བདག་མོ།
སྐྱབས་མགོན་ལགས། རིན་པོ་ཆེ། ཁ་བ་རི་བོའི་ཞིང་ཁམས་སུ་ཁྱེད་ཀྱི་ལྟེ་མཚལ་འཕོས་པ་ནས། བོད་ཁ་བ་ཅན་ལ་བདེ་བའི་རྩ་བ་ཚུགས་ཤིང་སྐྱིད་ཀྱི་ཉི་མ་ཤར། གདོང་དམར་པ་ཚོའི་བླ་སྲོག་གི་སྐྱོར་མ་སྟེ། ཚེ་འདི་ཕྱིའི་གཉིས་ཀྱི་སྐྱབས་མགོན། —བོད་གངས་ཅན་གྱི་ལྷ་སྐལ།ཁམས་གསུམ་འགྲོ་བ་རིགས་དྲུག་གི་དོན་དུ། སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་རྒྱ་ཆེན་རྒྱས་པར་ཤོག
སྐྱབས་མགོན་ལགས། རིན་པོ་ཆེ། ཁྱེད་སྐུ་ཆུང་ངུའི་དུས་ནས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་དགོས་བྱུང་སྟེ། ཉག་ཕྲ་བའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་ཧ་ཅང་སྡུག་པོའི་དུསབོད་མི་རིགས་ཀྱི་བདེ་སྡུག་དང་ཕ་གཞིས་དྲོད་མོ་དེའི་སླད་དུརྒྱ་དམར་པོའི་གཡོ་སྒྱུ་ཁྲམ་གསུམ་གྱི་མདུང་ཁར་འབེན་དུ་བཞེངས་མྱོང་།—བཙན་པོའི་སྲས་ཀྱི་ཐུ་བོ་ལགས། དེ་ལྟར་ཁྱེད་ཀྱི་ཞུམ་པ་མེད་པའི་བློ་སྤོབས་དང་འགྱུར་བ་མེད་པའི་དྲང་བདེན། ཐུགས་གཤིས་བཟང་བོ་བཅས་ཀྱིས་རྒྱ་དམར་གཞུང་ཐབས་ཟད་འུ་ཐུག་གྱི་གནས་ལ་བསྐྱལ་ཡོད། དེ་བས་
ས་སྟེང་འདིའི་སྲོག་འཛིན་དང་བདེ་སྡུག་གི་དོན་དུ་ཁྱེད་རང་སྔར་བཞིན་རྒྱལ་དགོས། སྔར་བཞིན་རྒྱལ་བར་ཤོག
སྐྱབས་མགོན་ལགས། རིན་པོ་ཆེ། ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་གིསང་ཚོ་བོད་མི་རིགས་འདི་འཛམ་གླིང་གི་ཡུལ་གྲུ་གང་དུ་ཕྱིན་ཡང་རྐང་འཛུགས་ས་དང་གཞིས་ཆགས་སའི་གནས་ཡོད་པ་དང་། རྒྱབ་གཏོད་སའི་ཡུལ་ཁྱེད་ལས་སུ། ༧གོང་ས་ལགས།—ལྷ་མིའི་རྣམ་འདྲེན། ཁྱེད་ཡོད་པས་ང་ཚོ་ལ་ཅི་ཡང་ཡོད། གལ་སྲིད་ཁྱེད་མེད་ན་ང་ཚོ་ལ་ཅི་ཡང་མེད། ཁྱེད་ཉིད་ཁོ་ན་བོད་པ་དང་འཛམ་གླིང་གི་མི་རིགས་ཐམས་ཅད་ཀྱི་ཕན་བདེའི་འབྱུང་གནས་ཉག་གཅིག་ཡིན་པས་འགྲོ་བའི་དོན་དུ་བསྐལ་བརྒྱར་ཞབས་བརྟན་གསོལ།
སྐྱབས་མགོན་ལགས། རིན་པོ་ཆེ།ཁྱེད་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་ཐུགས་བསྐྱེད་བླ་ན་མེད་པ་དང་བྱམས་དང་སྙིང་རྗེའི་བྱིན་རླབས་ཀྱི་མཐུ་དང་སྟོབས་ལས།འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ཆེས་སྙན་གྲགས་ཅན་གྱི་ཚན་རིག་པ་དང་སློབ་གསོ་བ་ཆེན་མོ། ཆོས་བརྒྱུད་ཁག་གི་བླ་ཆེན་ཚོ་དང་འབྱོར་ལྡན་པ།མཉམ་འབྲེལ་རྒྱལ་ཚོགས་ལ་སོགས་པ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་བློ་འདྲི་སའི་ཡུལ་ཏེ།—འཛམ་གླིང་གི་ངེས་སྟོན་པ། ཅི་སྲིད་བསྐལ་བ་མ་སྟོང་གི་བར་དུ་འགྲོ་བའི་མགོན་དཔུང་དམ་པར་བཞུགས་སུ་གསོལ། —འཛམ་གླིང་གི་གཙུག་ཏོར།
སྤྱི་ལོ་༢༠༢༡ཟླ་༠༧ཚེས་༠༦ཉིན།
བདག་སོགས་གཞིས་བྱེས་བོད་འབངས་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པ་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་སྐྱེད་དམ་བཅའ་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རང་རེའི་འདོད་དོན་བོད་ཀྱི་བདེན་མཐའ་མྱུར་དུ་སེལ་ནས། གཞིས་བྱེས་མཉམ་འཛོམ་དང་། མི་སྨོན་རང་སྐྱིད། དགའ་བདེའི་དཔལ་ཡོན་བཅས་ལ་སྤྱོད་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་ལས་ལྷག་པ་ཞིག་མེད་པས། ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རིག་པ་སྒྲིམ་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༦ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་རྟེན་འབྲེལ་ཞུ་བའི་སྐབས། བོད་མིའི་སྒྲིག་འཛུགས་ལ་ཕྲད་པའི་དཀའ་ངལ་མཐའ་དག་གཡས་གཞོགས་གཡོན་འདེགས་ཀྱིས་ཞི་ནས་དམ་གཙང་འོ་ཆུ་གཅིག་འདྲེས་ཡིན་པའི་ཕྱག་རྟགས་འབུལ་ཐུབ་པ་ལ་བརྩོན་པ་ཧུར་སྐྱེད་གནང་རོགས། ཐུགས་རྗེ་ཆེ། དེ་ངའི་རེ་བའང་ཡིན། མངོན་འདོད་ཡང་ཡིན། བུ་སྤུན་མིང་སྲིང་ནང་ཁུལ་མཐུན་པ་གནང་རོགས། བཀྲ་ཤིས་བདེ་ལེགས། བཅས་ལྷོ་བྲག་ལྷ་ཁང་བ་སྨན་པ་བསྟན་འཛིན་གྲགས་པས་༢༠༢༡ཟླ་༧ཚེས་༢ཉིན་ཕུལ། སརྦ་མངྒ་ལཾ།