མིག་བརྒྱད་པ།
སྐུ་མཆོག་མི་འགྱུར་འགྲོ་བའི་དོན་དུ་བཞུགས། །
གསུང་དབྱངས་མི་འགྱུར་ཟབ་མོའི་གཏམ་གྱིས་མཛེས། །
ཐུགས་ནི་མི་འགྱུར་འོད་གསལ་ཡངས་བའི་མཁའ། །
མཚུངས་མེད་སྐྱབས་མགོན་དད་གསུམ་སྙིམ་པས་མཆོད། །
ཁམས་དང་མོས་བའི་རྗེས་འགྲོ་བ། །
ཐུགས་རྗེའི་རྒྱ་མཚོ་གཡོ་བ་ལས། ། །
མདོ་སྨད་ས་ཡི་ཐིག་ལེ་རུ། ། །
ཁྱོད་སྐུ་ཟླ་བ་གཞོན་ནུ་འཁྲུངས། །
དབུས་ལྗོངས་ཆོས་ཀྱི་ཞིང་ས་དེར། །
དུས་མཐར་ཉེན་པའི་བོད་འབངས་རྣམས། །
རྨོངས་པའི་ཚ་གདུང་གཞོམ་སླད་དུ། །
མི་འཇིགས་སེངྒེའི་ཁྲི་ལ་འཁོད། །
སྐུ་ན་ཕྲ་བའི་དུས་ཉིད་ནས། །
གང་གི་མཛད་བཟང་ཆུ་ཀླུང་འབུམ། །
འཛམ་གླིང་ཞི་བདེའི་དཔལ་དུ་དྲངས། །
འགྲོ་བའི་བདེ་སྡུག་བདག་གིར་བཞེས། །
ཁྱོད་སྐུ་ཉི་མ་གཞོན་ནུ་ལ། །
སྡོམ་གསུམ་ཁྲིམས་ཀྱི་པདྨོ་མཛེས། །
དམ་པའི་ངང་ཚུལ་མི་གཡོ་བའི། །
མཛད་པ་འདི་ནི་རྨད་དུ་བྱུང་། །
ཕྱི་རབས་མི་ཡི་འདྲེན་བྱེད་དུ། །
ཤེས་རིག་མེ་ཏོག་འཛུམ་པའི་ཁ། །
རིག་རྩལ་འོད་སྟོང་ཟིལ་ཤུགས་ཀྱིས། །
ཡོངས་སུ་བཟུང་བ་ཁྱོད་ལས་སུ། །
དད་ལྡན་ཡོངས་ཀྱི་སྤྱི་གཙུག་ལ། །
གང་གི་མཛད་བཟང་ཆ་རེས་ཀྱང་། །
ཞི་བའི་དཔལ་ཡོན་འབུམ་ཐོབ་པས། །
ཀུན་ལ་སྙོམས་པའི་དཔུང་གཉེན་མཆོག །
ནག་ཕྱོགས་མུན་པའི་སྒྲ་གཅན་གྱིས། །
ཐུབ་བསྟན་ནུབ་ཀྱི་རི་རྩེ་ན། །
ནག་པོའི་ར་རི་འཛིན་གྱུར་བ། །
དེ་ཚེ་ལེགས་བཤད་འོད་བརྒྱ་སྤྲྲོས།
སྟོན་པ་མཆོག་དེ་སྐུ་འཁྲུངས་ནས ། །
ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་དུ། །
འཛམ་གླིང་སྐྱེ་བོ་དུ་མ་ལ། །
དབུགས་དབྱུང་མི་འཇིགས་སྤོབས་པ་བྱིན། །
ལྷ་ས་ལྷ་ཡི་ཞིང་ཁམས་དེར། །
ཆོས་མེད་སྨྲ་བའི་བདུད་མཚོན་གྱིས། །
ཡུམ་བུ་བླ་མཁར་ཐང་ལ་བརྡབས། །
ཡར་ཀླུང་གཙང་པོར་ཁྲག་གིས་བརྫིས། །
དུས་ངན་འཐོར་རླུང་གཡོས་བ་ན། །
ཁྱོད་ཐུགས་ཡངས་པའི་མཁའ་ལམ་ནས། །
མཉེན་གཤིན་བྱམས་པའི་འོད་དཀར་གྱིས། །
ཕན་བདེའི་རྩ་ལག་རྨང་ནས་གསོས། །
འཆི་བར་ཕྱོགས་པའི་མི་རིགས་འདིའི། །
རྒྱལ་བསྟན་སྣུམ་ཟད་མར་མེའི་ཚུལ། །
རེ་བའི་འདུན་པ་ལྷག་ལུས་ཞིག །
གསོ་ཕྱིར་འཕགས་ཡུལ་ཞབས་སོར་བཀོད། །
འཛམ་གླིང་ཤར་ནུབ་ཡུལ་གྲུ་ནས། །
སྐྱེ་བོ་ཁྲི་ཁྲག་དུ་མ་ལ། །
ཁྱོད་ཀྱི་བདེན་པའི་བཀའ་ལུང་གིས། །
སྙིང་ལ་འཆི་མེད་ངལ་གསོ་ཐོབ། །
སྟོན་མཆོག་སྨྲ་བའི་ཉི་མ་དེའི། །
ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས། །
གདམས་པ་ཀུན་གྱི་ཉིང་ཁུ་རུ། །
སྟོན་པའི་བཤེས་གཉེན་སྐྱབས་མགོན་མཆོག །
གང་དུ་གཞོལ་བ་ཆོས་ཉིད་ཀློང་། །
ཀུན་གསལ་མཁྱེན་པའི་མེ་ལོང་བཀྲ། །
རྟེན་འབྱུང་རིགས་པའི་གྲུ་བཟང་གིས། །
རྒྱལ་པའི་དགོངས་པ་ཐང་མར་བརྡལ། །
སྐྱེས་བུ་གསུམ་གྱི་གདམས་པ་མཆོག །
བྱང་ཆུབ་ལམ་གྱི་སྒྲོན་མ་ཡི། །
བསྟན་པ་འགལ་མེད་ལམ་བཟང་དུ། །
འཁྲིད་མཁས་ཡོངས་ཀྱི་བཤེས་གཉེན་རྒྱལ། །
ས་རྙིང་ཀར་དགེའི་མན་ངག་ཕུལ། །
གཞན་དང་མི་མཉམ་དགྱེས་དགུར་སྤྱོད། །
བགྲང་ཡས་རྒྱལ་པའི་དགོངས་པའི་མཐུལ། །
རིས་མེད་བསྟན་པ་སྐྱོང་བའི་མགོན། །
གང་གི་གསུང་དབྱངས་སྙན་པའི་སྒྲ། །
གདུལ་བྱའི་སྐྱེ་འགྲོའི་རྣ་བར་འབབ། །
ལུས་སེམས་བག་ཕེབས་བདེ་ལ་འགོད། །
ཁྱེད་ཀྱི་མཛད་པ་ཀུན་དང་མཐུན། །
ཡབ་རྗེ་འཇལ་དཔལ་སྙིང་པོ་ཡི། །
རིང་ལུགས་ཕྱོགས་མཐར་སྤེལ་བ་དང་། །
སྟོང་དང་རྟེན་འབྱུང་འགལ་མེད་དུ། །
ལེགས་པར་བཀྲལ་བ་ཁྱོད་ཉིད་ཙམ། །
འཛམ་གླིང་ཤར་ནུབ་བསྐྱོད་པའི་གཏམ། །
གཞལ་མེད་གྲོང་དང་གྲོང་ཁྱེར་དུ། །
འགྲོ་བ་མི་ཡི་རིན་ཐང་ནོར། །
སྐྱེ་འགྲོའི་སྙིམ་པའི་སྣོད་དུ་བསྟབས། །
སྟོན་པའི་ལུང་རྟོགས་དམ་པའི་ཆོས། །
ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །
རྒྱན་དྲུག་མཆོག་གཉིས་སྲོལ་བཟང་མཆོག །
མཆོག་གསུམ་རྩ་བ་རབ་ཏུ་གཟིགས། །
དེ་ལྟ་ན་ཡང་དུས་ཀྱི་མཐར། །
སྲོག་གི་གཤེད་མ་འཕུར་མདའ་ཡིས། །
རང་སྲུང་མུན་པའི་གོ་འཕང་ཅན། །
ཡ་མཚན་མིན་པ་ཁྱོད་ཀྱིས་གཟིགས། །
དེང་རབས་ཚན་རིག་འཕྲུལ་གྱི་ཕོ་ཉ་ལས། །
གླིང་བདུན་འཛིན་མའི་དངོས་པོ་མཐའ་དག་ཀུན། །
ཉིན་བཞིན་མཐོང་བ་སྙོན་འདིང་མི་རིགས་པའི། །
ཤེས་རབ་སྣ་རེ་བསྐྲུན་པའང་ཁྱེད་ཀྱི་དྲིན། །
མུན་ནག་དུས་ཀྱིས་ཟོས་བའི་ཁ་བའི་ལྗོངས། །
ཡང་དག་བདེན་པའི་སྒྲོན་མེ་དགུང་དུ་བཏེགས། །
བརྩེ་ཆེན་ལྷག་བསམ་དཀར་པའི་མཛད་འཕྲིན་འོད། །
ནམ་ཡང་གོ་ལ་ཟླུམ་པོའི་ཏོག་ན་འཚེར། །
ལོ་རྒྱུས་གཙང་པོ་མི་བུ་གདོང་དྲུག་གི །
ཕ་ས་གངས་རིའི་ལྗོངས་ཀྱི་བོད་འབངས་རྣམས། །
རེ་བའི་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་འཁོར། །
བདེན་པའི་སྐྱོ་དབྱངས་རང་གི་སྲོག་ལ་བསྡོས། །
དྲང་བདེན་རླབས་རིས་བཀྲ་བའི་མཐུ་ནུས་ཀྱིས། །
ནོའོ་བྷེལ་ལ་སོགས་རྒྱལ་ཁབ་དུ་མ་ཡིས། །
མཚར་སྡུག་སྟོང་གི་གཟེངས་རྟགས་ཁྱེད་ལ་ཕུལ། །
དཔོན་རིགས་ཆེ་དགུས་བསྟོད་བསྔགས་ཁྱེད་ལ་ལྡིར།།
མཁྱེན་རབ་ཉི་མའི་འོད་ཀྱིས་བསྐྱངས་པའི་ཐོས་བསམ་སྒོམ་པའི་ལས་ལ་གཞོལ། །
འཆད་རྩོད་རྩོམ་ལ་ཐོགས་རྡུགས་བྲལ་བས་འདོད་འཇོའི་དབྱངས་ཅན་གློག་གི་གར། །
མཁྱེན་དཔྱོད་སྣང་བ་མཁའ་རུ་འཁྱིལ་བའི་ཞི་བདེ་གདེངས་ཅན་རོལ་བའི་མཚོ། །
ལུང་རྟོགས་ཡོན་ཏན་ལྷུན་པོའི་སྤོ་ལ་ཤཱཀྱའི་རྒྱལ་མཚན་མངོན་པར་བསྒྲེངས། །
མི་ཤེས་རབ་རིབ་རྒྱ་ལས་བྲལ་བའི་ལུགས་གཉིས་མཛད་རྗེས་སྲིད་ན་མཐོ། །
བྱམས་བརྩེའི་ལྷོ་སྤྲིན་འཁྲིགས་པའི་ཀློང་ནས་ཕན་བདེའི་སྙིང་པོ་ཡི་ག་བཞོས། །
སྐྱ་ཆད་སྔོ་སྡུག་འཚོ་བའི་ཁྲོད་ནས་བསྟན་སྲིད་རི་བོ་ཁུར་དུ་བླངས། །
བཙན་པོའི་སྙིང་སྟོབས་ཕྲག་ཏུ་བཞེས་ནས་བསྙེངས་བྲལ་གོ་ཆ་བརྟན་པོར་བཞེས། །
རྟག་ཏུ་དགེ་བའི་གཉིས་ཕན་ལམ་ནི་རྩོད་རྙོག་འདུམ་འགྲིག་གཏམ་དུ་སྒྲོག།
གངས་རིའི་བུ་ལ་བསླུ་བ་མེད་པའི་རྒྱ་བོད་སྤུན་ཟླའི་མཛའ་བ་སྤེལ། །
རིགས་ཀྱི་བླ་སྲོག་འོད་སྟོང་བདག་པོ་ཚུལ་འཆོས་དྲི་མས་མ་བསླད་པར། །
ཆོལ་གསུམ་བོད་མིའི་ཤེས་རིག་སྣང་བ་མ་རིག་སྦུབས་ལས་བརྡོལ་བའི་གཏམ། །
དེ་རིང་བདག་གིས་དབྱངས་སུ་གྱེར་ནས་ཕྱག་ན་པདྨོའི་འཁྲུངས་སྐར་བསུ། །
དེ་ལྟར་མཆོག་གི་མཛད་རྗེས་རི་མོ་བསྐལ་བའི་མཐར་ཡང་རྒྱལ་གྱུར་ཅིག །
ངག་རིག་སློང་བའི་དགེ་བ་འདིས་ཀྱང་བསོད་ནམས་མེ་ཏོག་འཛུམ་པའི་སྐུ། །
མགོན་པོ་ཁྱེད་ཀྱི་ཞབས་ཟུང་འཁོར་ལོ་བགྲང་ཡས་སྐྱེ་འགྲོའི་ཁམས་སུ་བརྟན། །
བཤད་སྒྲུབ་ལས་ཀྱི་ཐུབ་བསྟན་ལྗོན་པ་མི་འགྱུར་དགའ་མགུའི་གཏེར་དུ་རྫོགས། །
འཁོར་ལོ་གསུམ་གྱི་མཛད་འཕྲིན་དཀར་པོ་ནོར་འཛིན་ཁྱོན་དུ་རྒྱས་གྱུར་ཅིག །
me a Tibetan monk reverently convey my hearty advance happy 76th Dalai Lama’s birth day on the 6th June. kindly avoid meat on this day and may our world become harmony and vegetarian society after this special day.
མིག་བརྒྱད་པ།་ལེགས།
ཁྱེད་ཀྱི་སྐྱབས་མགོན་རིན་པོ་ཆེའི་ཆེ་བརྗོད་བསྔགས་པ་ཕུལ་དུ་བྱུང་བ་བཀླགས། ཡིད་ལ་དགའ་སྐྱེས། ཚིག་ཁ་ཤས་ལ་དྲི་བ་ཡོད།
བགྲང་ཡས་རྒྱལ་པའི་དགོངས་པའི་མཐུལ། །མཐུལ་ཞེས་པའི་དོན་ཅི་ཡིན་ནམ།
ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །མདུན་སཞེས་པའི་དོན་ཅི་ཡིན་ནམ།
བྱང་ཆུབ་ལམ་གྱི་སྒྲོན་མ་ཡི། ཡང་དག་བདེན་པའི་སྒྲོན་མེ་དགུང་དུ་བཏེགས། སྒྲོན་མ་དང་སྒྲོན་མེ་གཉིས་ཡི་གེ་མི་འདྲ་བ་གཉིས་འདུག
རྟག་ཏུ་དགེ་བའི་གཉིས་ཕན་ལམ་ནི་རྩོད་རྙོག་འདུམ་འགྲིག་གཏམ་དུ་སྒྲོག། སྒྲོག་དང་སྒྲོགས་གཉིས་ལས་དང་པོ་འཆིང་བའི་དོན་དང་། གཉིས་པ་དེ་སྐད་ཆེར་འབོད་པའི་དོན་འདོད།
དེ་རིང་བདག་གིས་དབྱངས་སུ་གྱེར་ནས་ཕྱག་ན་པདྨོའི་འཁྲུངས་སྐར་བསུ། །གྱེར་ཞེས་པ་དོན་མ་གོ
ལོ་ངོ་བཅུ་ཕྲག་སྔོན་དུ་བདག་གིས་བླ་མ་མཆོག་ལ་མཆོད་བརྗོད་ཅིག་བདག་གིས་བརྩམས་པའི་བོད་བརྡ་སྤྲོད་དུ་བྲིས་པ་འདི་ལྟར་ལགས།
ཆོས་དབྱིངས་ངང་ནས་མཁྱེན་བརྩེ་རང་བཞིན་དགེ་སྦྱོང་མི་ཡི་གཟུགས་སུ་རྣམ་པར་རོལ།
བསླབ་གསུམ་ལྷ་ལམ་ཡངས་པར་ཐེག་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་རྟ་བདུན་གྱིས།
བོད་ཀྱི་རིག་གཞུང་སྣང་བྱེད་ནུབ་རིར་སོན་པ་སླར་ཡང་ཤར་རིར་རྣམ་པར་འདྲེན།
འགྲོ་བའི་བླ་མར་གུས་པས་ཕྱག་འཚལ་ཞབས་བརྟན་སྐྱེ་དགུར་དགེ་བའི་རྒྱལ་མཚན་སྒྲེངས།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྐུ་ཉིད་ཀྱིས་ཞིབ་དཔྱོད་དང་དོགས་འདྲི། ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གནང་བར་བཀའ་དྲིན་ཆེ།
དགོངས་དག་ཞུ་རྒྱུ་ཞིག་ལ། བགྲང་ཡས་རྒྱལ་པའི་དགོངས་པའི་མཐུལ། །མཐུལ་ཞེས་པ་མིག་འོག་ནས་ཡིག་ནོར་དུ་ཤོར་འདུག་པ། མཐིལ་ཞེས་བར་བཅོས་དགོས། དེའི་གོ་དོན་དབུས་སམ་གཙོ་བོ་ལ་འཇུག ཁྱེད་ཀྱི་དྲི་བ།
ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །མདུན་ས་ཞེས་པའི་དོན་ཅི་ཡིན་ནམ། དེའི་དོན་ནི་འདུས་ཚོགས་ལ་གོ
བྱང་ཆུབ་ལམ་གྱི་སྒྲོན་མ་ཡི། ཞེས་དང་། ཡང་དག་བདེན་པའི་སྒྲོན་མེ་དགུང་དུ་བཏེགས། སྒྲོན་མ་དང་སྒྲོན་མེ་གཉིས་ཡི་གེ་མི་འདྲ་བ་གཉིས་འདུག་པ་ནི་དོན་དག་གཅིག་པ་ཡིན་ཀྱང་ཚིག་གི་བརྗོད་བདེ་དབང་གིས་རེད། དཔེར་ན། ངས་སྒྲོན་མེ་ལག་ཏུ་བཟུང་ནས་མུན་པ་སེལ་ལྟ་བུ། བདེན་པ་ནི་སྒྲོན་མེའི་གཟུགས་སུ་བཀོད་དེ། དགུང་དུ་བཏེགས་པ་ནི་མཐོན་པོར་བཏེགས་པའི་དོན། མར་མེའི་ཁྲོམ་སྐོར་སྐབས་མར་མེ་ལག་ཏུ་འཛིན་པ་ནི་བདེན་པ་ཉིད་རྒྱལ་བ་དང་མ་རིག་པའི་མུན་པ་སེལ་བའི་མཚོན་དོན།
རྟག་ཏུ་དགེ་བའི་གཉིས་ཕན་ལམ་ནི་རྩོད་རྙོག་འདུམ་འགྲིག་གཏམ་དུ་སྒྲོག། ཞེས་པའི་སྒྲོག་ནི་དོན་གནད་གལ་ཆེ་བ་རྣམས་ཀུན་ལ་གོ་བར་བྱེད་པ་ལ་སྒྲོག་པར་བྱེད། བསྒྲགས་ཟིན། བསྒྲག་པར་འགྱུར། སྒྲོགས་ཤིག་ལྟ་བུ། དེ་མིན་པ་ཐག་རིང་ས་ནས་སྐད་ཆེན་པོས་བསྒྲགས། སྒྲོག་པར་བྱེད། བསྒྲོག་དགོས། སྒྲོགས་ཤིག་ལྟ་བུ་ལའང་གོ་བ་ཡོད།
དེ་རིང་བདག་གིས་དབྱངས་སུ་གྱེར་ནས་ཕྱག་ན་པདྨོའི་འཁྲུངས་སྐར་བསུ། །གྱེར་ཞེས་པ་སྙན་ངག་གི་ཉམས་འདོན་ལུགས་ཤིག་ཏེ་གདངས་འཐེན་པ་དང་སེམས་ཀྱི་ཚོར་འདུ་ངག་ལ་གྱེར་ལྟ་བུ། གྱེར་དབྱངས། གདངས་རིང་འཐེན་པའི་གླུ་དང་རྒྱལ་གླུ་བསྟོད་གླུ་སོགས། ཚད་མའི་ཡོན་ཏན་མ་ངག་ལ་གྱེར་ནས་གདངས་དབྱངས་ལེན་ལྟ་བུའོ།།ལ་དྭགས་བླ་མ་ཆོས་འཕེལ་བཟོད་པས་གསུང་བཤད་ཅིག་གི་སྐབས་འཛམ་གླིང་མཐོ་སྒང་ཧི་མ་ལའི་རི་བོ་ཕར་ཕྱོགས་ཀྱི་བོད་པ་དང་ཚུར་ཕྱོགས་ཀྱི་ལ་དྭགས། གར་ཞྭ། སྤི་ཏི། ཁུ་ནུ། ཟངས་དཀར། མོན། ཤར་བ། འབྲུག་པ་སོགས་ཐུན་མོང་གི་སྤྱི་སྐད་ནི་བོད་ཡིག་ཡིན་པར་གསུངས་འདུག་པ་ནི་དངོས་པོའི་གནས་ཚུལ་རེད། ལ་དགས་པ་ཚོས་མཁས་པ་ལ་ཁ་ནས་བརྗོད་ཚེ་མཁས་སུ་པ་ཞེས་རྗེས་འཇུག་ས་ཡི་སྒྲ་གསལ་བོར་ཐོན་པ་དང་། གར་ཞྭ་བ་ཚོས་བྱན་མོ་ལ་བྷ་ཡན་མོ་ཞེས་ཞེས་ཡ་བཏགས་ཕྲལ་ནས་བརྗོད་པ་ལྟ་བུ་མང་། དེས་ན་ཁོ་ཚོའི་ཁ་སྐད་ལ་ཞིབ་འཇུག་ཡག་པོ་ཞིག་བྱེད་ཐུབ་རྒྱུ་ན་ཐོན་མི་སམ་བྷོ་ཊས་ཡི་གེ་སྐད་དང་མཐུན་པར་་བཟོས་ཞེས་པའི་གོ་དོན་དེ་ཡང་གཤིས་ཕྱིན་པ་བརྙེད་པའི་རེ་བ་འདུག ཡིན་ན་ཡང་མཁས་དབང་དགེ་འདུན་ཆོས་ལྟ་བུ་ཞིག་མེད་ན་ཁག་པོ་ཡིན་རྒྱུ་རེད་བསམ།
༸ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །
མིག་བརྒྱད་པ་ལེགས།
མཐིལ་ཞེས་དག་བཅོས་མཛད་པ་ལེགས། འདུས་པའི་མདུན་ས་མེད་པར་འདུན་ས་ཞེས་འབྲི་བར་མཛོད། ས་པཎ་བཞུགས་དུས་སུ་གཙང་པས་སྔོན་འ་དང་མ་ནོར་འདུག་ཅེས་པ་ལ་དཔགས་ན། དེའི་དུས་སྔོན་འཇུག་ཀྱང་འཐོན་པ་འདྲའོ།
སྒྲོག་དང་སྒྲོགས་ཞེས་པ་འཆིང་བའི་དོན་སྟེ། ཟ་མ་ཏོག་ན་ལྕགས་སྒྲོག་དང་ཆོས་སྒྲོགས་ཞེས་པ་དང་མཐུན་པར་དང་པོ་དེའི་དུས་གསུམ་དང་བསྐུལ་ཚིག་བཅས་ཇི་ལྟར་ཡིན་ནན་ཏན་མ་ངེས། ཕྱི་མ་དེའི་ད་ལྟ་འདས་མ་འོངས་བསྐུལ་ཚིག་བཞི་ལ་གཟུགས། སྒྲོགས་ བསྒྲགས་ བསྒྲག་ སྒྲོགས། འདིའི་ད་ལྟ་བ་ལ་ཡང་ས་ཡང་འཇུག་ངེས་པར་དུ་དགོས། སྒྲོན་མ་དང་སྒྲོན་མེ་གཉིས་ལ་འགྱུར་ཚུལ་ནི་སྔར་སྒྲ་སྒྱུར་སྐབས་སུ་སྔ་མ་དེ་བཞིན་འདོན་པ་དང་། ཕྱིས་སུ་བདག་གིས་བཤད་པ་སྔོན་ལ་ལན་བྲིས་པ་བཞིན་མ་ཡིག་གི་སྲོག་ལ་ཡོད་པའི་ཨ་ཡིག་དེ་ཨེ་ཡིག་ཏུ་ཆགས་ཏེ། བོད་གཞུང་ཕལ་ཆེ་བ་ན་སྒྲོན་མེ་ཞེས་ཡོད། འོན་ཀྱང་ཁུ་ནུ་བླ་མ་རིན་པོ་ཆེས་སྔར་གྱི་སྒྲ་ལ་་རྩིས་སྟངས་མཛད་དེ། བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མ། ཞེས་གསུངས། གྱེར་ཞེས་པ་ང་ལ་ཚིག་གསར་ཡིན། ཉིད་ཀྱིས་གསུངས་པ་བདེན་པའོ། བྱ་ཚིག་རྣམས་བྱ་ཡུལ་ཡོད་མེད་གཉིས་དབྱེ། བྱ་ཚིག་ཕལ་ཆེ་བ་ལ་འཇུག་ཅེས་རྒྱབ་དགོས་ཤིང་། བྱ་ཚིག་མང་པོ་ཞིག་ལ་འཇུག་རྒྱབ་མི་དགོས་པ། དཔེར་ན། འགྱུར་ལ་སྒྱུར་དང་། འཁོར་ལ་སྐོར་དང་། ཞེས་སྔོན་མ་མང་པོ་ཞིག་བསྒྲིགས་ཡོད། བདག་གི་ཡུལ་ལུང་གི་ཁ་སྐད་བཞིན། ལྷོད་དང་། གློད་ཞེས་བྱ་ཚིག་གཉིས་དྲན། དང་པོ་དེ་ཡུལ་ཡོད་བྱ་ཚིག་དང་ཕྱི་མ་དེ་ཡུལ་མེད་བྱ་ཚིག་ཅེས་བཏགས། དེ་ཡང་བརྡ་སྤྲོད་པ་སྔ་མ་དག་གིས་བྱ་བ་དེ་བྱེད་པ་པོ་དང་དངོས་སུ་འབྲེལ་མ་འབྲེ་དང་། བྱ་བྱེད་གཉིས་ཐ་དད་ཡིན་མིན་ཞེས་པ་དེ་ཚིག་དོན་གོ་་དཀའ་བ་དང་། བྱ་ཡུལ་ཡོད་པ་དང་། བྱ་མེད་པ་ཞེས་མིང་བཏགས་ན། བྱ་ཚིག་གང་ཡིན་བྱ་ཡུལ་ཡོད་པ་དང་། བྱ་ཡུལ་མེད་པ་ཞེས་ངོས་གཟུང་བ་སླ་བར་སེམས། ཁྱེད་རྣམས་ན་བྱ་ཚིག་སྐྱེ་དང་སྐྱེད་སོགས་ལྟ་བུའི་བྱ་ཚིག་ལ་དགོངས་ཏེ་འབྲི་བར་མཛོད། ཅེས་་མིག་བརྒྱད་པ་ལེགས་དང་། གཞན་ཡི་གེ་འདི་སྒྲོགས་པར་མཛད་པ་ཡོངས་ལ་ཞུ་བ་ལགས་སོ།།
རྒན་ལ་དྭགས་པ་ལགས། ཉིད་ཀྱིས་གསུངས་པ་ཐུགས་བདེན། འོན་ཀྱང་བདག་གི་རྨོངས་བློར་ཤར་ཚོདལ། དག་ཡིག་ལ་ལར་མདུན་མ་དང་འདུན་མ་གཅིག་པར་ཡང་བཤད་འདུག མདུན་མ་གླེང་བ་ནི་གྲོས་བྱེདཔ། འདུན་མ་ནི་ཐབས་ཇུས་སམ་ཚོགས་འདུ་དང་གྲོས་མོལ། འདུན་ས་ནི་གྲོས་བྱེད་ས། འདུན་སར་གྲོས་བྱེད་ལྟ་བུ། མདུན་ས་ནི་བོད་རྒྱ་ཚིག་མཛོད་ལས་ཚོགས་འདུ་ལ་འཇུག་པར་བཤད། དེ་ལས།
(མདུན་ན་མོ) ཉེ་འཁོར་བ།
(མདུན་སྣེ) མདུན་ཕྱོགས་ཀྱི་སྣེ་མོ།
(མདུན་མ) འདུན་མ་དང་འདྲ།
(མདུན་ཡིག) དྲུང་ན་སྡོད་པའི་ཡི་གེ་འབྲི་མཁན། འདི་ལ་མདུན་ཡིག་པ་ཟེར་ན་བརྗོད་བདེ།
(མདུན་གཡོག) ཉེ་འགྲམ་དུ་སྡོད་པའི་གཡོག་པོ།
(མདུན་རི) མདུན་ཕྱོགས་ན་ཡོད་པའི་རི་བོ།
(མདུན་ངོས) མདུན་ཕྱོགས།
(མདུན་ལམ) ༡་མདུན་ཕྱོགས་ཀྱི་འགྲོ་ལམ། ༢་མ་འོངས་པའི་གནས་ཚུལ།
(མདུན་ལོགས) མདུན་ཕྱོགས།
(མདུན་ཤོག) ༡ ཡི་གེའི་དེབ་ཀྱི་མདུན་ངོས་ཕྱོགས། ༢ དཔེ་ཆའི་ཤོག་ལྡེབ་ཀྱི་མདུན་ཕྱོགས།
(མདུན་ས) ཚོགས་འདུ།
(མདུན་སོ) ཁའི་སོ་མདུན་མ།
(མདུན་སྲུང) མདུན་ནས་སྲུང་སྐྱོབ་བྱེད་མཁན།
(མདུན་བསུ) སྔོན་བསུ་བྱེད་པ།
ཞེས་པ་ལྟར་རོ།། ཉིད་ཀྱིས་གསུངས་པ་ལྟར་བྱ་ཚིག་རྣམས་བྱ་ཡུལ་ཡོད་མེད་གཉིས་དབྱེ་ཆོག་པ་དང་དག་ཡིག་ཟ་མ་ཏོག་ལས། (བྱ་སྒྲོ་བཤད་སྒྲོས་ལྕགས་སྒྲོག་དང་།།ཆོས་སྒྲོགས་པ་དང་ཆུ་ལས་སྒྲོལ) ཞེས་པའི་སྒྲོག་ནི་མིང་རྐྱང་ལ་འཇུག་པ་དང་ཆོས་སྒྲོག་པར་བྱེད་ཅེས་པ་ལྟ་བུའི་སྒྲོག་ནི་བྱ་ཚིག་ལ་འཇུག ཆོས་བསྒྲགས་ཟིན། ཆོས་སྒྲོག་པར་བྱེད། ཆོས་བསྒྲོག་པར་བྱ། ཆོས་སྒྲོགས་ཤིག་ལྟ་བུའོ།། མིང་གདགས་ཚུལ་ལའང་བྱ་བྱེད་བསྐུལ་ཚིག་སོགས་ཀྱི་ཆ་ནས་བཏགས་པ་མང་དུ་ཡོད་པར་མངོན་ནོ།། དག་ཡིག་ཟ་མ་ཏོག་འདི་བོད་ཡིག་ཀ་ཕྲེང་ལ་སྦྱར་བའི་དག་ཡིག་གི་སྲོལ་ཐོག་མ་ཡིན་ཚུལ་གསུང་མཁན་འདུག སྤྱི་ལོ་༡༥༡༤་ལོར་བརྩམས། (ངེས་པར་རྒྱལ་བའི་འཕྲིན་ལས་པ།།གངས་ཅན་ཁྲོད་པའི་བླ་མ་མཆོག།སམ་བྷོ་ཊ་ཞེས་རབ་གྲགས་པའི།།བསྟན་པ་སྡུད་མཛད་ཞབས་ལ་འདུད) འདིའི་མཆན་བུ་ལས། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཁྲི་ཉིས་སྟོང་བ་ལས་སྡུད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་བོད་ཀྱི་ཡུལ་དུ་ནི་བོད་སྐད་ཀྱིས་བྲིས་ཞེས་གསུངས་པས་འདི་སྡུད་པ་པོར་བསྟན་ཞེས་གསུངས་འདུག་གོ། བོད་ནང་ལ་སུམ་རྟགས་དག་གསུམ་གྱིས་མཚོན་པའི་གཞུང་ལུགས་དྲི་མ་མེད་པ་མང་པོ་ཞིག་ཡོད་མོད་ཀྱང་འདི་དག་སློབ་སྦྱོང་བྱ་རིན་ཡོད་པ་དང་མེད། ཇི་སྲིད་བརྡ་དང་ཐ་སྙད་ཀྱི་རིག་གཞུང་ཡོད་པ་དེ་སྲིད་དུ་ནང་བསྟན་གྱི་གཞུང་ཆེན་མོ་དག་སྐད་ཡིག་གི་པང་དུ་གནས་ཐུབ་ལ། དེ་མིན་བཤད་ཚོད་ཐུབ་དཀའ། སྐད་ཡིག་ཡག་པོ་ཡོད་པ་ཙམ་གྱིས་བསྟན་པ་སྐྱོང་ཐུབ་པའི་ངེས་པ་ཡང་མེད་ལ། དེའི་ཕྱིར། སུམ་ཅུ་བའི་རྩ་བ་ལས། བསླབ་ལ་བརྩོན་པའི་གང་ཟག་གིས།།དང་པོ་ང་རོ་རྣམས་ལ་སྦྱང་།།ཞེས་བསླབ་པའི་གོ་རིམ་གསུངས་པ་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་ངོ་།།
གནམ་ལ་ཉི་ཟླ་སྐར་གསུམ།
ས་ལ་སྐུ་གསུང་ཐུགས་གསུམ།
མང་མང་གདུལ་བྱ་རིགས་གསུམ།
བདེ་སྐྱིད་དཔལ་ལ་རོལ་སོང།
བློ་གྲོས་རྩལ་དྲུག་མ་རྫོགས་ཀྱང།
བསྟོད་ཚིག་མགྲིན་པའི་རྫ་རྔ་བོ།
ཅི་དགར་ཉིད་བརྡུང་མཆོད་པའི་སྤྲིན།
རྒྱལ་བ་ཁྱེད་ལ་བློས་བླངས་འབུལ།
མིག་བརྒྱད་པ་ལེགས།
ཐུགས་བརྩོན་ཆེན་པོས་ལན་འབྲི་བར་མཛད་པར་བཀའ་དྲིན་ཆེ།
འདུན་ས་དང་། དགེ་འདུན་གྱི་འདུན་དེ་དག་མཐའ་གཅིག་ཏུ་འདུས་ཞེས་པ་ཡིན། དགེ་འདུན་ཞེས་པར་རྒྱ་གར་་སྐད་དུ། འདུས་པ། ཞེས་ད་ལྟའི་དུས་སུ་ཡང་མི་མངས་ཀྱི་ཚོགས་པའི་མིང་དུ་བཀོལ། འདི་སྐོར་ལ་སྔོན་ལ་ལན་མང་བྲིས། དེ་ཡང་། རྗེས་འཇུག་ན་དང་ས་གཉིས་ཚིག་དག་ལ་ཡང་། གང་རུང་བྲིས་པ། ཟས་དང་ཟན། ཚོས་དང་ཚོན། བོད་རྒྱ་ཚིག་ཆེན་པོ་དེ་རང་རེར་ཉེར་མཁོ་་ཤིན་ཏུ་ནས་ཆེ་བ་ཡིན་ཀྱང་། དེ་ན་ཡོད་ཚད་ལ་ཚད་མར་གཟུང་ན། བཀའ་བསྟན་དག་ན་ཡོད་པའི་ཡོངས་གྲགས་ཀྱི་དག་ཆ་ལ་གནོད་པར་མཐོང་བ་ལགས།
ད་ཐེངས། རྒན་ལ་དྭགས་པས་གོ་རྒྱུ་ཆེན་པོ་ཞིག་གསུངས་འདུག དགེ་འདུན་ཟེར་བའི་ཐ་སྙད་འདི་གང་ནས་བྱུང་མིན་དང་། དམ་ཆོས་འདུལ་བའི་ནང་དུའང་གང་ཟག་སོ་སྐྱེས་དགེ་སློང་བཞི་ཚོགས་པ་ལ་དགེ་འདུན་ཟེར་བར་བལྟས་ན། འདུན་ས་ཟེར་བ་ཚོགས་པར་འཇུག་དགོས་པ་འདྲ། ཡིན་ན་ཡང་ངས་བསམ་པར་མདུན་ས་དང་འདུན་ས་གང་སྦྱར་ནའང་མི་ཆོག་པ་མེད་སྙམ་མོད། ད་དུང་སྐུ་ཉིད་ཀྱིས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ཡོང་བར་ཞུ།
སྟོན་པའི་ལུང་རྟོགས་དམ་པའི་ཆོས། །
ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །
རྒྱན་དྲུག་མཆོག་གཉིས་སྲོལ་བཟང་མཆོག །
མཆོག་གསུམ་རྩ་བ་རབ་ཏུ་གཟིགས། །
ཞེས་པ་འདི་ནི་ཕྲན་གྱིས་ཐོག་མཐའ་སྦྱར་བའི་ཟུང་ལྡན་གྱི་རྒྱན་དང་སྦྱར་བའི་དགོས་པ་ནི། དམ་པའི་ཆོས་ལ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་གསུངས་པ་ལྟར་དེ་དང་ཕྱོགས་མཚུངས་བར་བསམ་ཏེ་བྲིས་པ་ཡིན་ལ། ནམ་རྒྱུན་གོང་ས་མཆོག་གིས་གསུང་ཆོས་ཀྱི་སྐབས་ལ་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་བཟང་ལ་སློབ་གཉེར་བྱ་དགོས་ཚུལ་དང་བསྟོད་བསྔགས་ཚད་མེད་གནང་བཞིན་པ་དེ་བརྗོད་གཞིར་བཟུང་ནས་བྲིས་པ་ཡིན། དེས་ན་དཀོན་མཆོག་ཟེར་བའི་ཐ་སྙད་འདི། ལེགས་སྦྱར་ལྟར་ན། དཔེར་ན། ན་མོ་རཊྣ་ཏྲ་ཡ་ཡ། བོད་སྐད་ལ་བསྒྱུར་ཚེ། རིན་ཆེན་གསུམ་ལ་ཕྱག་འཚལ་ལོ།།ཞེས་བོད་སྐད་ལ་ཇི་བཞིན་བསྒྱུར་ན་དོན་འཁྱར་འཁྱོར་དུ་འགྲོ་ཉེན་ཆེ་བས་ལོ་ཙཱ་བ་དག་གིས་དཀའ་སྤྱད་དུ་མས་ཞིབ་འཇུག་བྱས། བཀའ་བསྟན་ལ་གྲགས་པའི་མིང་འཚོལ་སྡུད་ལན་མང་མཛད་མཐར། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།།མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།།རྒྱན་གྱི་ཕྱིར་དང་མཆོག་ཉིད་ཕྱིར།།འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།།ཞེས་པའི་དཀོན་མཆོག་ཅེས་པའི་ཚིག་གཉིས་པོ་དེར་གཏན་འབེབས་བྱས་པ་རེད། སི་ཏུ་པཎ་ཆེན་གྱིས་སུམ་ཅུ་བའི་མཇུག་ཏུའང་དེ་འདྲ་ཞིག་གསུངས་པ་ངོ་མཚར་ཆེ་བའི་ལེགས་བཤད་མ་རེད་དམ། སྤྱིར་ན་བོད་ཀྱི་བཀའ་བསྟན་གྱི་ཐ་སྙད་ཕལ་ཆེ་བ་ནི་ལེགས་སྦྱར་ནས་ཚུར་གཏན་འབེབས་བྱས་པ་ཞུས་པ་གསལ་བོ་རེད། བཀའ་བསྟན་གྱི་ཐ་སྙད་རྣམས་ལེགས་སྦྱར་ལ་ཁུངས་སུ་བཅོལ་བ་དང་ལ་ལ་རང་སོར་བཞག་པ་ཡང་ཡོད་པ་རེད། དཔེར་ན། པདྨ་ཞེས་པ་བོད་སྐད་ལ་ཆུའི་གོས་ཟེར་བ་དང་དེ་ལྟར་མ་བསྒྱུར་བ་ནི་གོང་ལྟར་འཁྲུལ་ཉེན་ཆེ་བ་ཡིན་སྟབས་རང་སོར་བཞག་པ་མིན་ནམ།