བྱམས་བརྩེ་དང་ཤེས་རབ་ཀྱིས་མི་སེམས་ལ་འོད་སྣང་སྦྱིན་པའི་སྐྱེས་བུ་ཆེན་པོ།
༧གོང་ས་མཆོག དུས་རབས་ཀྱི་སྟོན་པ་ལགས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁམས་ཚན་གྱི་འདུས་མང་ཡོངས་ནས་སྐུ་ཡི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ཤིས་ཚིག་སྙིམ་པའི་མེ་ཏོག
དགའ་ཀླུ་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་༧བཀའ་འགྲེལ་རྩོམ་སྒྲིག་པ།
རྒྱལ་ཀུན་བརྩེ་ཆེན་གཟུགས་ཅན་བཞིན་གྱུར་པ།།
འཛམ་གླིང་ལམ་སྟོན་མིག་དང་རེ་བཅོལ་ཡུལ།།
གངས་ཅན་སྐྱབས་མགོན་ཟླ་མེད་པད་མ་དཀར།།
ཞབས་པད་བསྐལ་པར་གཙུག་ན་མཛེས་གྱུར་ཅིག།
ལེགས་བྱས་དཔལ་མོའི་བགྲོད་པའི་སྐྱ་རེངས་ཀྱིས།།
འཁྲུངས་སྐར་འོད་བརྒྱ་གླིང་འདིར་ཉེར་བསུས་པར།།
བཀྲ་ཤིས་བདེ་ལེགས་ཤིས་ཚིག་བཅས་སྙིམ་པས།།
དཀར་སེར་ཡིད་དགའི་ཕྲེང་མཛེས་ཕྱོགས་སུ་གཏོར།།
སླད་ཀྱང་ཚེ་སྦྱིན་ལྷག་ལྷའི་བྱིན་རླབས་དང་།།
ཤར་ནུབ་སྐྱེ་འགྲོའི་སྔོན་ལས་མི་དམན་མཐུས།།
དགུང་ན་བརྒྱ་དང་བཅུ་གསུམ་བཞེས་ཀྱི་བར།།
འཚོ་གཞེས་དགེ་མཚན་བླ་རུ་མཆེད་པར་སྨོན།།
ཞེས་༧དགའ་ཀླུ་དཔེ་མཛོད་ཁང་ནས་༧འཁྲུངས་སྐར་བསུ་བའི་ཤིས་ཚིག་ཚིགས་བཅད་གཉིས་གསུམ་ཞིག་དགོས་ཞེས་བསྐུལ་ངོར།ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་༧བཀའ་འགྲེལ་རྩོམ་སྒྲིག་པ།བྱང་རྩེ་ཀླུ་འབུམ་ལྷ་རམས་པ་དཔྱི་ས་དྲུང་ཆེན་སྤྲུལ་སྐུ་ནས།ཕྱི་ལོ་༢༠༡༩སྤྱི་ཟླ་༦ཚེས་༢༤ལ་བྲིས་པ་དགེའོ།
རྒྱལ་བ་ཡིད་བཞིན་ནོར་བུ།
(དགའ་ཀླུ་མཁན་སྤྲུལ་དགེ་འདུན་བློ་བཟང་།) སྐབས་བཞི་འཛིན་གྲྭ།
ཁྱད་འཕགས་ལྟ་བའི་རིགས་ལམ་ཕྲ་མོའི་གནད།།
རིག་པའི་རྩལ་གྱིས་ཕྱོགས་མཐར་གདལ་བ་ཡིས།།
གྲགས་སྙན་སྟོང་གསུམ་ཁྱོན་ལ་ལྡིར་བ་ཡི།།
རྒྱལ་དབང་བསྟན་འཛིན་རྒྱ་མཚོར་སྤྱི་བོས་འདུད།།
རྒྱལ་བའི་བསྟན་དང་སྐྱེ་རྒུའི་བདེ་སྐྱིད་དཔལ།།
འཛམ་གླིང་མཐའ་དབུས་ཀུན་ཏུ་སྤེལ་བ་ལས།།
ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བའི།།
རྒྱལ་བ་ཡིད་བཞིན་ནོར་བུའི་འཁྲུངས་སྐར་བསུ།།
༧གོང་ས་མཆོག་དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ་གུས་པ་མཁན་སྤྲུལ་བསྟན་འཛིན་དགེ་འདུན་བློ་བཟང་ནས།
༄༅།།བསྟན་པའི་བདག་པོ་སྟོན་པ་ཐུབ་པའི་དབང་པོ་དང་རིགས་གསུམ་མགོན་པོ་དབྱེར་མེད་པའི་དཔལ་ལྡན་བླ་མ་༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དང་གཉིས་སུ་མ་མཆིས་པ་འཛམ་གླིང་ཆོས་ཀྱི་རྒྱལ་པོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་བཅུ་བཞི་བ་ཆེན་པོ་མཆོག་ལ་བསྟོད་པ་དད་པའི་ཀུ་མུད་འབྱེད་པའི་བསིལ་ཟེར་ཞེས་བྱ་བ།
དགའ་ཀླུ་དགེ་བཤེས་ལྷ་རམས་པ་དགེ་འདུན་ཆོས་འཕེལ། (དཔེ་ཁྲིད་རྒན།)
༡༽དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་།།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས།།
སྟོང་ཉིད་སྙིང་རྗེའི་ལམ་བཟང་གསལ་མཛད་པའི།།
འཛམ་གླིང་མཁས་པ་ཡོངས་ཀྱི་རྒྱན་གཅིག་པུ།།
རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས།།
༣༽འཛམ་གླིང་ཆེ་དགུའི་བློ་མུན་ཡོངས་བསལ་ནས།།
ཕན་བདེའི་པད་ཚལ་འབུམ་ཕྲག་ཅིག་ཅར་དུ།།
རྒྱས་མཛད་བྱམས་བརྩེའི་འོད་སྣང་འབར་བ་ཅན།།
འཛམ་གླིང་ཆོས་ཀྱི་རྒྱལ་པོར་མགོས་ཕྱག་འཚལ།།
༤༽ཆགས་སྡང་འཇོམས་བྱེད་རྟེན་འབྱུང་ཕྲ་མོའ་ིདོན།།
བྱམས་བརྩེས་དྲངས་པའི་གསུང་དབྱངས་དབྱར་གྱི་རྔ།།
ཤེས་རིག་མྱུ་གུ་རྒྱས་ཕྱིར་སྒྲོགས་མཛད་པ།།
རྒྱལ་མཆོག་ཆུ་འཛིན་དབང་པོར་གུས་ཕྱག་འཚལ།།
༥༽མགོན་ཁྱེད་མཐོང་ཐོས་དྲན་དང་མོས་བྱེད་པའི།།
འགྲོ་ཀུན་བདེ་དགའི་དཔལ་ལ་འགོད་མཛད་ཅིང་།།
མཛད་བཟང་གང་ལ་སྐུར་འདེབས་བྱེད་པ་ཡི།།
བློ་དམན་དག་ཀྱང་སྐྱོབ་པའི་མགོན་ལ་འདུད།།
༦༽གཟུར་གནས་འཛམ་གླིང་དཔྱོད་ལྡན་བུང་བའི་ཚོགས།།
མཐའ་དག་ཞི་བདེའི་ལམ་བཟང་པད་ཚལ་དུ།།
རང་དབང་སྦྲང་རྩི་མྱོང་ལ་སྤྲོ་མཛད་པའི།།
རིགས་པའི་ཉིན་བྱེད་རྒྱལ་བའི་དབང་བོར་འདུད།།
༧༽འགྲོ་ཀུན་ཡ་རབས་སྤྱོད་ཚུལ་ཆུ་བོའ་ིརྒྱུན།།
བྱེ་བ་ཕྲག་བརྒྱ་དུས་དང་གནས་སྐབས་ཀུན།།
རྒྱུན་མི་ཆད་དུ་འབེབས་ལ་ངལ་མེད་པར།།
ལེགས་བཤད་ཆུ་གཏེར་འཕེལ་བའི་མགོན་ལ་བསྟོད།།
༨༽ཕྱི་ནང་དངོས་པོའི་གནས་ཚུལ་ཇི་བཞིན་དུ།།
གནའ་དེང་མཁས་པས་བཤད་སྲོལ་ཐུགས་ཆུད་ནས།།
སྨྲ་མཁས་རི་དྭགས་འབུམ་གྱི་ཚོགས་དབུས་སུ།།
བདེན་ཚིག་སེང་གེའི་སྒྲ་ཆེན་སྒྲོགས་ལ་བསྟོད།།
༩༽སྟོང་ཉིད་སྡེར་ཕྲེང་ཆེ་ཆེར་གཡོ་བ་ཡི།།
རྟེན་འབྲེལ་ཟབ་མོའི་གསུང་དབྱངས་ང་རོ་ཡིས།།
བདེན་འཛིན་གླང་ཆེན་མྱོས་པར་འཇིགས་སྟེར་བའི།།
རྒྱལ་མཆོག་སྨྲ་བའི་སེང་ཆེན་གང་ལ་འདུད།།
༡༠༽བདེན་གསུང་བདེན་པར་གསུངས་པའི་ལེགས་བཤད་གང་།།
དེ་ཡང་བསྲེགས་བཅད་བརྡར་པའི་གསེར་བཞིན་དུ།།
རིགས་ལམ་ཚད་མས་ལེགས་པར་སྦྱངས་པ་ཡི།།
བཀའ་གསུང་ཉིད་ལ་སུ་ཞིག་གླགས་ཐོབ་འགྱུར།།
༡༡༽གནའ་དེང་རིག་པའི་གཞུང་ལུགས་མཐའ་དག་ལ།།
ལེགས་སྦྱངས་མཁས་པ་སྟོང་གི་དཀྱིལ་འཁོར་དུ།།
མགོན་པོ་གང་གི་བདེན་གསུང་རབ་གསལ་འོད།།
ཀུན་ནས་འཕྲོ་མཛད་སྨྲ་བའི་ཉི་མ་རྒྱལ།།
༡༢༽ལེགས་བཤད་འོད་དཀར་རབ་ཏུ་རྒྱས་པ་དང་།།
གཞན་ཕན་ལྷག་བསམ་ཆ་ཤས་ཡོངས་རྫོགས་པའི།།
རྒྱལ་མཆོག་མཚན་མོའི་མགོན་པོ་ཁྱོད་ཤར་བས།།
འཛམ་གླིང་ཀུན་ལ་ཞི་བདེའི་བསིལ་བ་བསྐྲུན།།
༡༣༽འགྲོ་དོན་འབའ་ཞིག་དུས་ཀུན་དགོངས་ནས་ནི།།
འགྲོ་ཀུན་ཕན་བདེའི་རྩ་ལག་བྱམས་བརྩེའི་བློ།།
འགྲོ་བ་ཀུན་ལ་མཁོ་ཆེར་ལེགས་གཟིགས་ཏེ།།
འགྲོ་ལ་སྟོན་མཛད་སྐྱབས་མགོན་རྒྱལ་བ་མཆོད།།
༡༤༽ཐུབ་བསྟན་སྤྱི་དང་ཁྱད་པར་གངས་ལྗོངས་ཀྱི།།
མདོ་སྔགས་ཟུང་དུ་འབྲེལ་བའི་རིང་ལུགས་མཆོག
།ཡོངས་རྫོགས་ཉམས་པ་མེད་པར་རྒྱས་མཛད་པའི།།
ཡོངས་རྫོགས་བསྟན་པའི་བདག་པོར་དུས་ཀུན་འདུད།།
༡༥༽འཛམ་གླིང་སྐྱེ་དགུར་ཕན་པའི་ཁུར་ཆེན་པོ།།
མགོན་ཁྱོད་ལྷག་བསམ་ཕྲག་པར་བླངས་ནས་ནི།།
འཛམ་གླིང་ས་ཆེན་ཡངས་པོར་ཞབས་བཅག་ནས།།
ངལ་མེད་ལམ་སྟོན་མཛད་པའི་མགོན་ལ་བསྟོད།།
༡༦༽སྐྱབས་མགོན་ཆེན་པོའི་ཞལ་གསུང་རེ་རེ་ཡང་།།
འགྲོ་བ་ཀུན་ལ་ཕན་པའི་གྲོགས་གྱུར་པས།།
འཛམ་གླིང་ཞི་བདེའི་ཕུལ་བྱུང་གཟེངས་རྟགས་སོགས།།
གཟེངས་རྟགས་བརྒྱ་ཕྲག་བཞེས་པའི་མགོན་ལ་འདུད།།
༡༧༽རྒྱུན་ཆད་མེད་པར་ལེགས་བཤད་བདུད་རྩིའི་རྒྱུན།
།འཛམ་གླིང་མཁས་མང་ཐུགས་ཀྱི་བཅུད་བསྡུས་པ།།
འདོམས་ལ་ཟླ་བྲལ་འགྲོ་བ་ཡོངས་ཀྱི་མགོན།།
རྒྱལ་མཆོག་བསྟན་འཛིན་རྒྱ་མཚོས་རྟག་སྐྱོངས་ཤིག།
༡༨༽ཕན་བདེ་པདྨོ་འབྱེད་ལ་འཛམ་གླིང་འདིར།།
བཅུ་གཉིས་བདག་པོ་ཇི་བཞིན་ལྷམ་མེ་བར།།
མངོན་པར་གསལ་བའི་སྐྱབས་མགོན་རྒྱལ་དབང་མཆོག
འཛམ་གླིང་ཆེ་དགུ་ཀུན་གྱིས་བསྔགས་ལ་འདུད།།
༡༩༽མགོན་པོ་ཁྱོད་ཀྱི་ཡོན་ཏན་མཚོ་ཆེན་ལས།།
སྐྲ་ཡི་རྩེ་མོས་བཟུང་བའི་ཐིགས་པ་ལྟར།།
ཡོན་ཏན་བསྔགས་པའི་འདབ་བརྒྱ་བཞད་པ་འདི།།
དངོས་ཡོད་གནས་ཚུལ་ཉི་མའི་འོད་ཀྱིས་ཕྱེ།།
༢༠༽དེ་ལྟར་མགོན་པོ་གང་གི་ཡོན་ཏན་གྱི།།
མེ་ཏོག་ཕྲེང་མཛེས་སྤེལ་བའི་དགེ་རྩ་ལས།།
འགྲོ་ཀུན་སྐྱབས་མཆོག་ཁྱེད་དང་མི་འབྲལ་ཞིང་།།
བདག་སོགས་སྐྱེ་བ་ཀུན་ཏུ་རྗེས་འཛིན་ཤོག།
༢༡༽ནམ་མཁའ་ཇི་སྲིད་གནས་པ་དེ་སྲིད་དུ།།
གནས་ཏེ་འགྲོ་བའི་སྡུག་བསྔལ་སེལ་བ་ཡི།།
ཞལ་བཞེས་གནང་བ་ཇི་བཞིན་ངལ་མེད་དུ།།
འགྲོ་དོན་རྒྱ་ཆེར་མཛད་བཞིན་རྟག་བཞུགས་གསོལ།།
ཞེས་པའི་བསྟོད་ཚིག་འདི་འཛམ་གླིང་ཆོས་ཀྱི་རྒྱལ་པོ་༧སྤྱི་ནོར༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་སྐུ་འཁྲུངས་ནས་དགུང་ལོ་གྱ་ལྔ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་བསུ་བའི་ཆེད་དུ་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ༧ཚེས་༡ཉིན་དགའ་བྱང་ཀླུ་འབུམ་དགེ་བཤེས་ལྷ་རམས་པའི་མིང་འཛིན་པ་དགེ་འདུན་ཆོས་འཕེལ་ནས་དད་པའི་ཀུན་སློང་དང་བཅས་བྲིས་པ་དགེ་ལེགས་འཕེལ།།
སྙིགས་དུས་ཀྱི་རྒྱལ་སྲས།
དགའ་ཀླུ་ལྷ་རམས་པ་བསོད་ནམས་རྒྱ་མཚོ། དཔེ་ཁྲིད་རྒན།
རྟེན་འབྱུང་ལྟོས་གྲུབ་ཕྲ་རགས་ཟབ་མོའི་གནས།།
ཇི་བཞིན་གཟིགས་པ་དུས་ཀྱི་སྟོན་པ་མཆོག །
མཚན་ཙམ་ཐོས་ཀྱང་ཡིད་ཀྱི་གདུང་བ་སེལ།།
འཛམ་གླིང་སྐྱེ་དགུའི་དཔུང་གཉེན་དམ་པར་མཆོད།།
གཉུག་མའི་འོད་གསལ་ཆོས་ཀུན་དབྱིངས་ལ་ཐིམ།།
གཉུག་ལུས་ཕྲ་མོ་སྒྱུ་མའི་གར་ལ་རོལ།།
གཉུག་མའི་དུས་ནས་སྤངས་རྟོགས་ཟུང་དུ་འཇུག།
གཉུག་སེམས་དབང་བསྒྱུར་དོན་གཉིས་ཅི་ཡང་མཛད།།
སྙིགས་དུས་མགོན་ཁྱེད་སྐྱེ་བ་མི་མངའ་ཡང་།།
སེམས་ཅན་དོན་དུ་སེམས་པའི་རྣམ་རོལ་བ།།
གངས་ཅན་བསོད་ནམས་སྐལ་དུ་ཉེར་འཁྲུངས་པ།།
དགའ་བའི་ཤིས་ཚིག་མེ་ཏོག་ཕྲེང་བ་གཏོར།།
དད་པའི་རང་མདངས།
དགའ་ཀླུ་དགེ་བཤེས་དཔལ་བཟང་རྒྱ་མཚོ།
སྐུ་ཡི་ལང་ཚོ་མདོ་ཁམས་སྨད་ནས་འཛུམ།།
གསུང་གི་འཕྲིན་ལས་དབུས་གཙང་ཞིང་དུ་རྒྱས།།
ཐུགས་ཀྱི་བརྩེ་བྱམས་འཛམ་གླིང་ཁྱོན་ལ་སྙོམས།།
བདག་གི་སྟོན་མཆོག་སྲིད་ཞིའི་མགོན་དུ་ཕེབས།།
གངས་དཀར་རི་ལུང་མཛེས་པའི་འཇིག་རྟེན་དུ།།
བསོད་ནམས་སྐལ་བར་འཛུམ་པ་ལྷའི་མེ་ཏོག།།
བྱིན་རླབས་ཟིལ་དངར་རྫོགས་པའི་བསུང་ཞིམ་གྱིས།།
མཁའ་ཁྱབ་སྐྱེ་དགུའི་བརྟན་པ་ཅིག་ཅར་གྲོལ།།
རྒྱལ་ཀུན་བརྩེ་བའི་རང་གཟུགས་གྲུ་འཛིན་མགོན།།
ལྷོ་གླིང་ཞི་བསིལ་བདེ་བས་དབུགས་དབྱུང་བ།།
གཞན་ཕན་མཛད་བཟང་དཀར་པོས་སྲིད་པའི་ཁམས།།
ཡོངས་བཟུང་བྱིན་རླབས་སྣང་བ་འབར་གྱུར་ཅིག།།
ཅེས་དད་གསུམ་མེ་ཏོག་འཛུམ་པའི་སྙིམ་པ་མཐོ་རུ་བཏེགས་ཏེ་གུས་པ་བླ་ན་མེད་པ་དང་བཅས་དགའ་བྱང་ཀླུ་འབུམ་པ་དཔལ་བཟང་རྒྱ་མཚོས།།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་བསྟོད་པའི་ཚིགས་སུ་བཅད་པ་ཏམ་བུ་ར་ཡི་རྒྱུད་མང་ཞེས་བྱ་བ།
དགའ་ཀླུ་དགེ་བཤེས་ལྷ་རམས་པ་སྒོ་དམར་བསྟན་འཛིན་འོད་ཟེར། དགའ་བྱང་སློབ་གྲྭའི་འགན་འཛིན།
བཟང་བོའི་ལས་ཀྱི་ཞིང་ས་མ་སྨིན་ཅིང་།།
ནག་ཕྱོགས་དབང་ཐང་དར་བའི་དུས་དེ་ལ།།
གངས་ཅན་ཞིང་དུ་སྨག་རིམ་འཐིབས་པའི་ཚེ།།
ཁྱོད་སྐུ་ཉི་མ་གཞོན་ནུ་འཆར་བ་ན།།
མགོན་སྐྱབས་བྲལ་བའི་འཛམ་གླིང་ས་ཆེན་བཞིའི།།
དུ་ཁས་མནར་བའི་སྐྱེ་འགྲོ་མཐའ་དག་ལ།།
གཏན་དུ་བདེ་བའི་འོད་སྣང་གསར་བ་ཞིག།།
འཇིག་རྟེན་ཀུན་གྱི་གཙུག་རྒྱན་ལྟ་བུར་འཆར།།
ཆུ་སྲིན་རྒྱལ་མཚན་ཅན་གྱིས་ནི།།
དེང་འདིར་ཟླ་མེད་བསིལ་ཟེར་ཅན།།
གླགས་འདོད་བསམ་པ་ཡོངས་བཏང་སྟེ།།
ནུབ་རིའི་ཕག་ཏུ་ཡིབས་པ་བཞིན།།
སུ་དང་གང་གིས་འགྲན་བཟོད་པའི།།
རྣམ་དཔྱོད་ཡངས་པའི་སྐྱེས་བུ་འགའ།།
རྒྱལ་བས་ཀྱང་ནི་རྙེད་དཀའ་ན།།
ཕལ་བས་ངལ་བ་ཅིས་མི་སྤོངས།།
གང་གི་བྱམས་བརྩེ་འོད་དཀར་ཅན།།
ཤར་རིའི་ཕྲག་པར་འཛེག་པའི་ཚེ།།
ཤེས་ལྡན་ཀུན་དའི་ཚོགས་རྣམས་ཀྱི།།
འཛུམ་པའི་འདབ་མ་ཀུན་ནས་གྲོལ།།
རིང་ནས་གོམས་པའི་ཟླ་མེད་ཐུགས་རྗེ་དེས།།
བདག་སོགས་གངས་ལྗོངས་འགྲོ་བ་མ་ལུས་པ།།
ཇི་སྲིད་བླ་མེད་བྱང་ཆུབ་མ་འཐོབ་པ།།
དེ་སྲིད་གྲལ་གྱི་མཐའ་མར་རྗེས་སུ་ཟུངས།།
དགའ་བྱང་སློབ་གྲྭའི་འགན་འཛིན་ལྷ་རམས་པ་བསྟན་འཛིན་འོད་ཟེར་གྱིས་ཟླ་ཚེས་བཟང་བོ་ལ།
རྗེས་དྲན་ཚིགས་བརྒྱད་མ།
དགའ་ཀླུ་ལྷ་རམས་པ་དཔྱི་ས་དགེ་འདུན་ཐོགས་མེད།
བརྩེ་བའི་རང་མདངས་འོད་དུ་འཁྱིལ་བའི་ལྷ།།
ཕྱག་ན་པད་མོའི་ཐུགས་རྗེ་སྤྱན་གྱི་རས།།
ཁ་བའི་འགྲོ་ལ་གཟིགས་པ་མ་གཡེལ་པའི།།
སྤྲུལ་བའི་རོལ་གར་གསུམ་ལྡན་བླ་མར་འདུད།།
མདོ་ཁམས་གཡེར་མོ་ཐང་ལ་བྱིན་ཆགས་པའི།།
ཙོང་ཁའི་སྙན་པ་འཕུར་བའི་གཞིས་ཁྱིམ་དུ།།
ལྟེ་བའི་མཚལ་ཐིགས་འཕོས་པའི་དགེ་ལེགས་ཀྱིས།།
འཛམ་གླིང་ཤིས་པའི་སྒོ་འཕར་ཡང་གཅིག་ཕྱེས།།
ལྷ་དང་བླ་མས་བདེན་ཚིག་བརྡར་བ་ལས།།
ཨ་ཀ་མ་ཡི་ཡི་གེ་འབྲུ་གསུམ་གྱིས།།
གངས་རིའི་ལྗོངས་ཀྱི་མེ་ཏོག་ཕོག་པའི་ལྷར།།
འཁྲུལ་མེད་ལུང་བསྟན་ངོ་མཚར་གཏམ་གྱི་གཞི།།
ལུགས་གཉིས་དཔལ་གྱི་མཛེས་པ་ནུབ་གྱུར་ཅིང་།།
རྒྱ་སྟག་མཆེ་བའི་ཕྲག་ན་ཕྱིར་མིག་ཅན།།
ཁ་བའི་སྲིད་འབྱོར་ཉག་ཕྲ་རི་བོའི་ཁུར།།
ལང་ཚོ་གཞོན་ཡང་ཐུགས་བསྐྱེད་ཤེད་ཀྱིས་བཏེགས།།
ཤར་གླིང་གཤེད་མ་དང་པོའི་གཡོ་འཕྲུལ་གྱིས།།
ཁ་བའི་རི་ལ་ཁྲག་གི་ཚོན་བྱུགས་ཚེ།།
གངས་ཀྱི་རི་ལས་འཕགས་པའི་ཡུལ་བྱོལ་བ།།
རྐྱེན་ངན་གྲོགས་སུ་འཁྱེར་བའི་རྣམ་ཐར་ཡོད།།
སྤྱོད་པ་འཚེ་མེད་ཞི་བའི་གདུགས་དཀར་པོ།།
ལྟ་བ་རྟེན་འབྱུང་དཔུང་པ་བརྟན་པོས་བཏེགས།།
འཕྲིན་ལས་གྲིབ་བསིལ་སྣུམ་པོས་ས་ཆེན་འདིར།།
ཞི་བདེ་དགའ་འབོད་བསླངས་པའི་ཆེད་བརྗོད་ཡོད།།
ཐུགས་བསྐྱེད་དམ་བཅའ་རྣམ་གསུམ་རི་བོའི་གཤིས།།
འཕྲིན་ལས་ཉི་ཟླའི་འོད་དང་འགྲོགས་པ་ལས།།
འཇིག་རྟེན་ཆེ་དགུ་ཡོངས་ལ་སྔོན་མེད་པའི།།
རྣམ་དཔྱོད་བློ་མིག་བསྩལ་བའི་བཀའ་དྲིན་ལྕི།།
དད་པའི་སོར་མོ་པདྨའི་འཛུམ་བག་ཅན།
བདེ་ཆེན་འཁོར་ལོའི་རྒྱན་གྱུར་འཛིན་མའི་གཞིར།།
མངོན་པར་བཏུད་པས་གསོལ་བདེབས་དབྱངས་ཀྱི་སྒྲ།།
སྟོང་ཉིད་སྙིང་རྗེ་མ་དང་ལྷན་ཅིག་བསྒྲགས།།
ལྷ་རམས་པ་དཔྱི་ས་དགེ་འདུན་ཐོགས་མེད་ཀྱིས་གནས་མཆོག་རྡ་རམ་ས་ལ་ནས།
འཁྲུངས་སྐར་ལ་ཕུལ་བའི་མཆོད་པ།
སེང་གཤོང་དགེ་འདུན་སྐལ་བཟང་། ལྷ་རམས་གཉིས་པ།
སྐུ་ཡི་བཀོད་པ་སྟག་འཚེར་ཁབ་དུ་བལྟམས།།
ཤེས་བྱའི་བློ་གྲོས་ཆོས་ལྡན་ཞིང་ནས་རྫོགས།།
གསུང་གི་འཕྲིན་ལས་ཤར་ནུབ་ཡུལ་ལ་རྒྱས།།
ཞི་བདེ་ལམ་སྟོན་༧རྒྱལ་བའི་དབང་པོར་འདུད།།
ཚན་རྩལ་ཡོ་ལང་རྒོད་པའི་དུས་རབས་འདིར།།
ཆོས་མེད་ཡུལ་ནས་ཐབས་ཤེས་ཟུང་འཇུག་ལམ།།
གསལ་བར་བསྟན་པས་ཚན་རྩལ་མཁས་པའི་ཚོགས།།
ཞི་བདེ་དེད་དཔོན་ཞེས་པའི་མཚན་གསོལ་རྨད།།
རྨོངས་པའི་འཁྲུག་ལོང་རྒོད་པའི་དུས་རབས་འདིར།།
དམིགས་མེད་བརྩེ་བས་རྟེན་འབྱུང་དབུ་མའི་ལམ།།
གསལ་བར་སྟོན་པའི་མུན་སེལ་སྒྲོན་མེ་མཆོག།
སྐུ་ཚེ་མི་ཤིགས་རྡོ་རྗེ་བརྟན་གྱུར་ཅིག།།
ཕྱི་ལོ་༢༠༡༩ཟླ་༧ཚེས་༦སྟེ་འཁྲུངས་སྐར་ཉིན་རང་ཤག་ནས་དགེ་འདུན་སྐལ་བཟང་གིས།
དུས་ཀྱི་སྟོན་པ་ཆེན་པོ།
དགའ་ཀླུ་སྒོ་དམར་བསྟན་འཛིན་མཐར་ཕྱིན། ལྷ་རམས་ལོ་རིམ་གཉིས་པ།
བསྟན་པའི་སྙིང་བོ་བྱམས་དང་སྙིང་རྗེ་སོགས།།
འཛིན་མའི་ཁྱོན་འདིར་ལེགས་པར་སྤེལ་མཛད་དེ།།
ཁམས་གསུམ་འགྲོ་ཀུན་གཏན་བདེར་བཀོད་པ་ཡི།།
༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞབས་ལ་འདུད།།
སྔོན་གྱི་ཐུགས་བསྐྱེད་དམ་བཅའི་མཐུ་དཔུང་གིས།།
གངས་ལྗོངས་ཆོས་ལྡན་ཞིང་གི་གདུལ་བྱ་རྣམས།།
འཚེ་མེད་ཞི་བདེའི་ལམ་ལ་བཀོད་པ་ཡི།།
འཕགས་མཆོག་ཕྱག་ན་པད་མོར་གུས་པས་མཆོད།།
ཙོང་ཁའི་ཡུལ་གྱི་སྟག་འཚེར་རི་གྲོང་དེར།།
སྐུ་ཡི་པདྨོ་མངོན་པར་འཁྲུངས་པ་ན།།
མཚན་སྙན་རབ་ཏུ་རྒྱས་པའི་དོན་གྲུབ་ཅན།།
རྒྱལ་སྲས་བྱང་ཆུབ་ཆེན་པོར་གུས་ཕྱག་འཚལ།།
ལྷ་ལྡན་དབུས་གཙང་ཆོས་ཀྱི་ཞིང་ཁམས་དེར།།
རྣམ་དཔྱོད་བློ་གྲོས་གོ་ཆ་ལེགས་བགོས་ནས།།
གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པ་ཡི།།
རིག་པའི་དཔའ་བོ་ཁྱེད་ལས་གཞན་སུ་ཞིག།།
ཧ་ཅང་སྙིགས་མ་ལྔ་ཡི་དུས་སྐབས་འདིར།།
གང་གི་ཞལ་གསུང་བདུད་རྩི་རེ་རེ་ཡིས།།
འགྲོ་ཀུན་ཞི་བའི་དཔལ་ལ་བཀོད་པ་ན།།
ཞི་བདེ་དེད་དཔོན་ཞེས་པའི་མཚན་སྙན་རྒྱས།།
ནག་ཕྱོགས་རྣམས་ཀྱིས་ཇི་ལྟར་རྒོལ་ན་ཡང་།།
བྱམས་བརྩེའི་ཐུགས་རྗེས་ནམ་ཡང་མ་དོར་ཞིང་།།
ཐུགས་རྒྱུད་ལམ་བཟང་བསྐྲུན་ལ་བརྩོན་པ་ཡི།།
དུས་ཀྱི་སྟོན་པ་ཆེན་པོ་ཁྱེད་ལས་སུ།།
དེ་ལྟར་གང་གི་མཛད་བཟང་ཆ་ཤས་ཙམ།།
མངོན་པར་བསྟོད་པའི་དགེ་བའི་རྩ་བ་འདིས།།
སྐུ་ཡི་ཞབས་པད་རབ་ཏུ་བརྟན་གྱུར་ནས།།
མྱུར་དུ་ཆོས་ལྡན་ཞིང་དུ་བྱོན་གྱུར་ཅིག།།
༧གོང་ས་མཆོག་དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ་སྒོ་དམར་བསྟན་འཛིན་མཐར་ཕྱིན་ནས།
༸གོང་ས་མཆོག་ལ་བསྟོད་པ།
དགའ་ཀླུ་ངག་དབང་བསྟན་པ། བཀའ་རམས་གཉིས་པ།
མདོ་སྨད་ཙོང་ལ་རིང་མོའི་གུར་ཁྱིམ་དུ།།
འཁོར་འདས་མཁྱེན་པའི་ཉི་གཞོན་ཁྱོད་ཤར་བས།།
ཐུབ་བསྟན་པད་ཚལ་ད་ནི་རྒྱས་སོང་ཞེས།།
གཟུར་གནས་བུང་བའི་ཚོགས་རྣམས་དགའ་བས་མྱོས།།
དུས་ངན་སྙིགས་མའི་སྲིད་པའི་ཡང་མཐའ་རུ།།
མཚོན་ཆའི་འཕྲུལ་གྱིས་འཇིག་རྟེན་དབང་བསྒྱུར་དུས།།
ཐབས་ཤེས་སྤྱན་ཟུང་གཡོ་བའི་མགོན་ཁྱེད་ཀྱིས།།
བྱམས་བརྩེ་ཕྱོགས་མཐར་སྤེལ་འདིས་ཡིད་རབ་བརྟས།།
རབ་འབྱམས་ཤེས་བྱའི་རྒྱ་མཚོ་བརྒལ་བ་ལ།།
དཀའ་གནད་མདུད་རྒྱ་གྲོལ་ལ་མཁྱེན་པའི་རྩལ།།
ལྷ་ཆེན་ཚངས་པའི་བློ་ལ་ཤོང་མིན་པས།།
སྙན་པའི་གྲགས་པ་སྲིད་གསུམ་ཁྱོན་ན་ལྡིར།།
འཛམ་གླིང་སྐྱེ་དགུའི་བསོད་ནམས་ཞིང་ས་ལ།།
ཟབ་རྒྱས་ཆོས་ཀྱི་ཆར་ཟིམ་ཅི་དགར་འཇོ།།
གངས་རིའི་སྲིད་ཀྱི་ཁྲི་ལ་དབང་བསྒྱུར་ཏེ།།
དམངས་གཙོའི་ལམ་སྲོལ་སྔར་མེད་གསར་དུ་བསྐྲུན།།
གང་སྐུ་རི་རྒྱལ་ལྷུན་པོའི་དཀྱིལ་འཁོར་ལ།།
འཕྲིན་ལས་འོད་སྟོང་འབར་བའི་སྒེག་པ་འཛུམ།།
གཞན་ཕན་དྲི་ངད་ཕྱོགས་བཅུར་འཐུལ་བ་ན།།
ཐར་འདོད་བུང་བས་འཕུར་ལྡིང་གར་དུ་རྩེན།།
མི་མཐུན་རིག་པའི་ལྟ་གྲུབ་སྒོ་མང་ཡང་།།
བྱམས་བརྩེ་རིན་ཐང་སྟོན་ལ་ཁྱད་མེད་ཅེས།།
རྨད་བྱུང་བཀའ་སློབ་གསེར་གྱི་ཐག་པ་ཡི།།
ཆོས་ལུགས་མཐུན་སྒྲིལ་ལག་ཟུང་སྦྲེལ་འདི་རྨད།།
༧གོང་ས་མཆོག་དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ་གུས་ཕུལ།
འཛམ་གླིང་གི་ཉི་མ།
དགའ་ཀླུ་སྦྱིན་པ་དར་རྒྱས། བཀའ་རམས་དང་པོ།
འགྲོ་བའི་བསོད་ནམས་ཆུ་གཏེར་ལས་འཁྲུངས་རྒྱལ་སྲས་ཟླ་བ་གཞོན་ནུ་གང་།།
སྤངས་དང་རྟོགས་པའི་དཀྱིལ་འཁོར་རྒྱས་པའི་འཛུམ་ཞལ་གླིང་འདིར་ངོམས་པ་ན།།
མི་ཤིས་མཚན་མས་འཇིག་རྟེན་རྒུད་པའི་སྨག་ཆེན་མུན་པ་ཡོངས་བསལ་ཏེ།།
འགྲོ་ཀུན་བདེ་བའི་ལམ་བཟང་སྟོན་མཛད་མགོན་ཁྱོད་འཁྲུངས་སྐར་རྟེན་འབྲེལ་ཞུ།།
གངས་ཅན་རི་ཡི་བསྐོར་བའི་ལྗོངས་ཀྱི་བསྟན་འགྲོའི་ཕན་བདེ་འབྱུང་གནས་དང་།།
ཁྱད་པར་འཛམ་བུས་སྒྲས་བསྟན་གླིང་འདིའི་སྐྱེ་དགུ་སེམས་ཅན་ཡོངས་ཀྱི་སླད།།
ཁྱེད་སྐུ་མི་ཤིགས་རྡོ་རྗེར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མ་ལུས་པ།།
འགྲུབ་པར་སྨོན་ཞིང་དགེ་ལ་བརྩོན་པའི་གདུལ་བྱའི་ཚོགས་ཀུན་རྗེས་བཟུང་གསོལ།།
ཞེས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་རང་ཅག་ཁ་བ་རི་བ་རྣམས་ཀྱི་འཚོ་གནས་ཀྱི་བླ་སྲོག་ལྟ་བུར་གྱུར་བ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་གྱ་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་ལ།༧རྗེ་ཀླུ་འབུམ་ཁམས་ཚན་ནས་འཁྲུངས་སྐར་བསུ་བའི་སྨོན་ཚིག་དུ་ཁམས་ཚན་གྱི་གྲལ་མཐར་གཏོགས་པ་གུས་པ་སྦྱིན་པ་དར་རྒྱས་ནས་ས་བཅད་མ་སྟོང་བ་ཙམ་ཞིག་གི་ཚུལ་དུ་སྒོ་གསུམ་གུས་པའི་ཕུལ་བ་ལགས།
ཤེས་རབ་ཀྱི་དེད་དཔོན་ཆེན་མོ།
དགའ་ཀླུ་འཇམ་དབྱངས་འོད་ཟེར། མཛོད་རྙིང་འཛིན་གྲྭ།
རི་བོ་རྩེ་ལ་ལྷ་ཡི་རྨུ་ཐག་འཐེན།།
མི་ཡི་སེམས་ལ་དད་པའི་གྲོང་ཁྱེར་ཆགས།།
ལྷ་ཡི་ལུང་བསྟན་མང་བའི་གངས་ཅན་པར།།
ཁྱེད་སྐུ་འཁྲུངས་པ་དད་པའི་བྱིན་རླབས་ཡིན།།
སྐུ་དྲགས་བཙན་པོས་ཐེག་པར་མ་ནུས་ཤིང་།།
སྲིད་པའི་ལྷ་ཆེན་དག་ཀྱང་སྐྱོ་དུས་སུ།།
མུན་པའི་དཔུང་ཆེན་གཤེགས་པ་ཁྱེད་གཅིག་བུ།།
ཡིན་པའི་ཚུལ་འདི་བསམ་ན་ཞེ་ནས་དད།།
ཟླ་འོད་མོག་མོག་ཡིན་པའི་མཚན་མོ་དེར།།
ཞི་བསིལ་གླེགས་བམ་འདུན་གྱི་སྨོན་ལམ་དང་།།
འགྲོ་ཀུན་སྐྱོབས་པའི་ཐུགས་བསྐྱེད་དམ་བཅའ་དེས།།
དུས་ཀྱི་སྟོན་པར་བཞེངས་པའི་དབུ་ཁྱུད་བྲིས།།
ཤེས་རབ་འོད་ཀྱིས་སྣང་བ་དཀར་པོ་ཡིས།།
འཛམ་གླིང་རིགས་པས་སྐོར་བའི་ལོ་རྒྱུས་བཞག།།
རྨད་བྱུང་གཏམ་གྱི་སྦྱོར་བ་རེ་རེ་ཡིས།།
འགྲོ་བའི་ཡིད་ལ་བརྩེ་བའི་ས་བོན་བསྐྲུན།།
སྲོང་བཙན་སྒམ་པོའི་དུས་སུ་མ་དར་ཞིང་།།
ནུབ་གླིང་མཁས་པའི་ཡིད་ལ་མ་དྲན་པའི།།
དད་པའི་རྭ་བ་བརྒལ་བའི་བྱམས་བརྩེ་ཡིས།།
མི་ཡི་སེམས་ལ་འོད་ཀྱི་སྣང་བ་སྦྱིན།
ཚེ་ཡི་ཕྲེང་ཐག་ད་དུང་མ་ཆད་པའི།།
གངས་རིའི་ལྗོངས་ཀྱི་གངས་ཅན་བོད་པ་ཚོར།།
ཁྱེད་ལས་གཞན་པའི་མགོན་གཞན་མ་མཆིས་ལ།།
ཁྱེད་ལས་གཞན་པའི་སྐྱབས་བཟང་གང་དུ་དམིགས།།
2019/7/5/ ཀླུ་འབུམ་འཇམ་དབྱངས་འོད་ཟེར་གྱིས་བྲིས།
དབྱངས་ཀྱི་མཆོད་པ།
དགའ་ཀླུ་དཀོན་མཆོག་བསྟན་འཛིན། མཛོད་རྙིང་འཛིན་གྲྭ།
མཐའ་བཞི་སྤྲོས་པའི་དྲི་མ་ཡོངས་དག་པའི།།
ཟབ་མོ་དབུ་མ་མཆོག་གི་དགོངས་པ་ཉིད།།
གསལ་མཛད་གངས་ཅན་འགྲོ་བའི་མགོན་པོ་དེར།།
འདིར་ཡང་མི་ཕྱེད་དད་པས་ཕྱག་བགྱིའོ།།
ཟླ་མེད་མཁྱེན་རབ་འོད་ཀྱི་ཞགས་པ་ཡིས།།
རྒྱ་ཆེན་ཤེས་བྱའི་འཛིན་མའི་མཐའ་བཅིངས་པས།།
མཁས་མང་རྒྱུ་སྐར་འཛོམས་པའི་དཀྱིལ་འཁོར་དུ།།
མགོན་པོ་ཁྱེད་ཉིད་ཉ་གང་ཟླ་བ་ཡིན།།
རིག་གསར་མཁས་པས་བློ་ལ་མ་ཤར་ཞིང་།།
དེང་རབས་འཕྲུལ་གྱིས་བརྟགས་ཀྱང་མ་བརྙེད་པའི།།
བྱམས་བརྩེའི་ནུས་སྟོབས་གོང་དུ་སྤེལ་བའི་ཕྱིར།།
མགོན་ཁྱེད་ཆོས་ལུགས་ལྕགས་རིའི་རྒྱ་ལས་ཤོར།།
ཁམས་དང་མོས་པ་སྣ་ཚོགས་ཐ་དད་ཅིང་།།
ཡུལ་གོམས་གཤིས་ལུགས་མི་གཅིག་མཁས་རྣམས་ཀྱིས།།
མགོན་ཁྱེད་གསུང་གི་ཆ་ཤས་རེ་རེ་ཡང་།།
རྣམ་དཔྱོད་བློ་མིག་འབྱེད་པའི་གྲོགས་སུ་བཀུར།།
སྔོན་མེད་ཐུགས་སྟོབས་གནམ་གྱི་ཤེད་མོང་གིས།།
གངས་ལྗོངས་རྒྱལ་བསྟན་སྲུང་ཞིང་སྤེལ་མཛད་ཅིང་།།
མཛད་འཕྲིན་སྣང་བ་དཀར་བོ་ཡུག་གཅིག་གིས།།
སྟོང་གསུམ་ཁྱབ་པའི་རྣམ་ཐར་འདི་ཀོ་རྨད།།
ཟབ་བརླིང་མདོ་སྔགས་གཞུང་བཟང་ཆུ་བོའི་རྒྱུན།།
གསན་བཞེས་ཆུ་གཏེར་ཀློང་དུ་ཉེར་དྲངས་ནས།།
ཉམས་བཞེས་ཚུལ་བཞིན་བསྐྱངས་པའི་འབྲས་རྟགས་ལ།།
ཉམས་རྟོགས་ལྗོན་པའི་ཁོ་ལག་ཡོངས་སུ་རྫོགས།།
བློ་གསལ་བུང་བ་བྱེ་བའི་ཉེར་འཚོའི་གཞི།།
ཐུབ་བསྟན་པད་ཚལ་སྐྱོང་བའི་གཉེན་གཅིག་པུ།།
གངས་ཅན་ལྷ་གཅིག་ཕྱག་ན་པད་མོ་མཆོག།།
ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག།།
སྐྱེ་རྒུའི་གདུང་སེལ་སྨན་གྱི་རྩ་ལག་ཏུ།།
ལེགས་བཤད་འོད་ཀྱི་རྩེ་དགའ་འགྱེད་པ་པོའི།།
མཚན་དཔེ་མེ་ཏོག་བཞད་པའི་ཉིན་མོ་འདིར།།
དབྱངས་ཀྱི་མཆོད་པའི་སྟངས་ཀ་འདི་ཙམ་བྱ།།
གོང་ས་མཆོག་ལ་བསྟོད་ཚིག་སེམས་ཀྱི་མཆོད་པ།
དགའ་ཀླུ་དགེ་འདུན་ཆོས་འཕེལ། མཛོད་རྙིང་འཛིན་གྲྭ།
འཛམ་གླིང་སྤྱི་དང་བསྟན་འགྲོ་ཀུན་གྱི་རྒྱན།།
ཡང་དགོས་གངས་ཅན་ཞིང་འདིའི་སྙིང་གི་ནོར་།།
ཁྱད་པར་གངས་ལྗོངས་མགོན་པོ་སྤྱན་རས་གཟིགས།།
ཁམས་གསུམ་འགྲོ་བའི་མགོན་པོས་རྟག་ཏུ་སྐྱོངས།།
མདོ་དང་སྔགས་ཀྱི་གཞུང་ལུགས་མན་ངག་ཀུན།།
གཅིག་ཏུ་སྤུངས་གནས་གཞན་ལ་འདོམས་མཁས་པ།།
འཛམ་གླིང་སྐྱེ་འགྲོ་ཀུན་གྱི་སྡུག་བསྔལ་རྣམས།།
སེལ་བའི་ནུས་པ་ཁྱོད་ལས་ཡོད་མ་ཡིན།།
ཞི་དུལ་འཛུམ་མདངས་འཕྲོ་བའི་ཞལ་རས་ལ།།
བརྩེ་ཆེན་སྙིང་རྗེའི་རང་གཟུགས་ལྷམ་མེར་གསལ།།
ལྷ་དང་བཅས་པའི་འགྲོ་བའི་གཙུག་གི་རྒྱན།།
སྙིགས་དུས་ཐུབ་པའི་རྒྱལ་ཚབ་ཁྱེད་ཉིད་ཡིན།།
རྟག་ཏུ་གཞན་དོན་ཁོ་ནར་ཐུགས་གཞོལ་ཞིང་།།
འགྲོ་དྲུག་ཀུན་ལ་བུ་གཅིག་ལྟར་བརྩེ་བས།།
དགྲ་གཉེན་མཉམ་པར་གཟིགས་པའི་སྙིང་རྗེ་ཅན།།
རྒྱལ་སྲས་སེམས་པའི་སྤྱོད་པ་ཁྱོད་ཉིད་མཛད།།
སྔོན་ལས་བཙན་པས་ས་མཐར་འཁྱམ་པའི་བདག།།
ཤེས་འཇོན་མེད་པས་སེམས་པ་སྐྱོ་ན་ཡང་།།
མགོན་པོ་གང་གི་ཐུགས་རྗེའི་འོད་སྣང་ལ།།
སྤྱོད་པའི་སྐལ་བ་བདག་གི་སྙིང་ལ་ལྕི།།
འདི་ཕྱིའི་ལམ་སྟོན་གྱི་ཉི་མ་ཆེན་པོ།
དགའ་ཀླུ་སེང་གཤོང་བ་མངོན་འཇོམས། མཛོད་གསར་འཛིན་གྲྭ།
གཞི་ཡི་རང་བཞིན་བདེན་པར་སྣང་སྟེ་རྐང་གཉིས་ཚོགས་ཀུན་གཏི་མུག་གིས།།
གཏན་ཆགས་བསྒྲིབས་ཅིང་ལྟ་བ་བཙན་པོས་འཛིན་མའི་ཁྱོན་འདིར་ཟིན་པའི་དུས།།
རྟེན་འབྱུང་སྟོང་པའི་ཟུང་གནད་མཁྱེན་ཅིང་འགྲོ་ལ་བརྩེ་མཁས་ཐབས་མཁས་ཀྱིས།།
འཇིག་རྟེན་མུན་སེལ་སྒྲོན་མེར་འབྱོན་པ་དཔལ་ལྡན་བླ་མའི་ཞབས་ལ་འདུད།།
ཁྱེད་སྐུ་ངོ་མཚར་གཏམ་གྱི་ཕྲེང་བ་མི་འཇིགས་སེང་གེའི་ཐོག་མ་ནས།།
འཇིག་རྟེན་གསུམ་མགོན་ཐུགས་བསྐྱེད་པདྨའི་གེ་སར་དབུས་ནས་བལྟམས་གྱུར་ཏེ།།
མི་མཇེད་གནས་འདིའི་མགོན་སྐྱབས་མཛད་པར་དམ་བཅའ་རྒྱལ་བས་བསྔགས་པའི་གནས།།
འགལ་རྐྱེན་བཙན་པོས་གཡོ་བར་མི་འགྱུར་རྒྱུན་ཆགས་མཛད་ལ་མགོས་ཕྱག་འཚལ།།
ཁ་བ་ཅན་གྱི་སྣོད་བཅུད་རིག་གནས་མི་རྒོད་ཁྲམ་པས་བཅོམ་གྱུར་ཏེ།།
གངས་ཅན་པ་ཡི་ལས་སྐལ་ཕྲ་མོ་མུན་པའི་རླུང་གིས་འཇིག་པའི་དུས།།
བདག་སོགས་ཀུན་གྱི་སྐྱབས་གནས་གཅིག་པུ་ཁྱེད་ཀྱི་ཐུགས་བརྩེའི་ཆུ་འཛིན་ལས།།
ཕན་བདེ་བསྐྲུན་པས་མགོ་ནག་བོད་པར་དབུགས་དབྱུང་མཛད་ལ་གུས་པས་འདུད།།
ཚན་རིག་གཏམ་གྱི་འཕྲུལ་འཁོར་བཙན་པོས་འཛམ་གླིང་ས་ཆེན་འགུལ་བའི་དུས།།
ཐབས་མཁས་ཁྱོད་ཐུགས་བརྩེ་བའི་དྲིན་ལས་འགྲོ་རྣམས་མི་འཇིགས་བདེར་སྟེར་བ།།
དུས་གསུམ་མཁས་དང་མི་མཁས་ཀུན་གྱིས་ཡིད་དབང་གཏིང་ནས་འཕྲོག་མཛད་པའི།།
འཛམ་གླིང་ཞི་བདེའི་འབྱུང་གནས་གཅིག་པུ་ཁྱེད་སྐུའི་འཁྲུངས་སྐར་སྤྲོ་བས་བསུ།།
ཞེས་པ་འདི་བཞིན་གུས་པ་དགའ་ཀླུ་སེང་གཤོང་བ་མངོན་འཇོམས་ཀྱིས་ཕྱི་ལོ༢༠༡༩/༧/༦ཉིན་བྲིས་པ་དགེའོ།
འགྲོ་བའི་དར་ཆ།
དགའ་ཀླུ་དཔྱི་ས་དགེ་འདུན་ཡོན་ཏན། མཛོད་གསར་འཛིན་གྲྭ།
ཉམ་ཐག་སྐྱེ་འགྲོ་སྐྱོང་བའི་མགོན་དུ་བསྐལ་བ་སྟོང་གི་སྔ་རོལ་ནས།།
ལྷུན་ཆགས་སྲིད་པའི་གངས་ལ་འཁོར་བ་ཁ་བའི་ལྷ་སྐལ་སྤྱན་རས་གཟིགས།།
ལྟག་མཚེར་རི་གྲོང་ཡོམ་ཡོམ་སྒུལ་བའི་ངོ་མཚར་མཛད་བཟང་དཀར་པོའི་མདངས།།
གདོང་དམར་བྱེ་བའི་བསོད་ནམས་དཔལ་དུ་བཞད་པའི་བཀའ་དྲིན་བླ་རུ་མཐོ།།
ཆོས་ཞེན་ཆགས་སྡང་དུག་གིས་གཟིར་བའི་ཆོ་ལོ་ཅན་དག་འགྱིང་བའི་གནས།།
བག་མེད་ལས་ཀྱིས་ཉིན་མཚན་བསྐྱལ་བ་སྐུ་དྲག་རྒྱགས་པ་བྲོས་པའི་ཤུལ།།
ཕྱི་དགྲ་ནང་དགྲའི་སྨྱོ་འཚུབ་འཐིབ་པ་པོ་ཏ་ལ་ཡི་མངའ་ཐང་དུ།།
མི་འཇིགས་དམ་བཅའ་ཕྲག་པར་བཞེས་པའི་ཚུལ་དེ་བློ་ལས་འགོངས་པ་ལ།།
མྱ་ངན་ཤུགས་སྒྲ་བྲག་ལ་འཁོར་བའི་སྡུག་གི་མཆི་མ་གདོང་ལ་འཐོར།།
བཀའ་བསྟན་ལྷ་ཁང་ཕྱེ་མར་འཐག་ཅིང་བོད་འབངས་སྐྱོ་བའི་འོ་དོད་འཕྱུར།།
གར་འགྲོ་ངེས་མེད་རི་དྭགས་དང་མཚུངས་ལས་ངན་ཁ་བ་གངས་ཅན་པ།།
བརྩེ་ཆེན་ཐུགས་ཀྱི་དཀྱིལ་ལས་མ་བོར་ཤེས་རབ་མིག་གི་འོད་ཀྱིས་སྲུང་།།
འགྲོ་བའི་བདེ་སྡུག་སྙིང་ལ་བརྣག་པའི་དམ་བཅའ་རྡོ་རྗེའི་གཟུགས་སུ་བྱས།།
ཁ་ཆར་བུ་ཡུག་འཕྲེད་ཀྱིས་བཅད་དེ་གངས་རི་དཀར་པོའི་མཐའ་ལ་སྙེགས།།
རྒྱལ་བསྟན་གསེར་གྱི་སྲོག་དབང་ཕྲ་མོ་གོ་ལ་ཧྲིལ་བོའི་གཙུག་ཏུ་བསྒྲེངས།།
ངེས་དོན་རྒྱལ་བའི་སྲས་པོ་དམ་པ་ཁྱོད་མིན་གཞན་དག་གང་དུ་བཞུད།།
བདེན་པའི་སྨྲ་ལྕེ་ཕྱོགས་བཞིར་བསྲིངས་པས་མི་སེམས་འཁྱགས་པ་རྨང་ནས་གཞུས།།
ས་ཆེན་སྒུལ་བའི་གོ་མཚོན་སོ་ཁར་འཇིག་རྟེན་ཞི་བདེའི་རོལ་མོ་དཀྲོལ།།
ཤེས་རབ་འོད་ཀྱི་ཞགས་པ་དཀར་པོས་ཁ་བའི་དབུ་འཕང་དགུང་ལ་བསྟད།།
ཅང་མེད་སྤྲང་བོའི་སེམས་ཀྱི་རྒྱབ་རི་གདོང་དམར་བ་ཡི་བླ་དང་སྲོག།
འདུ་ཤེས་རྙིང་བའི་སྲོག་འཛིན་སྦྱོར་བ་ཡང་དག་རྟགས་ཀྱིས་དྲུང་ནས་འབྱིན།།
གནའ་དེང་རིག་གནས་ཟུང་དུ་མཁོ་བ་མངོན་སུམ་མིག་གི་ཡུལ་དུ་འཇོག།།
ནཱ་ལེན་དྲ་ཡི་ཤེས་རབ་སྙིང་སྟོབས་ངོ་མཚར་རིགས་པའི་གནས་སུ་གསུངས།།
ཁྱེད་ཀྱི་རབ་ཡངས་ཐུགས་རྗེ་དཀར་པོས་ཁ་བའི་ནམ་མཁའ་བགས་ཀྱིས་ཕྱེས།།
ཆོས་ཀྱི་ཟབ་ཡངས་བློ་ཡིས་འབྱེད་པའི་བདེན་པའི་གཏམ་གྱི་ང་རོ་བསྒྲགས།།
རིགས་པའི་གསང་མཚོན་རྒོལ་བར་རྣོ་བའི་ཡང་དག་ལམ་གྱི་སྐས་གདང་རྙེད།།
ཆོས་སྲིད་ཉི་ཟླའི་གཟི་བྱིན་དཀར་པོ་འགྲོ་བ་བདེ་བའི་ཐབས་སུ་བསྟན།།
ཁབ་མིག་ལྟ་བུའི་ཁ་བའི་མཐོང་རྒྱ་ཁྱེད་ཀྱི་རྣམ་དཔྱོད་འོད་ཀྱིས་འཐག།
བཀའ་བསྟན་གཙུག་ལག་བྱེ་བའི་ཡང་སྙིང་གདོད་མའི་རང་བཞིན་གཤིས་ལ་ཆགས།།
རྟེན་འབྱུང་ལྟ་བའི་རིགས་པ་ཕྲ་མོ་ཟབ་གསལ་ཤེས་རབ་རྩལ་གྱིས་གཞལ།།
གསེར་འོད་འཁྱུག་པའི་ཞབས་རྡུལ་རེ་རེས་སྟོང་ཕྲག་མི་ཚོགས་ཅིག་ཅར་སྒུལ།།
ཤར་ནུབ་རྒྱལ་ཁམས་རིགས་པས་བསྐོར་བ་གངས་རི་དཀར་པོའི་གཙུག་རྒྱན་ཀྱེ།།
མི་ཡི་འདུ་ཤེས་མཆོག་ཏུ་གླེང་བས་ཡངས་པའི་རྒྱལ་ཁམས་གཅིག་ཏུ་སྒྲིལ།།
ཆོས་ལུགས་རིག་པའི་བྱམས་བརྩེ་གསུངས་པས་ཕྱོགས་ལྷུང་ལྟ་བའི་ཕྱི་མཐའ་བཀག།
ཁ་བ་རི་བའི་རིག་གཞུང་ཟབ་མོ་བརྒྱ་ཕྲག་རིགས་པས་ཤེད་ཀྱིས་སྲུང་།།
ཡོ་འཁྱོག་གཤིས་ཀྱི་དྲི་མས་མ་གོས་ང་ཡི་བླ་མ་གངས་རི་བ།།
ཞི་བསིལ་དངོས་གྲུབ་ཆར་བཞིན་འཇོ་བས་འགྲོ་རྣམས་ཐར་བའི་སྒོ་འཕར་ཕྱེ།།
འཛུམ་པའི་བཞིན་གྱི་དཀྱིལ་འཁོར་མ་བྲི་ཉི་ཟླའི་འོད་ཟེར་གདོང་དུ་འཕྱོ།།
བྱམས་བརྩེས་ཕོངས་པའི་ཆེར་སྙིགས་དུས་ཀྱི་འགྲོ་བ་ཡོངས་ཀྱི་མགོན་གཅིག་བུ།།
ཁྱེད་སྐུ་རྟག་བརྟན་གཡང་དྲུང་ངོ་བོར་ཁྲི་ཕྲག་བསྐལ་བར་གནས་གྱུར་ཅིག།
༧གོང་ས་མཆོག་དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ་དཔྱི་ས་བ་དགེ་འདུན་ཡོན་ཏན་དུ་འབོད་པས།
འཁྲུངས་སྐར་བསུ།
དགའ་ཀླུ་འཇིགས་མེད་ལེགས་བཟང་། མཛོད་གསར་འཛིན་གྲྭ།
ངྷི་ཡིག་དམར་སེར་ལས་འཁྲུངས་འཇམ་པའི་དབྱངས།།
མཁྱེན་དཔྱོད་ཡོ་ལང་འབར་བའི་ལྡིང་ཀ་ལས། །
ཐུགས་ཀྱི་མཐུ་སྟོབས་འཇོ་ལ་དབང་འགྱུར་བའི།།
དུས་ཀྱི་སྟོན་པ་ཆེན་པོའི་འཁྲུངས་སྐར་བསུ།།
ཉམ་ཐག་འགྲོ་ལ་བརྩེ་བའི་གཟིགས་མཛད་པ།།
ས་ཆེན་གོ་ལ་བྱམས་ཀྱིས་སྐྱོང་མཁས་པའི།།
སྙིགས་དུས་འགྲོ་བའི་དད་སའི་སྐྱེས་ཆེན་དེ།།
བྱམས་བརྩེའི་བདག་ཉིད་ཆེན་པོའི་འཁྲུངས་སྐར་བསུ།།
ཨེ་ཝཾ་བདེ་ཆེན་མདངས་སུ་ཤར་བ་ཡིས།།
ཟབ་རྒྱས་དོན་རྣམས་ཇི་བཞིན་གཟིགས་པའི་ཐུགས།།
རྨད་བྱུང་ལེགས་ཚོགས་ཀུན་ལ་དབང་མངའ་བའི།།
སྙིགས་མའི་སྟོན་པ་ཆེན་པོའི་འཁྲུངས་སྐར་བསུ།།
གཞོན་པའི་སྣང་བ་འོད་ཀྱི་ཁང་བཟང་ལས།།
ལང་ཚོའི་བ་གམ་མངོན་པར་འཛུམ་པའི་ཞལ།།
མི་ཕྱེད་དད་པའི་སོར་མོའི་ཚིག་ཕྲེང་རེས།།
ངེས་དོན་སེམས་དཔའ་ཆེན་མོའི་འཁྲུངས་སྐར་བསུ།།
མཁྱེན་བརྩེ་ནུས་པ་གཅིག་བསྡུས་རབ་བྱེད་པའི།།
མངོན་པར་གསལ་བའི་སྐུ་ལ་གེགས་མེད་པར།།
དགུང་ལོ་བརྒྱ་དང་བཅུ་གསུམ་ཞལ་བཞེས་ལ།།
མངོན་པར་སྤྲོ་བའི་བཀྲ་ཤིས་འཁྲུངས་སྐར་བསུ།།
བཀྲ་ཤིས་འབུམ་ཕྲག་སྟོང་གི་མཆོད་པའི་སྐུ།།
ཡན་ལག་བརྒྱད་ལྡན་དྲུག་ཅུ་འདྲེན་པའི་གསུང་།།
གཏིང་དཔག་དཀའ་བའི་དཔག་བསམ་ལྗོན་པའི་ཐུགས།།
འགྱུར་མེད་རྟག་བརྟན་ཡོང་བའི་འཁྲུངས་སྐར་བསུ།།
ཞེས་༧གོང་ས་མཆོག་དགུང་ལོ་བརྒྱད་ཅུ་གྱ་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཀླུ་འཇིགས་མེད་ལེགས་བཟང་ནས་བྲིས།
ཙོང་ཁའི་སྐྱེས་བུ་ཆེན་མོ།
དགའ་ཀླུ་བློ་བཟང་བཟོད་པ། 16 དབུ་གོང་འཛིན་གྲྭ།
མདོ་སྨད་ཙོང་ལ་རིང་མོའི་གདུང་རྒྱུད་དུ།།
ཤར་བའི་ཉི་གཞོན་ཀུན་ཕན་འཛུམ་ཟེར་ཅན།།
སྙིགས་དུས་འགྲོ་བ་སྡུག་གི་མུན་ཁུང་ལས།།
འདྲེན་མཛད་ཕྱག་ན་པད་མོ་གངས་རིའི་མགོན།།
རྟ་བདུན་དབང་པོས་མཚོ་སྐྱེས་པད་མ་རྒྱས།།
ཉིད་ཀྱི་ཐུགས་རྗེས་གླིང་འདིར་ཕན་བདེ་རྒྱས།།
ཆུ་འཛིན་འཁྲུགས་པས་རྩི་ཤིང་ལོ་ཏོག་རྒྱས།།
ཉིད་ཀྱི་གསུང་གིས་བློ་གསལ་དགའ་བ་རྒྱས།།
འཆད་པའི་རྩལ་རྫོགས་རྩོད་པའི་ངག་གི་རྗེ།།
རྩོམ་པའི་ཤེས་རབ་མཁས་པའི་མཚན་སྙན་ནི།།
འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་མཚུངས་ཀྱང་།།
འཛམ་གླིང་ཞི་བདེའི་རྟགས་མས་རྣམ་པར་དབྱེ།།
དུས་ཀྱི་སྟོན་པ་ཆེན་པོ།
དགའ་ཀླུ་དགེ་འདུན་འཕགས་པ། དབུ་གོང་འཛིན་གྲྭ།
རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཕགས་པའི་མཆོག།
བརྩེ་ཆེན་བ་གམ་མངོན་པར་མཐོ་བའི་ལྷ།།
མ་ལུས་སྐྱེ་དགུའི་མགོན་སྐྱབས་སྤྱན་རས་གཟིགས།།
ལྷ་གཅིག་ཕྱག་ན་པདྨོར་གསོལ་བ་འདེབས།།
བྱིན་ཆགས་འོད་ཕུང་གངས་རིའི་དཔལ་དུ་འཛུམ།།
སྐུ་ཡི་གཟི་བྱིན་གཞོན་པའི་མདངས་བརྙན་ཅན།།
རླབས་ཆེན་མཛད་པའི་འཕྲིན་ལས་གདུགས་དཀར་པོ།།
འཛམ་གླིང་ཁྱོན་ལ་བརྐྱངས་པའི་མགོན་དེར་འདུད།།
མདོ་རྒྱུད་གཞུང་མང་རྒྱ་མཚོར་རིག་པས་དཔྱད།།
དཀའ་གནད་མདུད་རྒྱ་གྲོལ་མཁས་ཉི་མའི་གཉེན།།
གསུང་གི་བདུད་རྩིས་འགྲོ་བའི་རྨོངས་སེལ་བའི།།
དུས་ཀྱི་སྟོན་པ་ཆེན་པོའི་འཁྲུངས་སྐར་བསུ།།
གངས་ཅན་མགོ་ནག་སྐྱེ་འགྲོའི་མགོན་གཅིག་བུ།།
སྐུ་ཡི་གསང་གསུམ་སྐྱོན་གྱིས་མ་གོས་པར།།
ཐུགས་ཀྱི་བཞེད་པ་འགྲོ་དོན་ལ་བསྔོ་བའི།།
དུས་སྟོན་གངས་ལྗོངས་འགྲོ་བའི་བླ་ན་མཐོ།།
མཁས་ཤིང་གྲུབ་པའི་དབུས་ན་འོད་པོ་ཆེ།།
ཡུལ་དང་ཡུལ་གྲུ་ཀུན་གྱིས་མཆོད་པའི་མཆོག།།
ཆོས་ཀུན་འགྲོ་ལ་བསྟུན་ཏེ་སྟོན་མཁས་པའི།།
ཐུབ་པའི་སྐྱེས་མཆོག་ཆེན་པོ་ཁྱེད་མིན་སུ།།
འཛམ་གླིང་ཡུལ་གྲུ་ཀུན་ལ་འགྲུལ་བཞུད་ལས།།
ཞལ་འཛུམ་གཤོག་པ་ཐོགས་པའི་གནམ་འོག་དུ།།
ཞི་བདེའི་ཅོད་པན་འཆང་བའི་རིགས་ཀྱི་བདག།།
ས་སྟེང་སྐྱེ་རྒུ་ཡོངས་ཀྱི་མགོན་དུ་འཚེར།།
ཚན་རྩལ་འོད་རླབས་འཕྱུར་བའི་ཡུལ་གྲུ་འདིར།།
ཆོས་ཀྱི་ཞེན་ཆགས་དོར་བའི་ནང་ཚུན་དུ།།
བྱམས་བརྩེའི་ཞགས་ཕྲེང་རེ་རེར་འོད་འཕྲོ་བའི།།
དུས་ཀྱི་སྟོན་པ་ཆེན་པོ་དབུ་མ་བ།།
འགྱུར་མེད་ཐུགས་ཀྱི་རྒྱ་མཚོའི་ཀློང་ཡངས་ནས།།
ཅང་མེད་དབུལ་བོ་སྙིང་རྗེས་སྐྱོང་མཁས་པ།།
བྱིན་རླབས་ཆར་ལྟར་མངའ་བར་དལ་གསོལ་བའི།།
རིས་མེད་བསྟན་འཛིན་སྐྱེ་བོའི་གཙུག་གི་རྒྱན།།
ཐུན་མོང་ནང་བསྟན་གཙུག་ལག་རིག་གནས་ཀུན།།
ཕྱོགས་སུ་སྤུངས་ནས་ཁྱེད་ཀྱིས་ལྷུག་པོར་འདྲེན།།
དཔྱོད་པའི་མདའ་མཚོན་གོ་ཆ་གཟེངས་པ་སྟེ།།
མཁས་པའི་ཡངས་རྩེར་བྱོན་ལ་འགྲན་ཟླ་བྲལ།།
བླངས་དོར་འབྱེད་པའི་དཔྱོད་མིག་རལ་བ་འབར།།
དགེ་སྡུག་ལས་འབྲས་མིག་གི་འབྲས་ལྟར་སྲུང་།།
བྱམས་བརྩེ་ཕྱག་ལ་དགྲ་གཉེན་དབྱེ་བ་བྲལ།།
འཛམ་གླིང་འགྲོ་བའི་དབུས་ན་མངོན་པར་གསལ།།
ཁ་བ་བུ་ཡུག་རྡུལ་གྱིས་གཡོགས་པའི་སར།།
སྙིང་སྟོབས་རི་བོ་བཞིན་དུ་རྟག་བརྟན་པའི།།
གཞིས་བྱེས་བོད་འབངས་ཡོངས་ཀྱི་སེམས་ངོགས་སུ།།
ཁྱེད་ནི་རྒྱུ་སྐར་ཇི་བཞིན་གསལ་ལེར་བཞུགས།།
སྐུ་ཡི་ཡོན་ཏན་ཐམས་ཅད་བརྗོད་དཀའ་བའི།།
གསུང་གི་བདུད་རྩིའི་བྱིན་རླབས་དགེ་བའི་མཐུས།།
ཆུ་ཐིགས་ཙམ་ཞིག་བསྟོད་ལ་རབ་དགྱེས་པས།།
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་འབུམ་གྱིས་བསུ།།
ཞེས་དུས་ཀྱི་སྟོན་པ་ཆེན་པོ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགུང་གྲངས་བརྒྱད་ཅུ་གྱ་བཞི་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་རང་ཤག་ནས་བྲིས།
སྐུའི་འཁྲུངས་སྐར།
དགའ་ཀླུ་སྨན་པ་བློ་བཟང་བཤད་སྒྲུབ། དྲང་ངེས་འཛིན་གྲྭ།
༄༅།།འཛམ་གླིང་མཐོ་སྒང་རྗེས་ལུས་རིགས་རུས་སུ་འཁྲུངས་ཤིང་།།
འཛམ་གླིང་སྐྱེ་རྒུའི་ཆེ་གྲགས་མཁས་མང་གི་བཀུར་པས།།
འཛམ་གླིང་མི་མང་དྲང་བདེན་ཞི་བདེ་ལ་དགའ་བའི།།
འཛམ་གླིང་ཆོས་ལུགས་སྤྱི་དང་ནང་བསྟན་གྱི་བདག་པོ།།
དོན་ལ་མགོ་ནག་བོད་ཀྱི་སྐྱབས་མགོན་ཏེ་རྒྱལ་ལོ།།
ད་ནི་གང་གི་ཡོན་ཏན་བརྗོད་ཐབས་དང་བྲལ་བ།།
བདག་ལྟ་ཕར་ཞོག་བྱང་སེམས་འཕགས་པས་ཀྱང་མིན་ན།།
དེ་ལས་གང་གི་བཀའ་དྲིན་ཡོན་ཏན་རྣམས་བསམ་ནས།།
ས་མོ་ཕག་གི་ལོ་འདིའི་འཁྲུངས་སྐར་ཏེ་བསུ་བ།།
ང་དང་ང་འདྲའི་བོད་མིའི་བསོད་ནམས་ཏེ་མིན་ནམ།།
དྲི་མེད་ལྷ་དར་དཀར་པོ་དགུང་སྔོན་ལ་བཏེགས་ནས།།
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ངག་དབྱངས་ལ་གྱེར་ཤིང།།
ལག་སོར་བཅུ་བོའི་ཐལ་མོ་སྙིང་ག་རུ་སྦྱར་ནས།།
མགོ་བོ་དུད་དུད་བྱེད་བཞིན་གུས་ཕྱག་དང་བཅས་ཏེ།།
ས་མོ་ཕག་གི་ལོ་འདིའི་འཁྲུངས་སྐར་ཏེ་བསུ་འོ།།
ད་དུང་གནམ་ལ་ཉི་ཟླ་སྐར་གསུམ་གྱི་ཉིན་བཟང་།།
ས་ལ་འབྲུ་དྲུག་ལོ་ཏོག་སྙེ་ཡག་གི་དུས་བཟང་།།
བར་ལ་འབྱུང་ལྔ་ཆ་སྙོམས་རྫོགས་ལྡན་གྱི་སྐལ་བཟང་།
སྐལ་བ་བཟང་པོའི་སློབ་བུའི་བླ་མ་ཡི་འཁྲུངས་སྐར།།
ས་མོ་ཕག་གི་ལོ་འདིའི་འཁྲུངས་སྐར་ཏེ་བསུ་འོ།།
སྨན་པ་བློ་བཟང་བཤད་སྒྲུབ་ནས།
འཁྲུངས་སྐར་གྱི་ཤིས་ཚིག
དགའ་ཀླུ་འཇིགས་མེད་རྒྱལ་མཚན། དྲང་ངེས་འཛིན་གྲྭ།
ཨེ་མ་དེ་རིང་བསྐལ་བཟང་ལྷ་ལམ་གྱི་དབྱིངས་ནས།།
འཇའ་འོད་གུར་ཁང་ཕུག་པའི་བླ་རེ་སྟེ་མཛེས་པས།།
གཡུ་ཡི་བླ་མཚོ་དྭངས་མའི་མེ་ལོང་གི་ངོས་སུ།།
ཡིག་གེ་ཨ་ཀ་མ་ཡི་གཟུགས་བརྙན་དེ་ཤར་བྱུང་།།
སྨན་ལྗོངས་ས་ཡི་ཐིག་ལེ་མདོ་སྨད་ཀྱི་ལྟེ་བ།།
ལོ་ཡག་སྙེ་མ་རྒྱས་པའི་སྟག་འཚེར་གྱི་ཞིང་ནས།།
ཕྱག་ན་པད་མོའི་མཚན་དཔེ་མེ་ཏོག་ཏེ་བཞད་པས།།
གངས་ལྗོངས་འགྲོ་བའི་གདུང་བ་མཁའ་དབྱིངས་སུ་ཡལ་སོང་།།
གྲུ་འཛིན་ཞིང་དུ་ཤེས་རིག་མེ་ཏོག་ཏེ་འཐུ་བཞིན།།
ཆོས་སྲིད་བཟུང་ཐག་ཕྲ་མོ་དམ་པོར་རང་བཅངས་ཏེ།།
མངལ་བ་ཁྱད་དུ་བསད་པའི་དཀྱོགས་མཚམས་ཀྱི་དུས་སུ།།
ནག་ཕྱོགས་མུན་པའི་གཡུལ་ལས་རྒྱལ་བ་སྟེ་མཚར་རོ།།
དུས་ཀྱི་ཡོ་ལང་རྒོད་པའི་ཤར་ནུབ་ཀྱི་དབུས་སུ།།
རིག་གསར་ཆོས་ཀྱི་འབྲེལ་བ་གསེར་ནག་གི་བཞེངས་ཏེ།།
རྟེན་འབྱུང་གཏམ་གྱི་འགྲོ་བའི་གདུང་བ་དེ་སེལ་བས།།
སྙན་པའི་གྲགས་པ་དཀར་པོ་སྲིད་གསུམ་ལ་ཁྱབ་པ།།
གོ་ལ་ཟླུམ་པོར་གནས་པའི་སྐྱེ་འགྲོ་ཡི་མདུན་དུ།།
ཐལ་སྦྱར་བགྲོད་ནས་འཛུམ་ཞལ་དཀྱིལ་འཁོར་གྱི་ཀློང་ནས།།
གཞན་ཕན་བདུད་རྩིའི་ཆུ་རྒྱུན་ཤག་ཤག་ཏུ་བབས་པའི།།
བྱམས་བརྩེ་འཕྲིན་ལས་གདུགས་དཀར་གླིང་བཞི་ནས་བསྐོར་བ།།
2019/7/6ཉིན་སྨྱུག་མིང་ལ་མུན་སེལ་དུ་འབོད་པའི་ཀླུ་འཇིགས་མེད་རྒྱལ་མཚན་གྱིས་རང་ཤག་ནས་ཤར་མར་དུ་བྲིས་པའོ།
དུས་རབས་ཀྱི་སྒྲོན་མེ།
དགའ་ཀླུ་རྒྱལ་མཚན་བསྟན་འཛིན། སྐབས་དང་འཛིན་གྲྭ།
མཚན་དཔེ་འོད་ཟེར་སྟོང་དུ་འབར་བའི་སྐུ།།
མདོ་སྨད་སྟག་འཚེར་ནམ་མཁའི་མཐོངས་ལ་ཤར།།
རྣམ་དཔྱོད་ལང་ཚོ་མེ་ཏོག་འདབ་མ་ཀུན།།
དབུས་འགྱུར་ལྷ་ས་དག་པའི་ཞིང་དུ་བཞད།།
མཐའ་མེད་འགྲོ་བའི་སྐྱབས་ཅིག་སྤྱན་རས་གཟིགས།།
གངས་ཅན་བོད་མི་རྣམས་ཀྱི་བསོད་ནམས་ཏེ།།
ང་ཡི་སེམས་ཀྱི་དད་པའི་ཕྱག་གི་ཡུལ།།
ཁྱེད་རང་ཟླ་བ་བཞིན་དུ་མཁའ་ལ་འཕགས།།
ཁྱེད་ནི་ཆོས་པ་རྣམས་ཀྱི་བླ་མ་ཡིན།།
ཁྱེད་ནི་མི་རིགས་ཤིག་གི་ཚེ་གཡང་ཡིན།།
གངས་རིའི་ཕྱི་ནང་ཀུན་གྱི་དད་པའི་ཡུལ།།
དུས་ཀྱི་སྟོན་པ་ཆེན་པོའི་འཁྲུངས་སྐར་བསུ།།
འཁྲུངས༌སྐར༌སྙན༌ཚིག
དགའ་ཀླུ་དགེ་འདུན་དཔལ་བཟང་། སྐབས་དང་འཛིན་གྲྭ།
གངས༌ཅན༌ལྷ༌ཡི༌དབང༌པོ༌སྐྱབས༌མགོན༌མཆོག།།
བདེ༌གཤེགས༌ལམ་བཟང་སྟོན་པའི་སློབ་དཔོན༌ཁྱེད།།
མི་ཤེས་མུན༌པ༌སེལ༌པའི་སྒྲོན་མེ་དང་༎
འགྲོ་ཀུན་བདེ་བ་འགོད་པ་ཁྱེད༌གཅིག་བུ།།
ཚན་རིག་སྨྲ་བས་ཆད་མཐར་མ་སྟོང་ལ།།
དད་པའི་ལམ་ནས་རྟག་མཐར་མ་ལྷུང་ཞིང་།།
བདེན་པའི་རིགས་ལམ་སྨྲ་བའི་དབུ༌མ༌པ༎
དུས༌ཀྱི༌སྟོན༌པ༌ཆེན་པོར་གུས་པས་འདུད།།
སྐུ༌ཡིི༌གཟི་བྱིན་འགྲོ་བའི་མིག་ལ་མཛེས།།
གསུང༌གི༌གདངས་དབྱངས་སྐྱེ་འགྲོའི་ཡིད་ལ་སིམ།།
ཐུགས༌ཀྱི༌བྱམས་བརྩེ་འཇིག་རྟེན་ཡོངས་ལ་ཁྱབ།།
ཞི་བའི་དེད་དཔོན་ཤཱཀྱའི་སྲས་པོ་མཆོག།།
འཁྲུངས་སྐར་དུས་ཆེན་ལ་ཕུལ་བ།
དགའ་ཀླུ་དགེ་འདུན་བསྟན་འཛིན། རྣམ་འགྲེལ་འཛིན་གྲྭ།
རབ་དཀར་དགེ་ལེགས་ཚོགས་གཉིས་ཡོངས་རྫོགས་མཚན་བཟང་རྣམ་པར་མཛེས་པའི་སྐུ།།
རབ་འབྱམས་གདུལ་བྱ་ཀུན་ལ་ཁྱབ་པའི་ཡན་ལག་དྲུག་ཅུ་ལྡན་པའི་གསུང་།།
རབ་ཡངས་ཤེས་བྱའི་གནས་ཀུན་མ་ལུས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས།།
རབ་ཏུ་ཡས་པའི་སྒོ་གསུམ་ཆར་གྱིས་གང་གི་ཞབས་རྡུལ་གུས་པས་འདུད།།
ལེགས་བྱས་ཆར་སྤྲིན་རབ་ཏུ་འཁྲིགས་ཏེ་འགྲོ་བའི་ཞིང་སར་ལོ་ཏོག་གི།
ལང་ཚོའི་དཔྱིད་དཔལ་འཛུམ་པའི་མོད་ལ་རྟེན་འབྱུང་ཆོས་ཀྱི་ཆར་ཟིམ་འཇོ།།
གང་སྐུ་མཚན་དང་གསུང་གི་འོད་ཟེར་གོ་ལ་ཧྲིལ་བོར་ཡོངས་ཁྱབ་པས།།
འཇིག་རྟེན་གསུམ་གྱི་མགོན་པོ་ཁྱེད་ཉིད་བལྟམས་པའི་མཛད་པ་ཨེ་མ་རྨད།།
མི་འཇིགས་སེང་གེའི་ཁྲི་ལ་འགྱིངས་ནས་གཉིས་སྨན་དབུ་མའི་ལམ་ཆེན་གྱིས།།
ཕས་རྒོད་ངན་པའི་གཤེད་མའི་ཚོགས་རྣམས་སྐྱེངས་ཏེ་མི་སྨྲའི་ནགས་སུ་ཡིབ།།
ཉམ་ཐག་འགྲོ་ལ་བརྩེ་བས་དམིགས་པའི་འཚེ་མེད་ཞི་བའི་རྒྱལ་སྲས་ཁྱོད།།
ཞི་བའི་གཟེངས་རྟགས་ཡོངས་སུ་གསོལ་བའི་མཛད་པའི་རྣམ་ཐར་ངོ་མཚར་ཆེ།།
ཁྱད་པར་མཁས་དང་གྲུབ་པའི་རྣམ་ཐར་ཤེལ་དཀར་རྡུལ་མང་བརྩེགས་པའི་རི།།
སྲིད་ཞིའི་དཀྱིལ་འཁོར་མ་ལུས་ཡོངས་ཁྱབ་ག་པུར་གསུང་གི་འོད་ཟེར་གྱིས།།
རྨོངས་པའི་སྨག་ཆེན་སྲིད་པའི་འཇིག་རྟེན་རྒུད་མིན་མཐའ་དག་སེལ་བྱེད་པའི།།
ལྷ་གཅིག་ཕྱག་ན་པདྨོ་མཆོག་གི་འཁྲུངས་སྐར་དུས་ཆེན་དགྱེས་པས་བསུ།།
༢༠༡༩/༧/༦/ལ་ལྗང་མྱུག་ནས་གུས་པས་ཕུལ།
ངེས་དོན་གྱི་སེམས་དཔའ་ཆེན་མོ།
དགའ་ཀླུ་འཇིགས་མེད་ཆོས་འབྱོར། རྣམ་འགྲེལ་འཛིན་གྲྭ།
རྗེ་བཙུན་སྤྱན་རས་གཟིགས་དང་དབྱེར་མེད་སྐུ༎
ཟབ་རྒྱས་ཆོས་ཚུལ་འདོམས་པའི་ངག་གི་དཔལ༎
སྲིད་གསུམ་འགྲོ་ལ་སྙོམས་པའི་སྙིང་རྗེའི་ཐུགས༎
ཚོགས་གཉིས་རྫོགས་ལས་འཁྲུངས་ལ་མངོན་པར་བསྟོད༎
ཨ་ཀ་མ་ཡི་རྟགས་མཚན་ཁྱད་པར་ཅན༎
བླ་མཚོ་དབུས་ནས་མངོན་པས་ཕྱོགས་བསྟན་ནས༎
རིགས་ལ་གཟིགས་ནས་ལྷ་མོ་བདེ་སྐྱིད་མའི༎
ལྷུམས་སུ་ཞུགས་ནས་འགྲོ་དོན་བྱེད་པོར་བལྟམས༎
གཞོན་ནུའི་དུས་ནས་ཟབ་རྒྱས་ལེགས་བཤད་ལ༎
གོམས་པ་བཞེས་པས་ཐོས་པ་མང་དུ་བསྟེན༎
ཕྲ་ཞིབ་རྣམ་དཔྱོད་རིག་པས་ལེགས་དགོངས་ནས༎
རྣམ་འདྲེན་སྟོང་གི་མཁྱེན་པ་གཅིག་ཏུ་བསྡུས།།
འགྲོ་རྣམས་ངར་འཛིན་ཕྱིན་ལོག་ལམ་ལས་ནི༎
འཁོར་བར་བཅིངས་པའི་ཉམ་ཐག་གནས་གཟིགས་ནས༎
གང་གི་བཅོས་མིན་སྙིང་རྗེ་རྩ་བ་ཡིས༎
ས་བཅུ་ལམ་ལྔའི་བགྲོད་པ་ཡང་ཡང་འདོམས།།
སྙོམས་འཇུག་འཕྲིན་ལས་ཕྱོགས་བཅུར་བསྐྱངས་པ་ན།།
ལྷར་བཅས་འགྲོ་བའི་ཚོགས་ཀུན་དབྱངས་གཅིག་ཏུ༎
མགོན་པོ་ཁྱོད་ནི་སྙིང་རྗེའི་བདག་པོ་ཞེས༎
འཛམ་གླིང་ས་ཆེན་འདི་ན་ཡོངས་སུ་གྲགས༎
དེ་ལྟར་མཁྱེན་བརྩེ་ཟུང་དུ་འཇུག་པ་ཡི༎
འདི་ལྟའི་རླབས་ཆེན་མཛད་བཟང་མཐུ་ཀུན་ལས༎
འཕྲལ་དུ་བོད་འབངས་འདོད་དོན་མྱུར་འགྲུབ་ནས༎
གཏན་དུ་ཟབ་རྒྱས་ལམ་ཀུན་ངེས་རྙེད་ཤོག།
༢༠༡༩/༧/༦ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་རང་ཤག་ནས།
སྙིགས་དུས་ཀྱི་སྟོན་པ།
དགའ་ཀླུ་དགེ་འདུན་རབ་རྒྱས། རྟགས་རིགས་འཛིན་གྲྭ།
སྐུ༷་ནི་བཅུ་དྲུག་ལང་ཚོ་ལ།།
གསུ༷ང་དབྱངས་ཡན་ལག་མཐའ་དག་རྫོགས།།
ཐུ༷གས་ཀྱི་པདྨོར་གཞན་དོན་ཉིད།།
སེམས་དཔའ་ཆེན་མོར་གུས་པས་འདུད།།
ལམ་སྟོན་མཐའ་དག་འཚེ་མེད་ལམ།།
སྒྲུབ་པ་ཐམས་ཅད་གཞན་དོན་ཕྱིར།།
བཤད་སྒྲུབ་བསྟན་པ་འཛིན་པའི་མགོན།།
སྙིགས་མའི་དུས་འདིའི་སྟོན་པ་མཆོག།
མི་གྲངས་དུང་ཕྱུར་བདུན་ཅུ་ལས།།
གྲགས་པ་ཆེན་པོ་ཐོབ་མོད་ཀྱང་།།
ཚེ་ལ་དབང་བསྒྱུར་བྱེད་པའི་མགོན།།
མགོན་པོ་ཁྱེད་ལས་གང་ཞིག་མཆིས།།
གོ་མཚོན་གྱོན་པའི་དམག་དཔུང་ཡང་།།
མི་ཚོགས་དཀྱིལ་དུ་འགྲོ་བར་ཞེད།།
ཁྱོད་ནི་དེ་ལས་ལྡོག་པ་སྟེ།།
བྱམས་བརྩེའི་གོ་ཆ་བརྟན་པའི་མཚན།།
ང༷ག་ལ་དབ༷ང་འབྱོར་བློ༷་གྲོས་ཀྱིས།།
ཆོས་མིན་བཟ༷ང་སྤྱོད་ཕྱོགས་སུ་སྤེལ།།
བསྟ༷ན་པ་འཛི༷ན་པའི་སྐྱེས་བུའི་སྡེ།།
རྒྱ༷་མཚོ༷་བཞིན་དུ་འཁྱིལ་ནས་འོང་།།
ཏཱ༷་རེ་ལྷ་མོའི་ལུང་བསྟན་བཞིན།།
ལ༷་ལུང་ཀུན་ཏུ་བྱམས་བརྩེ་སྤེལ།།
བླ༷་ཚེ་སྲོག་ལའང་མ་གཅེས་པར།།
མ༷་གྱུར་སེམས་ཅན་དོན་ཀུན་མཛད།།
ཙོང་ཁ་རི་བོའི་རྒྱབ་ངོས་ཀྱི།།
གཞོན་ནུ་ལྷ༷་མོ༷་དོ༷ན་གྲུ༷བ་མཆོག།
སྐུ་ཚེ་མི་འགྱུར་རྡོ་རྗེ་བཞིན།།
རྟག་ཏུ་བརྟན་པའི་བཀྲ་ཤིས་སྩོལ།།
འདི་དང་ཚེ་རབས་ཐམས་ཅད་དུ།།
མགོན་པོ་ཁྱོད་ཀྱི་ཞབས་དྲུང་དུ།།
སྐྱེས་ནས་གསུང་གི་བདུད་རྩི་ཉིད།།
ངོམས་པ་མེད་པས་སྤྱོད་པར་ཤོག།།
༧གོང་ས་མཆོག་དགུང་ལོ་༨༤ཕེབས་པའི་སྐུའི་འཁྲུངས་སྐར་ལ་དགེ་འདུན་རབ་རྒྱས་ནས།
ཀྱེ་༧གོང་ས་མཆོག
དགའ་ཀླུ་སྒྲ་དབྱངས་ནས།22 རྟགས་རིགས་འཛིན་གྲྭ།
ཀྱེ་༧གོང་ས་མཆོག
སྙིང་རྗེ་དང་བྱམས་བརྩེ
གཞན་ཕན།དྲང་བདེན།གནས་ལུགས།བཟོད་སྒོམ།ཆོག་ཤེས།
འཛུམ་གདངས་ཀུན་ལས་རྒྱལ་བའི་རྒྱལ་བ་དོན་གྱི་བདག་པོ
ཕྱི་གསལ་ནང་གསལ་གྱི་བདག་ཉིད་ཆེན་པོ
སེམས་ཅན་ཡལ་བར་དོར་ནས
རང་དོན་ལ་རེ་བའི་བློ་ནི་ནམ་ཡང
སྐྱེ་མ་མྱོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
ངའི་དད་གསུམ་གྱི་ཀློང་ན་འཛུམ་པའི་ལྷ་མཆོག་དཀར་པོ
གངས་རིའི་རྩེ་ནས་འཕྲོ་བའི་ཉི་མ་སེར་པོ
མུན་པའི་སྨག་རུམ་ན་གསལ་བའི་དུང་གི་ཟླ་བ
ང་ཁྱེད་ཀྱི་ཞིང་དུ་སྐྱེས་པ་ནི
ཇི་འདྲའི་སྐལ་བ་བཟང་བ་ལ་ཨང
ཁྱེད་ང་ཡི་མགོན་དུ་བཞུགས་པ་ནི
ཇི་འདྲའི་བསོད་ནམས་ལྡན་པ་ལ་ཨང
ཁྱེད་ཀྱི་སྐུ་ཡི་བྱིན་རླབས
གསུང་གི་བྱིན་རླབས
ཐུགས་ཀྱི་བྱིན་རླབས་ཀྱིས
མཛད་འཕྲིན་གྱི་འོད་ཟེར
ལྷོ་འཛམ་གླིང་ཡོངས་ལ་ཁྱབ་བྱུང
འཛམ་གླིང་འདི་ཞི་བར་བཀོད་བྱུང
ས་ཆེན་པོ་འདི་རབ་ཏུ་བསྒུལ་བྱུང
སྐྱེས་ཆེན་གང་གིས་ཀྱང་མཚོན་མི་ཐུབ་པའི་ལྷ་མི་ཡོངས་ཀྱི་མགོན་པོ
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྟག་ཏུ་གནས་པར་ཤོག
ཁྱེད་ཀྱི་སྐུ་ཚེ་ཡི་སྲོག་ཤིང་བསྐལ་བརྒྱར་བརྟན་པར་ཤོག
ཅེས་༧གོང་ས་མཆོག་དགུང་ལོ་༨༤ཕེབས་པའི་སྐུའི་འཁྲུངས་སྐར་ལ་བྲིས།
འགྲོ་བའི་དཔུང་གཉེན།
དགའ་ཀླུ་བློ་བཟང་དཀོན་མཆོག སློབ་ཕྲུག
ན་བཟའ་དམར་པོ་མནབས་པ།།
བྱམས་དང་སྙིང་རྗེས་ཕྱུག་པ།།
འཛམ་གླིང་ཞི་བདེ་དེད་དཔོན།།
གོང་ས་ཡིད་བཞིན་ནོར་བུ།།
ཡང་དག་སངས་རྒྱས་བསྟན་པ།།
འཛམ་གླིང་གོ་ལའི་སྟེང་དུ།།
ཉི་འོད་བཞིན་དུ་ཁྱབ་མཛད།།
སྟོན་པ་ཏཱ་ལའི་བླ་མ།།
ཁྱེད་གསུང་ལེགས་བཤད་སྒྲ་དབྱངས།།
འགྲོ་བའི་རྣ་བར་སིམ་དུས།།
ཕྱི་ནང་ལུས་སེམས་གཉིས་ཀ།།
ཁྱེད་ཀྱི་ཞབས་སུ་ཕྱོགས་སོང་།།
དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ།
ཞི་བདེ་དེད་དཔོན།
དགའ་ཀླུ་བསྟན་འཛིན་ནོར་བུ། སློབ་ཕྲུག
སྤྱན་རས་གཟིགས་ཀྱི་སྤྲུལ་པ།།
སྐྱབས་མགོན་ཡིད་བཞིན་ནོར་བུ།།
འགྲོ་བ་སེམས་ཅན་རྣམས་ལ།།
བྱམས་བརྩེ་གནང་ནས་བཞུགས་ཡོད།།
བླ་མ་དོན་དང་ལྡན་པ།།
གཞན་དོན་འབའ་ཞིག་ཆེད་དུ།།
རང་དོན་རྣམ་པར་སྤངས་ནས།།
འཛམ་གླིང་ཕྱོགས་བཞིར་ཕེབས་སོང་།།
ཁྱེད་ཀྱི་འཛུམ་མདངས་དེ་ནི།།
ས་གཞི་ཡོངས་ལ་ཁྱབ་སོང་།།
འཇིག་རྟེན་ཞི་བདེ་འདྲེན་པ།།
ཕྱག་ན་པདྨོ་མཆོག་བསྟོད་།།
གོང་ས་སྐྱབས་མགོན་ཆེན་པོ།།
འཛམ་གླིང་ཤར་ནུབ་ཀུན་ཏུ།།
ནང་ཆོས་དར་རྒྱས་འགྲོ་བ།།
ཁྱེད་ཀྱི་ཕྱག་རྗེས་ཡིན་སོང་།།
མི་ཤེས་རྨོངས་པ་སེལ་བའི།།
སྐྱབས་མགོན་ཏཱ་ལའི་བླ་མ།།
འཛམ་གླིང་ཞི་བདེ་དེད་དཔོན།།
སྐུ་ཚེ་ཁྲི་ལོར་བརྟན་ཤོག།
དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ།
རྩ་བའི་བླ་མ།
དགའ་ཀླུ་ཡོན་ཏན་དབྱིག་གཉེན། སློབ་ཕྲུག
བདག་གི་རྩ་བའི་བླ་མ།།
གོང་ས་སྐྱབས་མགོན་ཆེན་པོ།།
དགོན་པ་འདི་གར་ཕེབས་དུས།།
སྐྱིད་པའི་ཉི་མ་ཤར་སོང་།།
བདག་གི་རྩ་བའི་བླ་མ།།
ས་ཕྱོགས་གང་སར་ཕེབས་ཀྱང་།།
ཁྱེད་ཀྱི་ཞལ་རས་མཇལ་དུས།།
སེམས་ལ་ཞི་བདེ་འཕྲོས་སོང་།།
བདག་གི་རྩ་བ་བླ་མར།།
བྱམས་དང་སྙིང་རྗེ་དབང་གིས།།
ཞི་བདེ་གཟེངས་རྟགས་ཐོབ་པས།།
མི་རྣམས་ཡིད་སྨོན་སྐྱེས་འདུག།
བདག་གི་རྩ་བའི་བླ་མ།།
འགྲོ་བའི་དོན་དུ་བྱོན་ཏེ།།
འཛམ་གླིང་གང་སར་ཕེབས་པས།།
ཐེག་ཆེན་ནང་ཆོས་དར་སོང་།།
བདག་གི་རྩ་བའི་བླ་མ།།
སྟོན་པའི་བསྟན་པའི་བདག་པོ།།
མཁས་པ་སུ་འདྲ་བྱོན་ཡང་།།
ཁྱེད་དང་འགྲན་ཟླ་མི་ནུས།།
དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་ལ།
རང་ཅག་རྣམས་ཀྱི་འདྲེན་པའི་མཆོག་བླ་ན་མ་མཆིས་པ་༧གོང་ས་མཆོག་དགུང་ལོ་༨༤གྱ་བཞིར་ཕེབས་པའི་འཁྲུངས་སྐར་གྱི་ཉིན་ཏེ་ཕྱི་ལོ་༢༠༡༩ཟླ་༧པའི་ཚེས་༦ཉིན་དགའ་ལྡན་ཀླུ་འབུམ་ཁམས་ཚན་གྱི་འདུས་མང་ཡོངས་ནས་སྒོ་གསུམ་གུས་པས་ཕུལ།
རྣམ་པ་ཚོའི་རྩོམ་ཡིག་བཀླགས་གྲུབ། ཐུགས་རྗེ་ཆེ། རྗེས་སུ་ཡི་རང་ཞུ་བཞིན་ཡོད།
ཚང་མ་ཀློག་མ་ཐུབ་ད། རྗེས་སུ་ག་ལེར་ཚང་མ་བཀློག་རྒྱུ་ཡིན་བཀའ་དྲིན་ཆེ།
ཡག་པོ་འདྲ་བྲིས་འདུག
སྔོན་མར་འབྲས་ཀླུ་སྙན་ངག་མཁན་གྱི་རྫོང་།།
དེང་སང་དགའ་ཀླུ་རྩོམ་རིག་སྒྱུ་རྩལ་མཛོད།།