགས་བཞིན་ཡོད། འོན་ཀྱང་མཇུག་མཐུད་ནས་ཡོང་མཁན་མི་རབས་གཞོན་པ་རྣམས་ཀྱིས་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་འཁྱེར་བཞིན་ཡོད།
སྔ་ལོ་ཕྱི་ཟླ་ ༡༡ པའི་ནང་ལྡི་ལིར་ཚན་རིག་ཚོགས་འདུའི་སྐབས་སུ་བོད་པའི་སློབ་ཕྲུག་གང་འཚམ་ཞིག་འདུག་ཅིང་། སྐབས་དེར་སྐད་ཆ་ཞིག་བྱུང་བར་བོད་ཀྱི་བདེན་མཐའ་དེ་ཉིད་ཤུགས་ཇེ་ཆེར་འགྲོ་ངེས་ཡིན། གང་ལགས་ཤེ་ན། བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ལ་དེང་སྐབས་འཛམ་གླིང་འདིའི་ཐོག་ནས་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ང་ཚོས་དེ་སྔ་ཕན་ཆད་འཛམ་གླིང་ཐོག་འབྲེལ་བ་བྱེད་མ་ཐུབ་པ་དང་། སྐད་ཡིག་གི་ཆ་ནས་མ་འདང་བའི་དཀའ་ངལ་འཕྲད་ཡོད། དེང་སྐབས་འཛམ་གླིང་འདིའི་ཐོག་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། སངས་རྒྱས་པའི་ཆོས་ཀྱི་ནང་དུ་བོད་མིས་སློབ་སྦྱོང་དང་ཉམས་ལེན་བྱ་རྒྱུའི་ཆོས་འདི་ལས་ལྷག་པ་ཞིག་འཛམ་གླིང་འདིའི་ཐོག་མེད་ལ་ཧ་ཅང་གསལ་པོ་ཡིན། དེ་དག་གི་འགྲེལ་བཤད་བྱེད་པ་ལའང་བོད་པའི་སྐད་ཡིག་ལས་ལྷག་པ་གཅིག་ཀྱང་མེད། དེ་དག་ནི་ང་ཚོ་བོད་མི་རིགས་ཀྱི་སྙིང་སྟོབས་མཚོན་པ་དང་། བོད་མི་རིགས་ཀྱི་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་པ་མཚོན་ཐུབ་པ་ཞིག་ཡིན།
སྤྱིར་བཏང་ཚན་རིག་པ་རྣམས་རྣམ་དཔྱོད་བཀྲ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད། དེང་སྐབས་ཚན་རིག་པ་རྣམས་ཀྱིས་ཀྱང་ནང་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད། འཛམ་གླིང་འདིའི་ཐོག་ནས་དོ་སྣང་ཇི་ཙམ་ཡོད་པ་དེ་སྲིད་དུ་བོད་མི་རིགས་ལ་ཆེ་མཐོང་སླེབས་ངེས་ཡིན་ལ། ལྷག་པར་རྒྱ་ནག་ནང་དུ་ཆ་མཚོན་ན། ད་ལྟ་རྒྱ་ནག་གུང་ཁྲན་ཏང་གཅིག་སྡུད་རིང་ལུགས་འོག་མནན་ནས་བསྡད་པ་ལས། རྒྱ་རིགས་ས་ཡ་བཞི་བརྒྱ་ལྷག་ཙམ་གྱིས་ནང་ཆོས་བྱེད་བཞིན་ཡོད་པར་མ་ཟད། དེ་བཞིན་ནང་པ་མང་པོ་ཞིག་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་ང་ཚོས་ལྷོད་ཡངས་སུ་གཏན་ནས་གཏོང་རྒྱུ་མེད་ལ། ང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་ཞིག་ཡིན། ཞེས་བཀའ་སློབ་སྩལ།། །།
༼ཐུབ་བསྟན་ཡར་འཕེལ་ལགས་ཀྱི་ངོ་དེབ་ནས་དྲངས།༽
གོིང་ས་མཆོག་བཀྲིན་ཆེ་ཐུགས་རྗེ་ཆེ་། གོང་ས་མཆོག་གི་སྐུ་དུས་འདིར་བོད་མི་གཞིས་བྱེས་གཉིས་རང་གི་ཕ་ཡུལ་གངས་ལྗོངས་ཆོས་སྲིད་གཉིས་ལྡན་དུ་མཉམ་འཛོམས་ཐུབ་པའི་སྨོན་ལམ་ཞུ་།
བོད་པའི་ཆོ་ལས་ལྷག་པའི་ཆོས་ཅིག་མེད། །
བོད་པའི་གོམས་གཤིས་ལྷག་པའི་གོམས་གཤིས་མེད། །
བོད་པའི་སྐད་ལས་ལྷག་པའི་ཕན་སྐད་མེད། །
བོད་པའི་སྙིང་སྟོབས་ལྷག་པའི་སྙིང་སྟོབས་མེད། །
ལྷར་བཅས་སྲིད་ཞིའི་གཙུག་རྒྱན། །
ཛམ་གླིང་ཡོངས་ཀྱི་ཉི་མ། །
ཞི་བདེར་འདྲེན་བྱེད་དེད་དཔོན། །
མཐོང་ཐོས་འབྲེལ་ཚད་དོན་ལྡན། །
སྐུ་ཚེ་ཡུན་བརྟན་རྟག་བཞུགས། །
ཁ་ཞེ་གཉིས་མེད་ཡིན་ན་དྲག་གི་ཀརྡོ།
ངའི་ཨ་ཁུ་འབྲོག་པ་ཁ་བྲོ་བོ་དེ། ཡང་སྐྱར་ཁ་བརྡ་འདིར། མཇལ་བ་དགའ་བོ་བྱུང་།
གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་མི་མང་དམ་གཙང་འོ་ཆུ་འདྲེས་ཐུབ་ཡོད་ཀྱང་སྐྱོང་འོས་མིར་རྒྱབ་སྐྱོར་བའི་བྱེད་སྟངས་ལ་ཞིག་ན་དགྲ་དགའ་གཉེན་སྡུག་ཏུ་འགྲོ་མི་སྲིད་པ་མ་རེད་དོ་།
ནོར་བཅོ་( སྲིད་སྐྱོང་)
གཏམ་བཟང་ཐོས་པས། ཡིད་ལ་དགའབ་སྐྱེས། གུས་པས་སྔོ་བསངས་ཀྱི་ཡུལ་དུ། གངས་ལྗོངས་ཀྱི་རྣམ་འདྲེན་ཆེན་པོ་སྐུ་ཁམས་བཟང་ཞིང་མཛད་འཕྲིན་རྒྱས་པར་དམིགས་ཏེ། རྡོའི་མཐོ་ཡོར་མང་དུ་བསླངས་ཡོད་ཅིང་། སྔ་དགོངས་དག་ཏུ་དེ་དག་ལ་ལྟ་རྟོག་བྱེད་ཅིང་། ཉམས་གསོ་དང་གསར་བཞེང་ཡང་བྱེད་པ་དེ་དག་དོན་དང་ལྡན་པ་འབྱུང་བའི་རེ་འདུན་ལགས་སོ།
“སྐད་ཡིག་གི་ཆ་ནས་མ་འདང་བའི།” ཞེས་པར་སྐད་ཡིག་གི་ཆ་ནས་མ་ལྡང་བའི། ཞེས་དགོས་ཀྱང་། ཕྱིས་སུ་ར་མགོ་ལ་མགོ་ས་མགོ་རྣམས་འབོད་པ་ཉམས་ཀྱང་། ལ་དྭགས་གཤམ་ཕྱོགས་སུ་འཐོན་པར་འབོད་པ་དང་། དེ་བཞིན་རྒྱ་མོ་རོང་སོགས་བོད་ཀྱི་དབེན་ཡུལ་རྣམས་སུ་སྔར་བཞིན་སྒྲ་གདངས་མ་ཉམས་པར་འབོད་པ་ཐོས། དོན་སྙིང་ནི། ནོར་ཚིག་འདང་ཞེས་མ་འབྲི་བར་ལྡང་ཞེས་འབྲི་ན།་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་ཀུན་དང་། དེ་རྣམས་སུ་གསལ་བའི་དག་ཆ་དང་བསྟུན་ཏེ། བྲིས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་ལ་རྩིས་སྟངས་་བྱེད་པའི་ལ་རྒྱར་ཡང་ཕན་ནོ།

ཐུབ་བསྟན་ཡར་འཕེལ་ལགས་ཐུགས་རྗེ་ཆེ། ད་ལྟ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་དང་འབྲེལ་བའི་ཆགས་སྡང་གི་ཚོར་བ་འཕེལ་ཏེ། ༧གོང་ས་མཆོག་ཀྱང་སེམས་ནས་བརྗེད་གྲབས་ཡོད་པའི་སྐབས་འདིར། མགོན་པོ་མཆོག་གི་བཀའ་གསུང་ཡིག་འགོད་གནང་བ་ཀློག་པའི་སྐལ་བ་བཟང་པོ་བྱུང་། མུ་མཐུད་དུས་དུས་ལ་གནང་རོགས་འཚལ་ཞུ་བ་ཡིན།
བོད་རྒྱ་ཚིག་མཛོད་། འདང་བ། [ཐ་མི་དད་པ་] འདངས་པ། འདང་བ།། ཚད་ངེས་ཅན་ལོངས་པ དེའི་རྗེས་སུ་འབྲངས་ཏེ། ལྡང་ལ་འདང་འབྲི་བ་ནི། འདང་བའི་དོན་དག་མ་ཤེས་པར་མཐོང་།
་
བོད་ཀྱི་ལོ་ཙ་བ་ཆེན་པོ་ཡེ་ཤེས་སྡེ་སོགས་དང་། ས་པཎ་ཆེན་པོའི་ལུགས་ལྟར་ན། དྭངས་པ་དང་། དང་བའི་ད་ལྟ་བ་ལ་འདང་། ཞེས་དགོས་པར་མཐོང་ངོ་།