སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
༄༅།། ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་
རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་
དཔལ་བཟང་པོ་མཆོག་གི་རྟོགས་པ་བརྗོད་པ་
ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་
ཕྲེང་བ་ཞེས་བྱ་བ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ལྗོངས།། ཡོངས་སུ་བཟུང་བའི་ཐུགས་རྗེའི་མཐུ་སྨིན་པ།། འགྲོ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས།། བསྟན་འཛིན་རྒྱ་མཚོ་ཡིད་ལ་དྲན་བྱས་ཏེ།། ཧི་མ་ལ་ཡི་རི་བོའི་རྒྱུད་བཅད་ནས།། རྒྱ་གར་ཡུལ་དུ་བརྟོལ་བར་བྱ་པ་ཡི།། སྲོག་གི་ལྷག་མ་ལུས་པའི་གཞོན་ནུ་ཞིག། འདི་ན་གངས་ཅན་མགོན་གྱི་ཚུལ་ལ་སེམས།། ཨཱརྱཏཱརེ་སྭར་སྭ་སྟི་སོགས།། དད་པའི་ལྷ་ལ་བསྙེན་པའི་བྱིན་རླབས་ཀྱིས།། ས་གསུམ་བླ་མ་བསྟན་འཛིན་རྒྱ་མཚོ་ལ།། བསླུ་བ་མེད་པའི་སྐྱབས་སུ་ངེས་པ་རྙེད།། འདི་ནི་ཡེ་ཤེས་ལྷ་ཡི་ཡེ་ཤེས་ཐུགས།། ཆོས་ཀྱི་སྐུ་ཡི་རང་ཞལ་མཇལ་བ་སྟེ།། གཟུགས་ཀྱི་སྒྱུ་འཕྲུལ་བུ་མོ་མཛེས་མའི་ཞལ།། སྟོང་ཕྲག་གྲངས་སུ་མཐོང་བས་མཚོན་མ་ཡིན།། དེ་ལྟས་ཚིགས་སུ་བཅད་པ་རེ་རེ་ཡང༌།། མགོན་པོ་གང་གི་མཐུ་དང་ལྷག་པའི་ལྷས།། བུ་བཞིན་དགོངས་པའི་རྟགས་སུ་ངེས་རྙེད་ནས།། ཉམས་ལྡན་ངག་གིས་མཛད་པ་འདིར་བརྗོད་བྱ།། རང་བཞིན་གྱིས་གྲུབ་སྤོབས་པའི་མཐུ་ནི་ཞན་གྱུར་ཅིང༌།། མང་ཐོས་བློ་ཡི་ན་ཚོད་སྨིན་པར་མ་གྱུར་ཀྱང༌།། འཇིག་རྟེན་བླ་མའི་སྤྱོད་པ་ཕྱོགས་ཙམ་སྨྲོས་པའི་ཕྱིར།། མཁས་རྣམས་ཀྱིས་ཀྱང་འདི་ནི་མཉམ་དུ་རུང་བར་འགྱུར།། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས་གླེང་བཞིའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །།
གཟུང་འཛིན་རླུང་གིས་གཡོ་བའི་སྤྲོས་པ་རྣམས་སྤངས་ཐུགས་རྗེ་ཆེན་པོའི་རྦ་རླབས་དུས་ལས་ཡོལ་བ་མེད། མདོ་རྒྱུད་བསྟན་བཅོས་ཕྱི་ནང་རིགས་པའི་ཆུ་བོ་ཀུན་འཐུང་ཀུན་བཟང་ལེགས་པར་བཤད་པའི་ཀླུང་ཆེན་འབེབས། བསྟན་འཛིན་ཀླུ་དབང་ཚོགས་ཀྱིས་ཉེར་བསྟེན་དཔག་མེད་ཏིང་འཛིན་ཟབ་རྒྱ་ཁྱོན་ཡངས་ཕ་མཐའ་ཡས་པའི་མཚོ། སྣ་ཚོགས་འགྲོ་བའི་ཡིད་ཀྱི་རེ་བ་ཀུན་སྐོང་ཀུན་མཁྱེན་བླ་མ་གྲུ་འཛིན་དབང་པོ་གཙུག་ན་རྒྱལ། སྤྲིན་དཀར་གསར་པའི་ཕྲེང་བ་དག། ས་ཡི་ངོས་ལ་བབས་པ་ལྟའི།། ལྷུན་སྟུག་གངས་རིས་བསྐོར་བའི་ཡུལ།། བོད་ཅེས་སྤྱན་རས་གཟིགས་ཀྱི་ཞིང༌།། སྐལ་ལྡན་སྐྱེ་བོའི་དབང་གི་འབྲས།། བསོད་ནམས་འཁོར་ལོས་དྲངས་པ་ཡི།། རི་གླིང་མཛེས་པའི་ཚོགས་དག་གིས།། ཤིན་ཏུ་ལེགས་བྱས་མདོ་ཁམས་སྨད།། དོན་ཡོད་གྲགས་པའི་པཎྜི་ཏ།། བློ་བཟང་བླ་མ་འཇམ་པའི་དབྱངས།། ཆེ་བའི་ཡོན་ཏན་འབུམ་ཕྲག་གིས།། མཚན་དཔེའི་སྙིང་པོ་སྨིན་པའི་ཡུལ།། མཆོད་སྡོང་དྲི་མེད་འཇིག་རྟེན་གྱི།། རྒྱན་གྱུར་དགེ་ལེགས་འདོད་འཇོ་བ།། དཔལ་ལྡན་བོད་ཀྱི་ལུམྦི་ནི།། ཙོང་ཁ་ཆོས་ཀྱི་དགའ་ཚལ་དུ།། རིག་འཛིན་ལྷ་ཀླུའི་གཟི་བརྗིད་ཀྱིས།། ཤིན་ཏུ་རྒྱས་པར་བྱས་པ་ཡི།། འཛིན་མ་བསོད་ནམས་འོད་ལྡན་པ།། སྟག་འཚེར་ཞེས་སུ་གྲགས་པ་ཡོད།། དགེ་བའི་ཡུལ་དེར་བལྟ་བ་རབ་སྡུག་ལྗོན་ཤིང་མཛེས་པའི་གོས་འཛིན་ཅིང༌།། ཡིད་འོང་འདབ་ཆགས་ལྡིང་བའི་གར་གྱིས་ཀུན་ཏུ་སྒེག་པར་བྱས་པ་ཡི།། བཞད་ལྡན་ཆུ་ཡི་སྒྲ་སྒྲོག་རི་ནི་མིག་གི་གཡོ་བ་འཛིན་པ་དང༌།། མིག་མངས་རིས་སུ་བྲིས་པའི་འབྲས་ལྡན་གྲོང་དག་བལྟས་མི་ངོམས་པས་བརྒྱན། རྒྱལ་གསུངས་ཕན་བདེའི་འོད་བརྒྱ་པས། གཞན་གནོད་མུན་པའི་མཐུ་བཅོམ་པས།། ཞི་བ་མྱ་ངན་མེད་པ་ཡི།། འཁོར་ཡུག་ལྷ་ཡི་དགའ་ཚལ་བཞིན།། ན་བུན་ཟིལ་བུའི་བརླན་དག་གི། ཆུ་ཡི་གོས་འཛིན་པདྨོ་རྣམས།། གསར་པ་གསར་པའི་ལང་ཚོ་ཡིས།། གདུང་བ་རྣམ་པར་འཕྲོག་ལ་བྲེལ།། གེ་སར་ཁ་ཡི་དྲི་བཟང་གི། མངར་བ་ལ་ཆགས་བུང་བའི་ཁྱུ།། རྡུལ་གྱི་ཁུ་བས་དྲེགས་ལྡན་པ།། མྱོས་པའི་གླུ་དབྱངས་ཡི་གར་འོང༌།། རོ་བཅུད་སྨིན་པའི་བཟའ་ཤིང་གི། ར་བ་སྟུག་པོའི་ཕྲེང་བ་རུ།། འབྲས་བུ་ལེན་པའི་གཞོན་ནུ་མ།། བག་ཕེབས་རི་དྭགས་ཁྱུ་དང་བསྡེབས།། ཐར་པ་དམ་པའི་ལམ་བརྟེན་པ།། ཡུལ་གྱི་ཆེ་བ་ཉིད་གྱུར་པས།། དབུལ་པོ་དག་ཀྱང་བསོད་ནམས་ཀྱི།། ཞིང་གྱུར་སངས་རྒྱས་སྐུ་ཡིས་ཕྱུག། དར་བབ་སྟོབས་ལྡན་ལུས་ཀྱི་རྩལ་རྫོགས་དཔའ་རྒོད་དག་ཀྱང་གཅིག་ཏུ་དགེ་བས་ཞི་ཞིང་དུལ། ཡིད་འཕྲོག་སྨིན་ལེགས་ལང་ཚོས་མྱོས་པའི་ན་ཆུང་རྣམས་ཀྱང་རྣམ་གཡེང་རྣམ་སྤངས་ཆོས་ལ་བརྩོན། ཡ་རབས་སྤྱོད་པའི་བྱིས་པ་དག་གིས་རྩེད་མོའི་ར་བའང་དཀོན་མཆོག་མཆོད་པའི་ཚུལ་དུ་བྱེད། ཨེ་མ་བྱང་ཆུབ་སེམས་དཔའ་བལྟམས་པའི་ཡུལ་ནི་ཕྱོགས་འདིར་ངེས་པར་གཟིགས་པའི་འོས་སུ་ཆེ། གང་དུ་རྒྱལ་རྣམས་གཉེས་བྱས་པས།། རྒྱལ་སྲས་དམ་པ་བསྐྱེད་པའི་ཡབ།། ཆོས་སྐྱོང་ཚེ་རིང་ཞེས་བྱ་བ།། སེར་སྐྱའི་རྒྱལ་པོའི་རྗེས་འགྲོ་བྱེད།། སྐྱོན་མེད་ཕ་མའི་རྒྱུད་དག་ཅིང༌།། ཆུང་མ་དག་པའི་དཔལ་འཛིན་ཏེ།། བློ་ལྡན་རང་བཞིན་བཟང་པོའི་དྲི།། དེས་ནི་ཀུན་ཏུ་བསྒོས་པར་གྱུར།། རྡོ་རྗེ་བརྩེགས་པའི་རི་རབ་ཀྱིས།། པང་པས་འདེགས་པར་མི་བཟོད་པའི།། བྱང་ཆུབ་སེམས་དཔའ་འཛིན་པའི་ཡུམ།། མཐུ་ཆེན་གྲུབ་པའི་ལྷུམས་འཆང་བ།། བསོད་ནམས་འཚོ་ཞེས་བསོད་ནམས་ཀྱི།། ཆུ་གཏེར་ཀུན་ཏུ་རྒྱས་པ་སྟེ།། སྐྱོན་སྤངས་མཛངས་མའི་ཡོན་ཏན་གྱིས།། ཟླ་བ་ཉ་བ་ལྟ་བུར་གནས།། སྒྲིབ་བྲལ་རིག་པའི་མཚོན་ཆ་ཡིས།། གཉིས་སྣང་དྲ་བ་གཏུབས་བྱས་པའི།། ཐུགས་རྗེ་ལྡན་རྣམས་ཆོས་ཉིད་ཀྱིས།། ལྷུན་གྲུབ་སྣང་བ་རྒྱུན་མི་ཆད།། གང་ཚེ་སྐྱ་རེངས་མཆེད་ནས་ཉི་མ་འཆར་བ་དང༌།། ཆུ་ཀླུང་ཆེན་པོ་དབབ་པ་ཕྱིར་ཡང་ལྡོག་སྲིད་ཀྱི།། དགེ་བ་དཔའ་བོ་བྱང་ཆུབ་སེམས་དཔའི་སྨོན་ལམ་ནི།། གདོན་མི་ཟ་བར་ཇི་སྐད་སྨྲས་པ་དེ་བཞིན་བྱེད།། དེ་ལྟས་ཕྱག་ན་པདྨོ་འཛིན།། རང་གི་ཞིང་དུ་ཐུགས་རྗེའི་མཐུས།། སྡོམ་བརྩོན་རྒྱལ་པོའི་སྒྱུ་འཕྲུལ་གྱིས།། རོལ་པའི་དུས་ལ་བབ་པའི་ཚེ།། གཟིགས་པ་ལྔ་ཡིས་བདག་ཉིད་ཀྱི།། བླ་ན་མེད་པའི་ཆོས་སྟོན་ཕྱིར།། རྒྱལ་ཡུམ་བྱམས་བརྩེ་ཆེན་མོ་ཡི།། ལྷུམས་ཀྱི་ཁང་བཟང་བདག་གིར་བཞེས།། སྐྱེས་བུ་དམ་པའི་ཁུར་འཁྱེར་བའི།། བུད་མེད་མཆོག་དེའི་རྐང་པ་ཟུང༌།། བརྟེན་པར་བཟོད་པའི་ས་ཆེན་འདི།། ཨེ་མའོ་ངེས་པར་སྟོབས་དང་ལྡན།། རྫོགས་པའི་ཟླ་བ་དགུ་འདས་ཤིང༌།། དུས་བཟང་ཕོ་ཉས་གཏང་རག་གི། མེ་ཏོག་ཆར་གྱིས་ཁྱབ་བྱས་པའི།། དགའ་སྐྱིད་ལྡན་པ་དབྱར་གྱི་དུས།། དག་བྱེད་ཟླ་བའི་དཀར་ཕྱོགས་ཀྱི།། ཉག་མ་བཞི་དག་ལེགས་འདས་པ།། རིགས་ཀྱི་ཚེས་ལ་འཛམ་གླིང་གི། རྣམ་པར་རྒྱལ་བའི་རྒྱལ་མཚན་ཏེ།། ས་ཡི་ཉི་མ་མཁྱེན་བརྩེ་ཡི།། འོད་ཟེར་བྱེ་བ་འབུམ་འཆང་བ།། སྐྱོན་མེད་ལྷུམས་ཀྱི་ཆུ་འཛིན་ལས།། སྲིད་པའི་དཔལ་དུ་བལྟམས་པར་གྱུར།། དེ་ཡི་ཡེ་ཤེས་མིག་ནི་ཤིན་ཏུ་རྒྱས་ཤིང་ཡོངས་སུ་དག། སྦྱིན་དང་ཚུལ་ཁྲིམས་བཟོད་དང་ཐབས་ལ་མཁས་པའི་ཕ་རོལ་སོན།། ཚོགས་གཉིས་བཟོ་བོས་བྲིས་པའི་མཚན་དང་དཔེ་བྱད་བལྟ་ན་སྡུག། རྒྱ་ཆེན་སྨོན་ལམ་གྱིས་ཀྱང་འཇིག་རྟེན་གསུམ་ལས་རབ་ཏུ་འཕགས།། ཡང་དག་ཏུ་ན་དུས་གསུམ་གྱི།། རྒྱལ་བ་བསྐྱེད་པའི་ཡབ་གྱུར་ཀྱང༌།། གང་འདིར་རྒྱལ་སྲས་གཞོན་ནུ་ཡི།། མཛད་པ་སླར་ཡང་བསྟན་ཏོ་ཞེས།། ལྷ་རྣམས་དགའ་བའི་བྲོ་གར་གྱི།། སིལ་ཁྲོལ་གདུ་བུའི་སྒྲ་སྙན་དག། ས་ཆེན་ཤིས་པར་བསྒྲུབ་པ་ཡི།། དགེ་ལེགས་སྤྲིན་གྱི་དབྱངས་སུ་གྲུབ།། གང་གིས་ག་བུར་ལྷུན་པོ་ཡི།། ཕྲེང་བའི་སྐྲ་ཆིང་ལེགས་བསྡམས་པ།། དབྱིག་ལྡན་པང་དུ་ལྷ་ཀླུ་ཡིས།། དེ་ཚེ་མཆོད་པས་དོག་པོར་བྱས།། འོག་མིན་གནས་སུ་རང་སྣང་གི། ཡེ་ཤེས་འཁོར་ལོའི་དཔལ་རྫོགས་པ།། རྗེས་གྲུབ་རྟགས་ཀྱི་ལེགས་བསྒྲུབ་ཕྱིར།། འགྲོ་འདི་སླར་ཡང་མགོན་དང་བཅས།། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས། སྐུ་བལྟམས་པའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ།།
གང་ཞིག་འབར་བའི་མེ་དཔུང་ཀློང་དུ་གནས་བཅས་དུག་རླངས་བུ་ཡུག་ནད་ཀྱི་སྤྲིན་སྤྲོ་ཞིང༌།། གླང་ཆེན་ཀོ་བ་རློན་པའི་གོས་གྱོན་སྟ་རེ་རལ་གྲི་རྡོ་རྗེ་འཁོར་ལོའི་མཚོན་འཆང་བ།། དེ་དག་གང་ལས་ཤིན་ཏུ་ཕམ་གྱུར་སྟོབས་ལྡན་ཉོན་མོངས་བདག་ཏུ་ལྟ་བའི་དགྲ་སྡེ་ལས།། རྣམ་པར་རྒྱལ་བས་སྟོང་ཉིད་ཆོས་ཀྱི་རྒྱལ་རྔ་རབ་བརྡུངས་བརྩེ་ཆེན་བླ་མ་སྐྱབས་སུ་བསྙེན།། གང་དུ་སངས་རྒྱས་ཕྲིན་ལས་ཀྱི།། འཇུག་པ་རབ་ཏུ་རྒྱས་པ་སྟེ།། པད་ཀར་འཆང་བ་ས་སྐྱོང་གི། སྤྲུལ་པའི་གར་དུ་རྩེན་བྱས་པ།། རྒྱ་ཕིབས་གསེར་སྦྱངས་འོད་ཟེར་དག། མཁའ་ཡི་གླང་པོས་རབ་འཐུང་བའི།། ལྷ་ལྡན་ཞེས་བྱ་ལྷ་དབང་གི། གྲོང་ཁྱེར་ངེས་པར་མཚོན་པ་ཡོད།། ལྟེ་བ་གཞལ་མེད་ཁང་བཟང་གི། བཀོད་པའི་འཁོར་ལོ་རབ་རྫོགས་པ།། འོད་འབར་ནོར་བུའི་དོ་ཤལ་གྱིས།། གླང་པོའི་རྒྱལ་པོ་ལྟར་བརྒྱན་པར།། གཟི་བརྗིད་རེ་ཁཱ་མ་ཉམས་པའི།། གདོང་ལྔ་འབར་བའི་རལ་པ་ཡིས།། གཡོ་མེད་བཏེགས་པ་གསེར་གྱི་ཁྲི།། ལྷ་ཡི་མིག་གིས་ལེགས་སྲུང་བ།། སྣ་ཚོགས་མཆོད་པའི་བྱེ་བྲག་དག། སྤྲིན་གྱི་ཕུང་པོ་ལྟར་སྤུངས་པའི།། བདེ་བཤེགས་རྒྱལ་པོ་བཞུགས་པའི་ཁྲི།། དེ་ཚེ་རེ་ཞིག་སྟོངས་གྱུར་ཏེ།། ཐུབ་པའི་བསྟན་པ་མདོ་སྔགས་ཀྱི།། རྒྱ་མཚོ་རྫོགས་པར་འཐུང་བྱས་པའི།། གསེར་འཁོར་འཆང་བ་བཅུ་གསུམ་པ། ཞི་བར་གཤེགས་པའི་མྱ་ངན་འཛིན།། དེ་ལྟ་ན་ཡང་སྒྲིབ་གཉིས་ཀྱི།། བུད་ཤིང་ལྷག་མ་མེད་བསྲེགས་པ། མཐུ་ཆེན་ལྡན་དེས་གངས་རིའི་ཡུལ།། སླར་ཡང་བཟུང་བའི་དགེ་མཚན་དུ།། ཆུ་འཛིན་བཀོད་པའི་འདུ་འགོད་དག། ཤིན་ཏུ་དགེ་བའི་རྣ་རྒྱན་གྱིས།། དབང་ཕྱོགས་རྣ་བ་མཛེས་བྱས་པ།། དེ་ཚེ་འཆི་མེད་བུ་མོ་བཞིན།། བསོད་ནམས་འདོད་པའི་དབྱིག་འཇོ་བ།། མཆོད་སྡོང་ལྷུན་པོའི་བྱང་ཤར་གྱི།། ཀ་བའི་དཔུང་པ་མེ་ཏོག་གི། དོག་པའི་ཁུར་གྱིས་གློ་བུར་ངལ།། རིན་ཆེན་སྙིང་པོས་གཡོག་པའི་གདུང༌།། དེ་ཚེ་དབང་གི་མཐུས་སྣང་བ།། ལྷོ་རུ་བསྐོར་བའང་ལན་གཉིས་སུ།། ཤར་དུ་གཟིགས་པའི་ལྟས་བཟང་བྱུང༌།། ཁྱད་པར་ཐབས་ཀྱི་མཆོག་ལྡན་ཞིང༌།། དབང་སྒྱུར་ལག་པའི་སྟོབས་འཆང་བ།། ཀུན་རྨོངས་ལག་འགྲོའི་སྲོག་འཕྲོག་པས།། བློ་ཡི་འདབ་གཤོག་ཡངས་པ་སྟེ།། ཆེན་པོ་བོད་ཀྱི་སྲིད་སྐྱོང་གི། གདུགས་དཀར་འཛིན་པ་རྭ་སྒྲེང་བས།། སྣ་བོ་ཆེ་ཡི་འཁོར་གྱི་ཚོགས།། དོན་མཐུན་བསྒྲུབ་པའི་གྲོགས་དང་བཅས།། ཆོས་འཁོར་རྒྱལ་དུ་རེ་མ་ཏིའི།། བླ་མཚོ་བསླུ་མེད་ལུང་སྟོན་པ།། རིན་ཐང་བྲལ་བའི་རིན་པོ་ཆེར།། དགེ་བར་གཟིགས་པའི་དཔལ་ཡོན་གྱིས།། གང་དུ་རྒྱལ་ཀུན་སྙིང་རྗེའི་མཐུ།། མི་ཡི་ཤ་ཚུགས་ལེགས་བཟུང་བ།། མཆོག་གི་སྤྲུལ་པའི་སྐུ་བཞུགས་པའི།། ཡུལ་གྱི་རྟགས་མཚན་གསལ་བར་བྱས།། དེ་ལྟར་ཐུབ་པའི་བསྟན་པ་ལ།། རབ་དགའ་ལྷ་ཀླུའི་ཆོ་འཕྲུལ་གྱི།། མཛུབ་མོས་བསྟན་པའི་ལམ་བཟང་པོར།། ཆེ་དགུའི་ཚོགས་དག་ཞུགས་ལ་རིངས།། སྤྱོད་པའི་ཆེ་བ་བླ་མེད་པའི།། ཐ་ཚིག་བསླུ་བ་མེད་ལྡན་ཞིང༌།། གཞུང་བསྟེན་སྲུང་མའང་དུས་ཀུན་ཏུ།། གཡེལ་བ་མེད་ཅིང་མཐུ་མྱུར་བས།། ཁ་བའི་དུས་ན་འཇིག་རྟེན་གྱི།། སྙིང་པོ་གང་དུ་བཞུགས་པ་སྟེ།། དྲང་སྲོང་རིག་པ་འཛིན་དག་གིས།། ཤིན་ཏུ་བསྔགས་པའི་བསྟི་གནས་སུ།། ཉེ་ཞོ་མེད་པར་ཀེའུ་ཚང་བ།། གཡོག་འཁོར་དང་བཅས་ལེགས་བརྟོལ་ཞིང༌།། ཚོགས་གཉིས་བྱེ་བ་བརྒྱ་ཕྲག་གིས།། ལེགས་བསྐྲུན་སྤྲུལ་པའི་སྐུ་དང་མཇལ།། གསར་དུ་ཕྱེས་མ་ཐག་པ་ཡི།། མ་ལི་ཀ་ཡི་དཔལ་འཛིན་པ།། མཆོག་གི་བདག་ཉིད་ཤེས་རབ་ཀྱི།། ཕ་རོལ་ཕྱིན་པའི་སྙིང་པོ་དེས།། དང་པོ་ཉིད་ནས་སྔོན་གྱི་གནས།། རྗེས་སུ་དྲན་པའི་སྤྱོད་པ་ཡིས།། ཡིད་རབ་དགའ་བ་རྒྱས་བྱས་པ།། དེ་ཚེ་གཏེར་ཆེན་རྙེད་པ་བཞིན།། ཆེན་པོའི་ལུང་ལས་བཤད་པ་སྟེ།། ཤིན་ཏུ་ལྐོག་གྱུར་ས་ཆེན་གྱི།། འཕགས་པའི་མངོན་པར་རྟོགས་པའི་ཆོས།། མངོན་སུམ་དང་པོའི་ཡུལ་དུ་བྱིན།། འདི་ལྟར་མཚུངས་པའི་ཆོས་སྤངས་ཞིང༌།། བདག་ཉིད་ཆེན་པོའི་ཡོན་ཏན་གྱི།། ཕུང་པོ་ཤིན་ཏུ་ཉ་གང་བ།། འདི་ན་ངེས་པར་མཆིས་སོ་ཞེས།། དོན་ཆེན་རླན་གྱི་ཁུར་ཁྱེར་བ།། མཉན་པར་འོས་པའི་འཕྲིན་བཟང་གི། སྤྲིན་གྱི་ཕོ་ཉ་ལྷོ་བགྲོད་ཀྱིས།། གྲུ་འཛིན་རི་བོའི་སྤོ་ལ་བཏང༌།། རང་གི་བྱ་བ་གཏམ་སྙན་གྱིས།། ཆུ་ཡི་མེ་ཏོག་འཐོར་བ་དེས།། ཆེ་དགུའི་ཕོ་བྲང་འཛུམ་དཀར་གྱི།། གེ་སར་ལང་ཚོས་ཁྱབ་པར་བྱས།། དེ་ཚེ་དང་པོའི་ཆར་གྱིས་རེག་བྱས་དགའ་བ་འབར་བའི་གཙུག་ལྡན་གྱི།། བུ་མོ་གཞོན་ནུའི་བརྟུལ་ཞུགས་འཛིན་པ་འཕྲུལ་ལྡན་མི་ཡི་རྗེ་བོ་དག། ཕུལ་བྱུང་ཐབས་ཀྱི་ཆེ་བ་སྤྱོད་པའི་དུས་སུ་ངེས་པར་བབ་མཐོང་སྟེ།། སྤྱན་འདྲེན་བཀོད་པའི་ཡོ་ལང་དག་གིས་ལྷ་རྣམས་ལྟད་མོས་གཡེང་བར་བྱས།། ཤིན་ཏུ་ཟབ་པའི་བློ་ཡི་འཕྲུལ་གྱིས་སྡིག་ཅན་དཔོན་ལ་འཁྲུལ་བ་བྱིན།། བསྒྲུབ་པར་དཀའ་བ་བསྒྲུབ་པའི་སྙིང་སྟོབས་གཞོམ་མེད་རྡོ་རྗེའི་ཁམས་སུ་བསྒོས།། བཤུལ་རིང་ལམ་དུ་བགྲོད་པའི་ཕོ་ཉ་ཆུ་ཁུར་ཞགས་པའི་འཕྲིན་པ་ཡིས།། ཤར་ནུབ་ས་ཡི་འཁོར་ཡུག་སྦྲེལ་བ་མེ་ཏོག་ཕྲེང་བ་བརྒྱུས་པ་བཞིན།། གང་གི་ཚེ་ན་རིགས་ལྡན་གྱི།། བྱང་ཆུབ་སེམས་དཔའ་བློ་གྲོས་ཅན།། གྲུ་འཛིན་རི་བོའི་གཞལ་མེད་ཁང༌།། བདག་གིར་མཛད་ལ་མངོན་ཕྱོགས་ཏེ།། ཚངས་དབང་རལ་པའི་དྲི་བཟང་དག། ཙནྡན་ཁུ་བས་བྱུགས་པ་བཞིན།། བགོས་པར་བྱས་པའི་ཞབས་ཟུང་གི། འདེགས་འཇོག་ནུབ་ཀྱི་ཕྱོགས་སུ་བསྒྱུར།། རི་ཡི་རྩེ་མོའི་ལང་ཚོ་ལ།། ཚིམས་པར་སྤྱོད་པའི་སྒྲ་བརྒྱ་འཛིན།། གཏོས་ཆེན་དཔུང་གི་འཇུག་པ་ཡི།། ས་ཡི་མུ་འཁྱུད་བསྐོར་བའི་ལྟའི།། བཞོན་པ་མགྱོགས་པའི་རླུང་བགྲོད་ཀྱིས།། ཁྲག་ཁྲིག་ཆུ་བོ་བརྒལ་བྱས་པས།། ཆེན་པོར་འོས་པའི་བསུ་བ་ཡི།། ཕྲེང་བ་ཟད་མི་ཤེས་པས་བསུས།། གཞོན་ནུའི་ཚོགས་ཀྱིས་སྨིན་པའི་ལང་ཚོ་ས་ཆེན་ངལ་བར་བྱེད་པ་དག། ཡིད་འཕྲོག་རྒྱན་གྱིས་ལེགས་པར་བརྒྱན་བྱས་དེ་ཚེ་འདོད་ལྷའི་དཔའ་བོ་བཞིན།། སྒྱུ་རྩལ་གྲུབ་པའི་སྦྱོར་བ་ལ་བརྟེན་འདོད་དགུར་བསྒྱུར་བའི་འཕོང་དག་གིས།། དོན་ཀུན་གྲུབ་པའི་སྤྱོད་པ་བླ་མེད་ཡང་དག་རྗེས་སུ་དྲན་པར་བྱས།། ཀུན་ཏུ་འཕྲུལ་བའི་ཟུར་མིག་འཁྱོག་པོས་ལན་བུའི་གསེབ་ནས་བལྟ་བྱེད་ཅིང༌།། མཉེན་ལྡན་ལུས་ཀྱི་གར་སྟབས་ཡིད་འོང་དར་གྱི་ལྡ་ལྡི་གཡོ་བ་བཞིན།། དྲང་སྲོང་ཆགས་པའི་སྤུ་ལོང་རྒྱས་བྱེད་ཏམྦུར་ཡི་ངག་འཛིན་པ།། མི་ཡི་དཔལ་མོས་བརྡུངས་པའི་བྲོ་གར་དྲི་ཟའི་གསང་བ་བརྐུས་པ་བཞིན།། ཚངས་པར་སྤྱོད་པའི་ཚོགས་ཀྱིས་བསྟེན་འོས་རང་གི་རྒྱལ་མཚན་ངུར་སྨྲིག་གི། རི་ཡི་བླ་གོས་ཟླུམ་པོར་བགོས་པའི་གུར་གུམ་རྡུལ་གྱི་ཐང་མ་ཡིས།། ས་ཆེན་ཁྱབ་པར་བརྡལ་བའི་དཔལ་གྱིས་ཉི་མའང་སྒྲེན་མོར་སྣང་བྱེད་ཅིང༌།། སྣ་ཚོགས་མཆོད་པའི་སྤྲིན་གྱི་ཚོགས་དང་མཐའ་ཡས་རོལ་མོས་རབ་ཏུ་མཆོད།། དཔའ་མཛངས་སྟོབས་ཀྱི་བློན་པོར་བཅས།། ཁེངས་པ་མཐོ་བའི་ས་དབང་གིས།། གཙུག་ཏུ་བླངས་པའི་ཞབས་ཟུང་གི། རཱེ་ཁ་གསེར་གྱི་ཅོད་པན་བཞིན།། མི་ཕྱེད་དད་པ་བརྟན་པོ་ཡིས།། ཉེ་བར་ལྷགས་པའི་སྐྱེ་བོའི་ཚོགས།། རྩི་ཤིང་གྲངས་ཀྱི་རྗེས་འགྲོ་བས།། མོས་གུས་མཆི་མས་ས་གཞི་བརླན།། དེ་ལྟར་བཀོད་པ་ཕུལ་བྱུང་ཞིང༌།། མིག་སྐྱའི་འབྱོར་པའི་དཔལ་འཕྲོག་པ།། རིམ་པར་བསྟར་བའི་རྒྱན་ཕྲེང་དག། ཆེ་བའི་རྒྱུན་དུ་ལེགས་བཞེས་པས།། འབུམ་ཕྲག་ལོ་ཡི་ཁུར་བརྩེགས་པ།། ལྷ་ཡི་གནས་ཀྱི་རྒན་པོ་རྣམས།། འདི་འདྲ་བྱེད་པོའི་བློ་ལས་ཀྱང༌།། ཐོན་པར་ནུས་པ་མིན་ཞེས་སྒྲོག། ཆུད་མི་ཟ་བ་སྐྱེ་བོ་ཡི།། བསོད་ནམས་ཤིང་རྟའི་བཞོན་པ་ཅན།། རྒྱལ་སྲས་ཞབས་སེན་ཉི་མའི་འོད།། རིམ་གྱིས་ལྷ་ལྡན་གྲོང་ཁྱེར་དུ།། གེགས་མེད་བབས་པའི་བཀྲ་ཤིས་ཀྱི།། གྲགས་པའི་རླབས་ལྡན་མཚོ་ཡི་ཆུ།། ངོམས་པར་འཐུང་བའི་དགའ་སྟོན་དག། ཕྱོགས་ཀྱི་སྐྱེ་བོ་ངང་པས་མྱངས།། སྐྱབས་མེད་གདུང་བས་ཟུམ་བྱས་པའི།། སྐྱེ་བོའི་ཡིད་ཀྱི་པདྨོ་རྣམས།། གྲོང་ཁྱེར་མཆོག་ཏུ་དེ་ཡི་ཚེ།། རྣམ་པར་ཕྱེ་བའི་སྐལ་བཟང་ཤར།། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས།། མཆོག་སྤྲུལ་ངོས་འཛིན་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་གསུམ་པའོ།།
འོད་ལྡན་གངས་རིའི་འོད་ཀྱི་མདངས་འཛིན་པདྨའི་རྩ་བ་ཤིན་ཏུ་འཇམ་པ་ལྟ་བུ་སྟེ།། ཀུན་དགའ་སྐྱེད་བྱེད་ཀུན་གྱིས་བསྟེན་འོས་རིག་འཛིན་གྲུབ་པ་གཙང་མའི་ལྷ་ཡི་ལང་ཚོ་ཅན།། དྲང་སྲོང་གོས་ཀྱི་འོད་དམར་ལྷུང་བས་མཆོག་ཏུ་མཛེས་བྱས་གང་གི་ཚེ་ན་སྡོམ་བརྩོན་གྱི།། བརྟུལ་ཞུགས་འཛིན་ལ་ཉེ་བ་འཁོར་འདྲའི་བག་ཡོད་ལྷུར་མཛད་འཇིག་རྟེན་དབང་ཕྱུག་སྲིད་ན་རྒྱལ།། རྫོགས་སངས་རྒྱས་ཀྱི་བསྟན་པ་ཡི།། པདྨོའི་ཚལ་དུ་ཞུགས་པ་ལ།། མུན་པའི་ཡོལ་བ་རྣམ་དབྲལ་བའི།། དང་པོའི་གོམ་སྟབས་ཁྱུང་སྔོན་སྐྱེས།། གང་དུ་ལེགས་པར་སྤོས་པ་སྟེ།། སོས་ཀའི་དུས་ན་དབང་སྔོན་གྱི།། ཁུ་བ་འཁྱིལ་བའི་རྒྱ་མཚོ་རུ།། འདབ་བཟང་ཤུགས་ཀྱིས་རོལ་པ་ལྟའི།། དམ་པའི་མཛད་པ་སྟོན་བཞེད་པས།། ཤཱཀྱ་མུ་ནེའི་གཟི་བྱིན་གྱིས།། དུལ་བྱས་ཕྱུགས་ཀྱི་བདག་པོ་ཡི།། གཙུག་གི་ཟླ་བའི་འོད་འཕྲོ་བ།། དབང་པོའི་གཞུ་ཡི་དུམ་བུ་དག། ཆུན་པོར་བྱས་པའི་རྒྱན་བཟང་གི། རལ་པའི་ཁུར་འཆང་ཆུ་སྐྱེས་ཀྱི།། ཀ་བ་གསེར་གྱི་གདུབ་ཀོར་ཅན།། ཁྲག་ཁྲིག་སྒྲོན་མེའི་འོད་རིས་ཀྱི།། ལང་ཚོ་ཤིན་ཏུ་སྐལ་བཟང་ཞིང༌།། བདུག་སྤོས་མཆོག་གི་དྲི་ལྡང་བ།། ར་ས་འཕྲུལ་གྱི་ལྷ་ཁང་དུ།། གཙུག་སྐྱེས་མཆོད་པའི་མེ་ཏོག་དག། མི་ཡི་བདག་པོ་འདུལ་བ་འཛིན།། རྭ་སྒྲེང་མཁན་པོར་ཕུལ་བ་ཡིས།། སྲིད་ན་ཆེ་བའི་མཚན་གྱིས་སྒེག། གང་གི་གྲགས་པ་རྟ་གདོང་མེས།། ས་ཆེན་ཟླུམ་པོར་བསྐོར་བ་ཡི།། ཐོག་མའི་སྟ་གོན་གསེར་གྱི་ཁྲིར།། སྐྱེ་དགུས་མཆོད་པའི་དུས་བཟང་པོར།། མངོན་པར་ཕྱོགས་པའི་དགའ་སྟོན་ལ།། ཆགས་པའི་ཡིད་ལྡན་མཐོ་རིས་ཀྱི།། དབང་པོའི་ཚོགས་དག་འདུས་པ་ཡིས།། ས་བླའི་གྲགས་པ་དམན་པར་བྱས།། སྙན་པ་སྒྲོག་པའི་ལྷའི་བུ་དག། ཕྱོགས་རྣམས་ཀུན་ཏུ་བགྲོད་བྱས་པ།། རྣམ་གནོན་དང་པོའི་ཟླ་བ་ཡི།། དཀར་ཕྱོགས་རྫོགས་པ་གཉིས་པའི་དུས།། ཀུན་བཟང་མཆོད་པའི་སྤྲིན་ལྡན་པ།། ཁྲག་ཁྲིག་ལྷ་མིའི་འདུ་ཚོགས་ཀྱི།། རེ་སྐོང་སེངྒེའི་ཁྲི་བཞེས་པས།། ཀུན་གྱི་ཡིད་ལ་ངལ་གསོ་བྱིན། ཐུན་མོང་ཐུན་མོང་མ་ཡིན་པའི།། ཤེས་བྱའི་དེ་ཉིད་མངོན་མཛད་ཀྱང༌།། འཇིག་རྟེན་དག་དང་མཐུན་འཇུག་པས།། འབྲི་ཀློག་མཛད་པའང་རིམ་གྱིས་བསྟན།། འདི་ནི་ཕུལ་དུ་བྱུང་བ་སྟེ།། སྒྲིབ་ཀུན་སྤངས་པའི་ཡེ་ཤེས་ཀྱིས།། ཆགས་པ་མེད་པར་རོལ་བ་ཡི།། སྤྱོད་པའི་གསང་བ་བསྟན་པར་བྱས།། ཐུབ་པའི་ཆོས་ལ་མཆོད་ཕྱིར་དང༌།། འགྲོ་རྣམས་བསྟན་ལ་ཞུགས་ཕྱིར་དང༌།། བསྟན་པའི་རྩ་བ་ཚུགས་ཕྱིར་དུ།། ཚིགས་གསུམ་རིམ་གྱིས་ནོད་དགོངས་ཏེ།། གཞོན་ནུའི་ན་ཚོད་ལོ་བརྒྱད་ཀྱི།། མཚན་མ་རྣམ་པར་གསལ་བ་སྟེ།། སྣ་ཚོགས་ཞེས་བྱ་ཆུ་ཕོ་རྟས།། འཛིན་མའི་འཁོར་ལོར་དབང་བྱས་ཚེ།། ས་སྐྱོང་ཆེ་བའི་རྒྱལ་ཐབས་ཅན།། སྟག་བྲག་རྡོ་རྗེ་འཆང་དབང་ལས།། ཉེས་པ་བཅུ་སྤོང་དགེ་ཚུལ་གྱི།། བསླབ་པའི་རིམ་པ་དགྱེས་པར་བཞེས།། གང་གི་ཚེ་ན་གནས་ལྔ་ཡི།། རིག་པའི་རྒྱ་མཚོ་བརྒལ་བཞེད་པ།། དེ་ཚེ་མཆོག་ཏུ་དགེ་བ་ཡི།། ཡིད་དང་ལྡན་པའི་ཞུགས་པར་མཛད།། ཉོན་མོངས་རྣམ་པར་སྤངས་པའི་བློ།། སྟོན་ཀའི་ཟླ་བ་ལྟར་དཀར་བ།། འདི་འདྲ་རྫོགས་པའི་སངས་རྒྱས་ལས།། སུ་ཞིག་ལ་ནི་བསྟེན་པར་འགྱུར།། དེ་ཕྱིར་གཞོན་ནུའི་མཆོག་བསྟེན་པའི།། བཤེས་གཉེན་རྣམས་ནི་སངས་རྒྱས་སུ།། རྡོ་རྗེའི་ལུང་གིས་གྲུབ་པ་སྟེ།། ད་ལྟའང་འགྲོ་འདིས་མངོན་པར་བསྟོད།། གནས་དང་གནས་མ་ཡིན་པའི་ལམ།། ཐབས་ཀྱིས་འགྲོ་ལ་མངོན་སྟོན་པ།། རྒྱལ་བའི་སྲས་འདིའི་གུས་རྟག་གི། སྦྱོར་བའི་བརྩོན་འགྲུས་བླ་ན་མེད།། རྣམ་མང་གཞུང་གི་ཚིག་དོན་ལ།། ཤིན་ཏུ་འདྲིས་པར་བྱས་པ་ཡིས།། རིང་པོར་མ་ཐོགས་ཡོངས་རྫོགས་ཀྱི།། ལེགས་པར་བཤད་པའི་མཛོད་དུ་གྱུར།། ཟབ་མོ་དབུ་མའི་དེ་ཉིད་སྟོན་ལ་སྟོན་པ་དང་མཚུངས་ཀླུ་སྒྲུབ་ཨཱརྱདེབ་དང༌། ལེགས་ལྡན་ཟླ་བ་ཡེ་ཤེས་སྙིང་པོ་དཔལ་ལྡན་ཞི་བ་ལྷ་ལ་སོགས།། གང་དག་སྲིད་ན་གྲགས་པར་གྱུར་རྣམས་འདི་ཡི་བླ་མེད་ཤེས་རབ་ཀྱིས།། མཚོན་པར་བྱས་པའི་གྲགས་སྙན་རྫ་རྔ་ཕྱོགས་ཀྱི་མཁས་པས་རབ་ཏུ་བརྡུངས།། མངོན་པར་རྟོགས་པའི་ཆོས་ཀྱི་རྣམ་གྲངས་རྣམ་གསལ་ངག་གིས་སྨྲ་བ་ལ།། ཐུབ་པའི་ལུང་གིས་ཚད་མར་གྱུར་བྱས་འོད་བྱེད་གྲུབ་པ་ཐོགས་མེད་མཚན།། དབྱིག་གཉེན་རྣམ་པར་གྲོལ་བའི་སྡེ་དང་སེང་བཟང་ཙནྡྲགོ་མི་ཡི།། རྣམ་དག་གཞུང་གི་གསང་བ་འཛིན་ལ་མཚུངས་པའི་ཆོས་རྣམས་ཡང་དག་སྤངས།། ཆོས་ཀུན་ཀུན་ཏུ་བཟང་པོར་བྱང་ཆུབ་གདོད་མིའི་ཡེ་ཤེས་མངོན་བྱེད་པའི།། སྨིན་གྲོལ་ལམ་གྱི་གསང་བ་སྟོན་ལ་གསང་བའི་བདག་པོ་དང་མཚུངས་ཤིང༌།། རྡོ་རྗེ་འཆང་དབང་དགོངས་པའི་བཅུད་ཀྱིས་ཤིན་ཏུ་སྨིན་པར་གྱུར་པ་ཡི།། ཡེ་ཤེས་མཆོག་གི་ལང་ཚོའི་དཔལ་ལ་རྒྱལ་རྣམས་རྗེས་སུ་ཆགས་པ་འཛིན།། ཟིལ་གནོན་སྤོབས་པ་མཆོག་ཏུ་དགེ་བས་ཐལ་མོ་ལན་གཅིག་བརྡབས་པའི་སྒྲས།། བདུད་ཀྱི་གནས་རྣམས་རླུང་གིས་བསྐྱོད་པའི་ལྗོན་ཤིང་ལོ་མ་ལྟར་སྤྲུག་པ།། དཔལ་ལྡན་རིག་པའི་དབང་ཕྱུག་དག་གི་རིགས་ལམ་མཚོན་ཆའི་འཁོར་ལོ་ཡིས།། ལོག་སྨྲ་ཕྱེ་མར་འཐག་པའི་བསད་ཁྲག་མཁའ་ལ་མཚམས་སྤྲིན་ཟོལ་གྱིས་འཕྱུར།། འདུལ་ལུང་སྡེ་བཞིའི་དགག་སྒྲུབ་སྨྲ་ལ་ཡོན་ཤཱཀ་མཁས་པའི་སྙེམས་པ་འཆང༌།། ཚིག་རྒྱན་རིག་པ་གྲུབ་པའི་ཉམས་ཀྱིས་དཎྜིའི་ངག་གི་རོལ་མོ་འཕྲོག། མདོར་ན་སྐད་ཅིག་སྐད་ཅིག་ཉིད་ལ་ཞིང་རྣམས་བྱེ་བ་བརྒྱར་བགྲོད་པའི།། རྫུ་འཕྲུལ་ཅན་གྱིས་བརྒལ་བར་མ་གྱུར་གཞུང་ལུགས་རྒྱ་མཚོ་རབ་ཏུ་བརྒལ།། རྒྱལ་བའི་སྤྱན་གྱི་འོད་འཛིན་པ།། རྒྱལ་སྲས་གསེར་གྱི་མེ་ཏོག་དེའི།། ན་ཚོད་བརྒྱད་གཉིས་ལང་ཚོ་ཡི།། མཛེས་པ་དར་ལ་བབ་པའི་དུས།། གཡོན་ཅན་སྨོན་ལམ་ལོག་པའི་སྡེ།། རྒྱ་ནག་གླང་པོ་གདུག་པའི་ཁྱུ།། ཁ་བ་རི་པའི་བདེ་སྐྱིད་ཀྱི།། པད་མཚོ་དཀྲུག་ལ་ལྷགས་པ་ཡིས།། དུས་སུ་སྨིན་པའི་ཐུགས་བསྐྱེད་ཀྱིས།། འཇུག་པའི་སྒོ་འཕར་ཡངས་པོ་རུ།། ཕྱེ་བའི་རྟེན་འབྲེལ་མཚན་མ་དག། དེ་ཚེ་འབུམ་ཕྲག་གྲངས་སུ་སྣང༌།། གྲུབ་དབང་བླ་མ་མཚོ་སྐྱེས་རྗེའི།། བཀའ་རྟགས་རྡོ་རྗེའི་མདུད་པ་ཅན།། བོད་སྐྱོང་སྲུང་མས་གདུང་ཤུགས་ཀྱིས།། གསོལ་བ་ནན་ཆེར་བཏབས་བྱས་པ།། གཙིགས་སུ་འཛིན་པའི་རྗེ་འབངས་ཀྱིས།། ཕྱག་བྱས་གུས་པ་མཆོག་ལྡན་པས།། ས་ཡི་རྒྱལ་མཚན་གངས་ཅན་གྱི།། ལུགས་གཉིས་སྐྱོང་བའི་མགོན་དུ་བཀུར། བྱང་ཆུབ་མཆོག་གི་སྤྱོད་པ་ཡིས།། འགྲོ་འདི་ངེས་པར་སྐྱོང་བ་སྟེ།། སྐད་ཅིག་དེ་ལ་བཙོན་དོང་དུ།། ཁྲིམས་ཀྱིས་ཉེན་རྣམས་བཙོན་ལས་བཏང༌།། ཡུན་རིང་སྲིད་ལ་གོམས་པ་ཡི།། རྒན་པོ་དག་གིས་མ་ཞི་པའི།། རྙོག་མ་ཅན་གྱི་རྩོད་པ་དག། དེ་ཚེ་རང་བཞིན་ཉིད་ཀྱིས་ཞི།། ཤིན་ཏུ་གཞོན་པའི་ན་ཚོད་ཀྱིས།། མེས་པོའི་བློ་ལས་འགོང་བ་ཡི།། མཁྱེན་པ་མཆོག་གི་མཛད་པ་ལ།། སྐྱེ་བོས་ངོ་མཚར་ཕུལ་དུ་འཛིན།། སྲིད་ཀྱི་བགྱི་བ་ཆེས་ལྕི་བ།། ཕྲག་ཏུ་བཞེས་པའི་སྐབས་སུ་ཡང༌།། བསླབ་གཞི་ཡོངས་སུ་རྫོགས་པ་ཡི།། བསྙེན་པར་རྫོགས་པ་ལ་ཕྱོགས་ཏེ།། དགུང་གྲངས་ཉི་ཤུའི་ཚད་ལོངས་པ།། རྣམ་པར་རྒྱལ་བ་ཤིང་ཕོ་རྟའི།། མཆུ་ཡི་ཟླ་བ་ཉ་བའི་ཉིན།། སྦྱོར་བའི་ཆོ་ག་སྔོན་འགྲོ་བས།། གངས་ཅན་འདུལ་བ་འཛིན་པ་ཡི།། གཙུག་གི་ནོར་བུ་དྲི་མེད་པ།། འབུམ་ཕྲག་འདུལ་བའི་ཚིག་དོན་གྱི།། རྦ་རླབས་གཡོ་བ་གདམས་པའི་མཚོ།། ཡོངས་འཛིན་རིགས་ཀྱི་བདག་པོ་སྟེ། གླིང་སྤྲུལ་ཐུགས་རྗེའི་བདག་ཉིད་ལས།། བསྙེན་པར་རྫོགས་པ་དགེ་སློང་གི། དངོས་པོ་ཉིད་དུ་བསྒྲུབས་མཛད་པས།། ས་ཡི་སྟེང་འདིར་ཐུབ་པ་ཡི།། ཉི་མ་སླར་ཡང་ཤར་རོ་ཞེས།། གྲགས་པའི་རྔ་སྒྲ་འོག་མིན་གྱི།། ལྷ་རྣམས་འབོད་པའི་ཕོ་ཉར་ཆས།། ཨེ་མའོ་ངེས་པར་འགྲོ་འདི་ལ།། སྟོན་པ་མཆོག་ཏུ་སྣང་བ་སྟེ།། དེ་བཞིན་གཤེགས་པའི་མཛད་པ་ཡིས།། ཞིང་འདི་དཔལ་དང་ལྡན་པར་བྱས།། ཨེ་མའོ་སྟོན་པ་ཨེ་མའོ་བསྟན།། ཨེ་མའོ་སྐྱབས་གཅིག་ཨེ་མའོ་མགོན།། འདི་ལྟའི་ཚུལ་ལ་ལེགས་བསམ་ན།། འགྲོ་འདི་ངེས་པར་བསོད་ནམས་ལྡན།། གདོན་མི་ཟ་བར་སོ་ཐར་གྱི།། ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ།། སྲིད་ན་ཤིན་ཏུ་རིན་ཆེ་བ།། འདི་ཡི་མཛད་པའི་རྗེས་སུ་ཤེས།། གང་ལས་མགོན་པོ་མཆོག་བཞུད་པའི།། རྒྱལ་བས་བསྔགས་པའི་ལམ་བཟང་པོར།། ཞུགས་བྱས་ཤཱཀྱ་སེངྒེ་ཡི།། བསླབ་གཞི་འཛིན་རྣམས་སྐལ་བཟང༌།། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་ཕྲེང་བ་ལས། རབ་ཏུ་བྱུང་བ་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་བཞི་པའོ།།
ཚད་མེད་སྙིང་རྗེའི་རྒྱ་མཚོ་ལས་འཁྲུངས་གཟི་བརྗིད་འཁོར་ལོའི་འོད་ཟེར་ཀྱིས།། དྲེགས་ལྡན་འཇིགས་རུང་བདུད་ཀྱི་རུ་མཚོན་རབ་འབར་མེ་ཡིས་རྩྭ་བཞིན་བསྲེགས།། ཐུགས་རྗེ་དོན་ཡོད་ཞགས་པའི་འཕྲུལ་གྱིས་མུ་འཁྱུད་དང་བཅས་ཛམྦུའི་གླིང༌།། ཞི་བ་ཆེན་པོའི་གོས་ཀྱིས་བཀླུབས་མཛད་དུས་མཁྱེན་བླ་མ་གཙུག་གིས་བསྟེན།། དབང་པོའི་ཕྱོགས་སུ་ཆུ་ཡི་ལྷས།། རྒྱ་མཚོའི་རླབས་ཀྱི་རི་མོ་དག། འཇམ་དབྱངས་མཉེས་པའི་མཆོད་སྤྲིན་དུ།། ཤིན་ཏུ་ལེགས་པར་བྲིས་པ་ལྟའི།། གྲོང་ཁྱེར་མཆོག་གི་བཀོད་པ་ལ།། རྣམ་པར་གཡེང་བ་འདོད་པའི་ལྷའི།། རྫུ་འཕྲུལ་འཕྲོག་པ་ཁྲག་ཁྲིག་གི། འཁོར་ལོ་མཛེས་པས་བགྲོད་པ་ཅན།། ཙཱི་ནའི་ཡུལ་ཞེས་འཇིག་རྟེན་གྱི།། མཛེས་པ་སྤུངས་པའི་སྙིང་པོ་རུ།། ཟླ་བའི་ཞལ་གྱི་བདུན་རྩི་ཡི།། སྦྲང་རྩིའི་ཆུ་བོ་འཇོ་བ་ལ།། གང་ཚེ་ངེས་པར་ཕྱོགས་གྱུར་ཏེ།། རྣམ་མང་སྐྱེ་བོའི་བསོད་ནམས་ཀྱི།། ཤུགས་དྲག་རླུང་གི་རྟར་བསྐྱོན་པ།། ཞབས་ཟུང་ནོར་བུའི་ཕྲེང་བ་ཡི།། ཁ་ལོ་བསྒྱུར་བའི་ལམ་དག་ཏུ།། འགྲོ་བ་རྣམ་པར་སྨིན་མཛད་ཅིང༌།། སྣང་མཐའ་ཡས་པའི་སྒྱུ་འཕྲུལ་གྱི།། སྤྲུལ་པ་གཞོན་ནུའི་ཕུལ་དང་སྡེབ།། འཁོར་ལོ་ཅན་གྱི་རྟ་བཟང་དག། མྱུར་བར་བསྐྱོད་པའི་དྲག་ཤུགས་དང༌།། འདབ་ལྡན་མཁའ་ཡི་གྲུ་བོ་ཆེ།། མཁའ་ལ་སྤྲིན་བཞིན་དྲངས་བྱས་པས།། འཇམ་དཔལ་སྙིང་པོའི་ཞབས་མཐིལ་གྱིས།། ཀུན་ཏུ་སྲ་བར་བརྡུངས་པ་ཡི།། སྤྲུལ་པའི་ཞིང་དུ་ས་ཆེན་གྱི།། ཉི་ཟླ་དུས་གཅིག་བབ་ཅེས་གླེང༌།། རབ་ཏུ་འབར་བའི་མཚན་དཔེ་ཡིས།། བདུད་ཀྱི་བརྟན་པ་ཉམས་བྱས་པས།། ཆེར་རློམ་ལྟོ་བ་སྦོས་པ་དག། བྲན་མོ་བཞིན་དུ་འདར་བ་འཛིན།། སྟོབས་ལྡན་སྨོན་ལམ་ལོག་པའི་རྗེ།། གདོང་སྨེ་ཅན་གྱི་རྨོངས་པའི་བློའི།། མུན་པ་ཤིན་ཏུ་འཐུབ་པོ་རུ།། མཐོང་གྲོལ་སྐུ་ཡི་སྣང་བ་བྱིན།། ལོག་པའི་གཡོ་འཕྲུལ་ལ་གོམས་ཤིང༌།། སྲིད་ཀྱི་གནས་ལ་ཆེས་མཁས་པ།། དེ་དག་དེ་ཚེ་མཁྱེན་བཟང་གི། དྲུང་ན་བ་ལང་རྫི་བོ་བཞིན།། ནག་པོའི་ཕྱོགས་འཛིན་རྗེ་བློན་གྱིས།། ཡུན་རིང་འབད་དེ་རྣམ་དཔྱད་པའི།། སྙིང་ལ་ཉར་བའི་གསང་བ་དག། སྐད་ཅིག་གཅིག་གིས་མཁྱེན་པར་མཛད།། ཤིན་ཏུ་ཞིབ་མོའི་བློ་གྲོས་ཀྱི།། མཆེ་བ་རྣམ་པར་རྣོ་བ་དག། འཇིག་རྟེན་དཀྲུག་པའི་དམ་སྲིད་ཡི།། སྤྱི་བོ་འགེམས་པའི་མཚོན་དུ་བྱས།། ཞབས་ཀྱི་ཅོད་པན་རིན་པོ་ཆེའི།། པྲོག་ཞུ་ལྟ་བུར་རབ་བཏེགས་པ།། དཔག་མེད་སྐྱེ་བོས་བསྙེན་བཀུར་གྱི།། ཚོགས་བཅས་ངོ་མཚར་གནས་ཀུན་གཟིགས།། གང་དུ་མཛད་པ་དཀར་པོའི་ཚོགས།། ལེགས་པའི་ཕྱོགས་སུ་གྲུབ་ནས་སླར།། ཞབས་སེན་དགེ་བའི་མེ་ཏོག་གི། གསེར་འདབ་རང་གི་ཡུལ་དུ་བཀོད།། དེ་ཚེ་ཞིང་འདིར་སངས་རྒྱས་ཀྱི།། ཉི་མ་ཞི་བར་གཤེགས་བསྟན་ནས།། བགྲང་བྱའི་འཁོར་ལོ་བརྒྱ་ཕྲག་དག། ཉེར་ལྔའི་གྲངས་སུ་སླེབས་གྱུར་པས།། འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི།། རྗེས་དྲན་མཆོད་པ་རྒྱ་ཆེ་བ།། གང་དུ་མངོན་པར་འདུ་བྱེད་པའི།། སྦྱོར་བའི་ཆོ་ག་བཤམས་པར་གྱུར།། བསོད་ནམས་ལྡན་པ་བསོད་ནམས་ཀྱི།། ཕུང་པོའི་ཚོགས་ལ་མངོན་དགའ་བ།། དེ་དག་བསམ་པ་གཅིག་གྱུར་པས།། འབུམ་ཕྲག་མཁས་པའི་ཚོགས་མགོན་དུ།། བློ་ཆེན་ལྡན་པ་དཔེ་མེད་པའི།། ཡོན་ཏན་རྒྱ་ཆེའི་གང་བུ་འདིའི།། ཞབས་རྡུལ་ཙམ་པ་ཀ་ཡི་ཆར།། རྣམ་པར་མཐོར་ལ་རེ་བ་ཡིས།། དོན་རྣམས་གཅིག་ཏུ་བསྒྲུབ་པའི་བློས།། ལེ་ལོ་མེད་པའི་གསོལ་འདེབས་ཀྱི།། ལམ་དུ་ཡང་དག་ཞུགས་གྱུར་པས།། ཞལ་བཞེས་མཆོག་གི་ངལ་གསོ་བྱིན།། ཤིན་ཏུ་ཡིད་འཕྲོག་ཀེ་ལ་ཤའི།། འོད་འཛིན་མེ་ཏོག་འཁྲི་ཤིང་གི། གྲིབ་བསིལ་སྣུམ་པོའི་རེག་བྱ་ཡིས།། བདེ་བ་བསྐྱེད་པའི་ལམ་དག་ཏུ།། ཆིབས་ཀྱི་ཁ་ལོ་རྣམ་བསྐྱོད་དེ།། མྱུར་བ་མྱུར་བར་མགྷདྷ། ལྗོན་པ་མཆོག་གི་རྩ་བ་ཡིས།། བ་མེད་འོ་མའི་བཅུད་འཐུང་བ།། ས་ཡི་རྒྱལ་མཚན་གྷནྡོ་ལའི།། ནོར་བུའི་ཏོག་གི་འོད་འབར་ཞིང༌།། བྱང་ཆུབ་སྙིང་པོའི་རྒྱན་ལྡན་པ།། གཟིགས་ཤིང་ལེགས་པར་དགོངས་པར་གྱུར།། རིང་མོ་ཞིག་ནས་འཕགས་བོད་ཀྱི།། མཛའ་བའི་མདུད་པ་ཆེས་དམ་པས།། ཆེན་པོའི་ས་སྐྱོང་རབ་བརླིང་ཞིང་།། ཟབ་པའི་བློ་ལྡན་བློན་པོར་བཅས།། འདི་ཡི་ཞབས་ཟུང་སྤྱི་བོ་ཡིས།། སྙོམས་ལས་མེད་པར་བཀུར་བ་ལ།། ནུ་རྒྱས་མ་རྣམས་མེ་ཏོག་གི། ཕྲེང་བའི་སྐྲ་ཆིང་ལེན་པ་བཞིན།། དྲང་སྲོང་ལྷུང་བ་རི་དྭགས་ཀྱི།། ནགས་སུ་ཐུབ་པས་ཆོས་བསྟན་པ།། དེར་ཡང་སྟོན་པའི་མཛད་པ་དག། རྗེས་སུ་དྲན་པས་བསྐྱོད་པར་མཛད།། ཐབས་ལ་མཁས་པའི་ཐུགས་རྗེ་ཡིས།། བགྲང་དུ་ཡས་པའི་སྐྱེ་བོ་དག། ཐེག་པ་གསུམ་གྱི་ལམ་ཡངས་པོར།། སྨིན་པའི་བཞེད་དགོངས་རབ་གྲུབ་སྟེ།། སྐུ་ཡི་དཀྱིལ་འཁོར་གངས་ཅན་གྱི།། པདྨོ་རྒྱས་པའི་ཉིན་བྱེད་དུ།། སླར་ཡང་ཕྱོགས་པའི་གྲགས་དཀར་གྱིས།། བསམ་གཏན་པ་རྣམས་གདན་ལས་བསླངས།། ཨེ་མའོ་གང་དུ་དགེ་སློང་ཆེ།། བཞུགས་པའི་ཕྱོགས་དེར་ཉིན་རེ་བཞིན།། འཇིག་རྟེན་འཇིག་རྟེན་ལས་འདས་པའི།། ལེགས་ཚོགས་དབྱར་གྱི་མཚོ་བཞིན་འཕེལ།། དེ་ལྟ་ནའང་རེ་ཞིག་ཏུ།། གཤེད་མ་གདུག་པའི་མེ་དཔུང་དག། བྲང་འགྲོའི་ཁྱུ་བཞིན་ཞེ་སྡང་གིས།། གངས་ལྗོངས་ནགས་ཀྱི་ཚལ་བཟུང་སྟེ།། ཤིན་ཏུ་གཏུམ་དྲག་འབར་བའི་མཚོན།། འཐོར་རླུང་རབ་ཏུ་མི་བཟད་པས།། ཕྱོགས་ཀུན་དཀྲུགས་བྱས་ཁྲག་རྒྱུན་གྱི།། ཆུ་བོ་གསར་པའི་རྐན་སྒྲ་ཡིས།། འོ་དོད་འབོད་པའི་ཡུགས་མོ་དག། དྲག་ཏུ་ངུ་བའི་སྒྲ་འཇོམས་པ།། གསར་རྙིང་རོ་ཡི་ཁུར་བརྩེགས་པའི།། གྲུ་འཛིན་ཞིང་དུ་ལས་ཀྱིས་སྣང༌།། གང་དུ་སོ་སོར་ཀུན་རྟོགས་པའི།། ཡེ་ཤེས་ལྡན་པ་ལེགས་བཞུགས་པ།། ཕུན་ཚོགས་སྡེ་བཞིའི་འབྱོར་པ་ཡི།། དཔལ་རབ་འཆང་བ་ནོར་གླིང་གི། ཉེ་བའི་གནས་སུ་སྡིག་ཏོའི་ཚོགས།། ཕྲུ་མ་བཏབས་པའི་མཚོན་ཆ་ཡིས།། འཇིགས་སུ་རུང་བའི་ཉམས་དག་གིས།། འགོ་བའི་ལྷ་རྣམས་གནས་ལས་བསྐྲད།། ར་བ་སེར་པོས་ཀུན་ནས་བསྐོར་བ་སྤྲིན་གྱི་མུ་ཁྱུད་ལྟར་འཚེར་ཞིང༌།། འོད་འཕྲོ་གསེར་གྱི་གནྗི་ར་དག་གནོད་སྦྱིན་རྒྱལ་པོའི་ཕྲོ་བྲང་གི། གྲགས་པ་འགོག་པའི་སྙེམས་པ་རབ་འཆང་ཆུ་འཛིན་ལྟོ་བ་རལ་བ་ཡི།། ཕོ་བྲང་མཆོག་ཏུ་ཉམས་དགར་གྱུར་པ་བྱང་ཆུབ་སེམས་དཔའ་རོལ་པའི་གནས།། མཛེས་པའི་པདྨོའི་འཛུམ་གྱི་ལང་ཚོ་ཉི་མའི་ཕྱོགས་སུ་རབ་སྟོན་ཅིང༌།། སྒྲོ་གཤོག་ཟླུམ་པོ་གདུགས་ལྟར་བསྐོར་བ་འབྲུག་སྒྲས་མྱོས་པས་ཟློས་གར་ཅན།། རྫིང་བུ་མེ་ཏོག་རྒྱས་པའི་ཚལ་དུ་བུང་བ་ལྡིང་བའི་འདབ་གཤོག་གི། གླུ་སྒྲ་ཤིན་ཏུ་ཡོད་འོང་ལྡན་པས་སྣང་བ་རྣམ་པར་འཕྲུལ་བར་བྱེད། ཨིནྡྲནི་ལའི་ཚལ་ལྟར་འཚེར་བ་སྔོ་ལྗང་རྩྭ་ཡི་ལང་ཚོ་ངོམ།། ལྗོན་ཤིང་གསར་པའི་འདབ་ཕྲེང་རྣམས་ནི་བསེར་བུས་བསྐྱོད་པས་གར་དང་བཅས།། གེ་སར་འཕྱུར་བའི་རྡུལ་དམར་འཚུབས་པ་རྐང་འཐུང་ཕྲེང་བའི་ངོས་ལ་ཆགས།། འབྲས་ལྡན་ཤིང་རྣམས་དུད་པའི་ཡལ་གས་ས་ཡི་མཛེས་པ་འཐུང་བ་བཞིན།། སྤུ་སྡུག་ནགས་ཀྱི་བྱ་རྣམས་སྒྲ་འབྱིན་ཕན་ཚུན་རྣམ་པར་རྩེན་པ་ཡིས།། དྲི་བཟང་དག་གི་དཔྱ་ཁྲལ་སྡུད་པའི་དལ་བུའི་རླུང་རྣམས་སླེབས་སོ་ཞེས།། པདྨོའི་ཚལ་ལ་སྦྲན་པའི་བརྟུལ་ཞུགས་ཁུར་དུ་ཉེ་བར་ལེན་པ་བཞིན།། ལྕུག་ཕྲན་གཞོན་ནུའི་ལང་ཚོ་དང་ལྡན་ཚལ་རྣམས་ཤིན་ཏུ་ཡིད་འོང་བྱེད།། དེ་ལྟའི་ལྷ་ཡི་གནས་དག་གི། ཕུན་ཚོགས་བྱེ་བ་བོས་པ་བཞིན།། སྐལ་བ་བཟང་པོའི་ཕོ་བྲང་དུ།། དགྱེས་པར་རོལ་བ་ལྷ་མིའི་སྙིང༌།། སྡིག་ཅན་བཙོན་གྱི་མེ་འོབས་སུ།། བལྟིམ་པའི་གཡོ་དག་བཤམས་གྱུར་པ།། དེ་ཚེ་གྲོང་ཁྱེར་སྐྱེ་བོའི་ཚོགས།། སྟོང་ཕྲག་སུམ་ཅུའི་སྲོག་གིས་བསྲུངས།། ཨེ་མའོ་སྐལ་བ་བཟང་ལྡན་རྣམས།། ངེས་པར་བྱ་བ་བྱས་པ་སྟེ།། དེ་དག་གིས་ནི་རང་དང་གཞན།། མྱ་ངན་འདས་པའི་སྐས་ཆེན་བསླངས།། མཆེ་བའི་རྩ་བ་དམར་བ་དང༌།། སྡེར་མོ་ཁྲག་གིས་སྦགས་པ་ཡི།། གཅན་གཟན་རྣམས་དང་འགྲོགས་སླ་ཡི།། ཀློ་ཀློའི་དཔུང་དང་དེ་ལྟ་མིན།། དེ་ལྟའི་དུག་འཛིན་གདུག་པའི་དབུགས།། བབ་པའི་སྲོག་ཆགས་གུམ་པ་བཞིན།། བཀྲ་མི་ཤིས་པའི་དཔུང་པའི་ཚོགས་དག། ཆུ་བཞིན་བརྡོལ་བའི་ལྟས་ངན་གྱིས།། གངས་ཅན་བསོད་ནམས་ཉམས་དགའི་ཚལ།། རྣམ་པར་འཐོར་ལ་ཉེ་བ་དང༌། གཞན་དུ་ཐུགས་རྗེས་ཛམྦུའི་གླིང༌། ཕྱོགས་ལྷུང་མེད་པར་བསྐྱང་བ་ལ།། ཡོངས་སུ་སྨིན་པའི་ཐུགས་བསྐྱེད་ཀྱི།། འབྲས་བུ་དུས་སུ་བབ་མཁྱེན་པས།། ཐབས་མཁས་ཆིབས་ཀྱི་ཁ་ལོ་དག། སླར་ཡང་ལྷོ་ཡི་ཕྱོགས་སུ་བསྒྱུར།། བགྲོད་པར་དཀའ་བ་གངས་བྲག་གི། གཅོང་རོང་ཤིན་ཏུ་འཇིགས་པའི་འཕྲང༌།། ཁྱབ་འཇུག་འགྲོས་ཀྱིས་བརྒལ་བ་ཡིས།། སྟོབས་ལྡན་དགྲ་བོ་ཞུམ་པར་བྱས།། གང་དུ་མགོན་པོའི་ཞབས་བཅག་པའི།། དགའ་ལྡན་ས་ཡི་སྐལ་བཟང་ནི།། ལྷར་བཅས་སྐྱེ་བོ་བྱེ་བ་ཡི།། སྤྱི་བོ་ལ་ཡང་ཅང་ཡོད་དམ།། ཨེ་མའོ་སྟོབས་བཅུའི་སྟོབས་ལྡན་པ། སེངྒེ་ལྟ་བུར་རབ་གཤེགས་པའི།། ཕྱོགས་དེར་བརྟན་པའི་རི་རྣམས་ཀྱང༌།། སྨིན་པའི་སྙེ་མ་ལྟ་བུར་དུད།། ལེགས་པར་འབབ་ལྡན་རྣམ་རྒྱས་རི་ཡི་ཆུ་བོ་དག། རབ་ཏུ་དགའ་བའི་སྒྲ་ནི་ཅི་ཡང་སྒྲོག་བྱེད་ཅིང༌།། མཆོག་ཏུ་དཀར་པའི་ལྦུ་ཕྲེང་དོལ་ཞལ་མཛེས་པར་འཛིན།། རྦ་རླབས་ལག་པས་ཐལ་མོ་སྦྱར་ཏེ་བསུ་བ་སྙམ།། ལོ་འདབ་གསར་པའི་སྟོད་གཡོག་གཡོ་ལྡན་ལྗང་སེར་ལྷ་གོས་དྲི་མེད་པ།། དྲི་བཞོན་དལ་བུར་རྒྱུ་བས་བསྐྱོད་ཅིང་ཡལ་གའི་ལག་རྩེར་ཆགས་པ་ཡི།། མེ་ཏོག་ཕྲེང་བའི་གཡབ་མོ་འདེབས་ཤིང་རྒྱལ་སྲས་བསུ་བའི་རྐང་འཐུང་གིས།། གེ་སར་ཁ་ཡི་བཅུད་རྣམས་འཇིབས་པའི་བུང་བ་དག་ཀྱང་སྤྲུགས་པར་གྱུར། སྤོབས་པ་མཆོག་ཏུ་དགེ་བ་ཡིས།། སླར་ཡང་འཕགས་པའི་ཡུལ་གྱི་ཆ།། གང་གི་ཚེ་ན་ལེགས་བཟུང་བ།། དེ་ཚེ་ཁྲག་ཁྲིག་སྐྱེ་བོས་མཆོད།། སྲིད་ཀྱི་བློན་པོ་པཎྜིཏ།། མཐའ་ཡས་བློ་མངའ་ནེ་རུ་ཡིས།། གུས་པས་བཏུད་བྱས་ཡུན་རིང་པོར།། བཞུགས་པའི་གསོལ་བ་ལེགས་བཏབས་པས།། སྙིང་སྟོབས་ཆེན་པོས་འཕགས་ཡུལ་དུ།། ཁ་བ་རི་པའི་ལུགས་གཉིས་ཀྱི།། སྲོག་གི་ཀ་བ་རབ་བརྟན་པ།། སླར་ཡང་བསླངས་པའི་མཛད་པ་བསྟན།། དེ་ནས་བཟུང་སྟེ་འཛམ་གླིང་གི། ཆེ་དགུའི་རལ་པའི་གདན་ཡངས་པོ།། གཅིག་ནས་གཅིག་ཏུ་རྣམས་བརྒྱུད་དེ།། འཇིག་རྟེན་ཤིན་ཏུ་ཞི་བར་བྱས།། གང་དུ་དེ་བཞིན་གཤེགས་པ་ཡི།། བསྟན་པའི་འོད་ཀྱིས་མ་ཁྱབ་པ།། དེ་དག་སྣང་བར་བྱེད་པ་ལ།། རྒྱལ་རྣམས་བགྲོས་ཏེ་མངགས་པ་བཞིན།། ཟབ་ཅིང་ཤིན་ཏུ་རྒྱ་ཆེ་པའི།། ཐུབ་པའི་གསུང་གི་གསང་བ་དག། ཐབས་ཀྱིས་འགྲོ་ལ་མངོན་སྟོན་པར།། དཔེར་འོས་འགའ་ཡང་དམིགས་སུ་མེད།། ཚུལ་དང་ཚུལ་མ་ཡིན་པའི་ལམ།། རྣམ་པར་འབྱེད་པའི་བློ་ལྡན་པ།། ས་འདིར་ཤིན་ཏུ་མང་བ་སྟེ།། དེ་དག་གིས་ནི་འཇིག་རྟེན་སྣང༌།། ཕྲག་དོག་དུད་འགྲོའི་གཟུགས་སྤངས་པའི།། མཁས་པ་དོན་གྱི་ཟླ་བ་དག། འགྲོ་ལ་ཤིན་ཏུ་བརྩེ་བ་ཡི།། བློ་མངའ་དེ་ཕྱིར་དེ་དག་གིས།། འགྲོ་བ་རབ་ཏུ་ཞི་ཕྱིར་དང༌།། སྐྱེ་བུ་དམ་པ་བཀུར་ཕྱིར་དང༌།། མཛད་པའི་ཆེ་བ་སྟོན་ཕྱིར་དུ།། འཛམ་གླིང་ཞི་བར་འཁྲིད་པ་ཡི།། བླ་ན་མེད་པའི་གཟེངས་རྟགས་ཀྱི།། མཆོད་སྤྲིན་ཤིན་ཏུ་རྒྱ་ཆེ་བ།། གྲགས་དཀར་རྒྱ་མཚོའི་ཤམ་བུ་ཅན།། གུས་པས་བསྟར་བ་ལེགས་བཞེས་པས།། དགུང་གྲངས་ལྔ་བཅུ་རྩ་ལྔ་པར།། ཕེབས་པ་ནས་བཟུང་འཇིག་རྟེན་དུ།། ཞི་བ་མཆོག་གི་དེད་དཔོན་གྱི།། མཚན་སྙན་ཉི་མའི་འོད་དང་སྡེབ།། ཤར་ནུབ་རྒྱ་མཚོ་ཕྲེང་བ་བཞིན།། སྦྲེལ་བའི་གདོང་པ་ལྔ་པའི་དར།། མཐའ་དབུས་ས་ཡི་འཁོར་ཡུག་ཏུ།། བསྒྲེངས་པས་བསྟན་དགྲའི་སྙིང་རྩ་བསྲེགས།། ཤིན་ཏུ་བདེན་པ་བསླུ་མེད་པའི།། གསུང་གིས་མགུ་བར་བྱས་པ་ཡི།། འཛམ་གླིང་མཁས་པའི་ཚོགས་དག་གིས།། བསྟོད་པའི་གླེགས་བམ་རི་ལྟར་སྤུངས།། ཉི་མའི་འོད་ཀྱིས་ཉིན་མོར་གསལ་ཡང་མཚན་མོ་རྣམ་པར་གསལ་མ་ཡིན།། ལྷ་དབང་ལྷ་ཡི་ཚོགས་ཀྱིས་བཀུར་ཡང་བུམ་སྐྲ་ལྡན་པ་རྣམས་ཀྱིས་མིན།། འཆར་ནུབ་བྲལ་བ་ཡིད་ཀྱི་མུན་སེལ་སྐྱེ་དགུས་མངོན་པར་བསྟོད་པ་ཡི།། མཆོད་སྡོང་འདི་ཀོ་འཇིག་རྟེན་བྱེད་པོ་སུ་ཞིག་གིས་ནི་བྱས་པ་སྙམ།། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས།། རྒྱ་ནག་ཏུ་ཕེབས་པ་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་ལྔ་པའོ།།
གང་དུ་ཤེས་དང་ཤེས་བྱ་བ།། གཉིས་སུ་མེད་གྱུར་རྒྱལ་ཀུན་གྱི།། ཞི་བ་འདུས་མ་བྱས་པ་ཡི།། ཆོས་སྐུ་ཁྱོད་ལ་ཕྱག་འཚལ་ལོ།། དག་པའི་འཁོར་ལ་དག་པའི་སྐུ།། ལྷུན་གྲུབ་རྒྱུན་མི་ཆད་སྟོན་ཅིང༌།། ཕྲ་མོའི་སྒྲིབ་པ་རྣམ་སྦྱོང་བའི།། ལོངས་སྐུ་ཁྱོད་ལ་ཕྱག་འཚལ་ལོ།། ཇི་སྙེད་ཞིང་དུ་སྣ་ཚོགས་ཀྱི།། མཛད་པའི་འཁོར་ལོ་བསམ་ཡས་པ།། གང་གང་དོན་ལ་དེར་སྣང་བའི།། སྤྲུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ལ་མཆོད་པས་དུས་གསུམ་གྱི།། རྒྱལ་བ་ཐམས་ཅད་མཆོད་གྱུར་ཅིང།། བསྟེན་ནའང་སངས་རྒྱས་ཀུན་བསྟེན་པའི།། བླ་མ་ཁྱོད་ལ་ཕྱག་འཚལ་ལོ།། གང་ལས་གང་བྱུང་ལུགས་འབྱུང་གི། རྟེན་འབྲེལ་དག་དང་ལྡོག་པ་གཞན།། ཐུབ་པའི་གསུང་བཞིན་ལེགས་སྟོན་པའི།། སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ།། འཁོར་གྱི་དབུས་སུ་སེངྒེའི་སྒྲ།། ཤེས་རབ་ཕ་རོལ་ཕྱིན་སྟོན་ཅིང༌།། འཇིགས་དང་ཞུམ་པའི་གནས་སྤངས་པའི།། བཤེས་གཉེན་ཁྱོད་ལ་ཕྱག་འཚལ་ལོ།། མྱ་ངན་འདས་པར་འགྲོ་བའི་ལམ།། ཁམས་དང་དབང་པོ་ལྟར་སྟོན་ཅིང༌།། ཐབས་ཀྱིས་བཀྲི་བ་བླ་མེད་པའི།། ལམ་མཁན་ཁྱོད་ལ་ཕྱག་འཚལ་ལོ།། འགྲོ་བ་འཁོར་བའི་རྒྱུ་འབྲས་ཀྱི།། རྒྱ་མཚོ་ཤིན་ཏུ་བགྲོད་དཀའ་བར།། ཐུགས་རྗེའི་གཟིངས་ལ་རབ་བརྟེན་པའི།། དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ།། གཉེན་དང་འཁོར་ལ་ལྷག་པར་དུ།། བརྩེ་མིན་ཐུགས་རྗེ་སྙོམས་ལྡན་པ།། འགྲོ་བ་ཀུན་གྱི་མ་འདྲིས་པའི།། མཛའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། ཤིན་ཏུ་སྡང་གྱུར་དགྲ་ལ་ཡང༌།། རང་གི་བུ་གཅིག་ལྟར་དགོངས་ཤིང༌།། གཉེས་གཤིན་ཕན་མཛད་བྱམས་པ་ཡི།། རྒྱ་མཚོ་ཁྱོད་ལ་ཕྱག་འཚལ་ལོ།། དུཿཁས་གཟིར་ལ་ཕན་དགོངས་པའི།། སྤྱན་རས་ནམ་ཡང་ཟུམ་མེད་པ།། ངན་འགྲོ་རྣམ་སྦྱོང་སྙིང་རྗེ་ཡི།། གཏེར་མཛོད་ཁྱོད་ལ་ཕྱག་འཚལ་ལོ།། མཚན་དཔེའི་རི་བོ་ངུར་སྨྲིག་གི། མཚམས་སྤྲིན་གོས་ཀྱིས་ལེགས་བགོས་ཤིང༌།། ཚུལ་ཁྲིམས་རྣམ་དག་སངས་རྒྱས་ཀྱི།། དགེ་སློང་ཁྱོད་ལ་ཕྱག་འཚལ་ལོ།། རྣམ་མང་སྐྱེ་བོ་ཆོས་འདུལ་གྱི།། བསླབ་པའི་གཞི་ལ་རབ་བཀོད་ཅིང༌།། བསྟན་པའི་རྩ་བ་བརྟན་མཛད་པའི།། མཁན་པོ་ཁྱོད་པ་ཕྱག་འཚལ་ལོ།། ཉམ་ངའི་གཡང་སར་འཕྱན་པའི་འགྲོ། བརྩེ་ཆེན་ཕྱག་གིས་ལེགས་བསྐྱོར་ཏེ།། ཐུགས་རྗེའི་པང་དུ་ཉེར་བསྣམས་པའི།། མ་མ་ཁྱོད་ལ་ཕྱག་འཚལ་ལོ།། སྤྱོད་ཀུན་དོན་ཡོད་ཁྱོད་ཀྱི་སྐུའི།། ཆ་ཙམ་ཡིད་ལ་དྲན་པས་ཀྱང༌།། སྙིང་གི་མུན་པ་མཐར་བྱེད་པའི།། སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ།། རྒྱལ་བའི་བྱིན་རླབས་ཁྱོད་ཀྱི་མཚན།། ལན་གཅིག་བཟུང་བའི་མཐུ་ཡིས་ཀྱང༌།། སྡིག་ལྟུང་དྲི་མ་རྣམ་འཁྲུད་པའི།། ཆུ་བོ་ཁྱོད་ལ་ཕྱག་འཚལ་ལོ།། རྒྱ་མཚོ་བཞི་ཡི་སྐ་རགས་ཀྱིས།། མཛེས་པར་བྱས་པ་ཛམྦུའི་གླིང༌།། རྩོད་པ་ཞི་མཛད་ཞི་བདེ་ཡི།། ཉི་མ་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་བཞུགས་གྱུར་ན་རྒྱལ་བའི་བསྟན།། བཞུགས་འགྱུར་གཤེགས་ན་བསྟན་པའང་གཤེགས།། དེ་ལྟའི་ཐུབ་པའི་བསྟན་པ་ཡི།། སྲོག་སྙིང་ཁྱོད་ལ་ཕྱག་འཚལ་ལོ།། གང་ཚེ་ཁྱོད་བཞུགས་དེ་ཚེ་འདིར།། ཤིན་ཏུ་ཞི་འགྱུར་གཞན་དུ་ན།། རྣམ་འཁྲུགས་དེ་སླད་ཕན་བདེ་ཡི།། རྩ་བ་ཁྱོད་ལ་ཕྱག་འཚལ་ལོ།། སྣ་ཚོགས་མོས་པ་མཐའ་མེད་པའི།། འགྲོ་བ་ཤིན་ཏུ་མགུ་བྱེད་ཅིང༌།། རྟོག་མེད་དོན་འབྱུང་ཡིད་བཞིན་གྱི།། ནོར་བུ་ཁྱོད་ལ་ཕྱག་འཚལ་ལོ།། པདྨ་ལྟ་བུར་མཉེན་པའི་ཞབས།། ཆེ་དགུས་རལ་པས་ལེགས་མཆོད་པ།། བསོད་ནམས་དཔལ་གྱིས་འཛམ་གླིང་གི། རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།། ཤིན་ཏུ་ཟབ་པའི་བློ་གྲོས་ཀྱིས།། འགྲོ་བ་སྨིན་པར་མཛད་པ་ཡི།། མཁས་པ་རྣམས་ཀྱང་ཁྱོད་མཆོད་ན།། བདག་ལྟས་ཅིའི་ཕྱིར་གུས་མི་བྱེད།། གང་དུ་བདག་གིས་དང་པོར་སེམས་བསྐྱེད་པ།། དེ་ཚེ་ཁྱོད་ཉིད་གུས་པས་བསྟེན་པ་སྟེ།། གང་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང༌།། ད་དུང་ཁྱོད་ཀྱི་ཞབས་ལ་མཆོད་པར་ཤོག། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས།། ཕྱག་འཚལ་བའི་རབ་ཏུ་བྱེད་པ་སྟེ་དྲུག་པའོ།།
དེ་ལྟར་བླ་མ་ལ་གུས་ཤིང༌།། བླ་མ་མཆོད་པས་ཉེར་འཚོ་བ།། བདག་གིས་སྐྱབས་ཡུལ་བླ་མ་ལ།། ཚིག་གིས་ལེགས་པར་ཕྱག་བྱས་ཏེ།། ད་སྟེ་བསོད་ནམས་རྒྱ་མཚོ་ཡི།། སྙིང་པོར་སྨིན་པ་ཁྱོད་ཀྱི་སྐུ།། དད་པས་མཁའ་ལ་མངོན་བྱེད་ཀྱིས།། འགྲོ་བ་འཛིན་པའི་སྨོན་ལམ་དགོངས།། གང་ཚེ་བདག་གིས་བྱང་ཆུབ་སེམས།། དང་པོར་བསྐྱེད་པ་ནས་བཟུང་སྟེ།། ཇི་སྲིད་དོན་ཀུན་མ་གྲུབ་པ།། དེ་སྲིད་ནེམ་ནུར་མ་གྱུར་ཅིག། འཁོར་བ་རྣམས་སུ་སྙིང་སྟོབས་ཀྱིས།། གོ་ཆ་གང་ཞིག་བགོ་འགྱུར་བ།། དེ་ཡི་མི་མཐུན་ཕྱོགས་དག་གིས།། བརྫི་བ་མེད་པའི་མཐུ་ཐོབ་ཤོག། སྒྲུབ་པ་ཕུན་སུམ་ཚོགས་ལྡན་པ།། ཤིན་ཏུ་རྣམ་པར་དག་བྱེད་པའི།། ཤེས་རབ་ཕ་རོལ་ཕྱིན་པའི་ལམ།། སྟོན་པའི་བླ་མ་རྙེད་པར་ཤོག། མཐོང་བས་ཡིད་རབ་འཕྲོག་བྱེད་པའི།། གཟུགས་བཟང་ཕུན་ཚོགས་ལྡན་ཞིང༌།། མཚུངས་པ་མེད་པའི་ཤེས་རབ་ཀྱི།། སྣང་བ་དམ་པའི་དཔལ་ཐོབ་གྱུར།། རྒྱུད་ལྔའི་འགྲོ་བར་འཕྱན་པ་ན།། དུད་འགྲོའི་སྐྱེ་གནས་ཉིད་གྱུར་ཀྱང༌།། གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ།། ནམ་ཡང་འཚེ་བར་མ་གྱུར་ཅིག། ཕྱོགས་བཅུའི་སངས་རྒྱས་རབ་མཆོད་ཅིང༌།། སངས་རྒྱས་ཞིང་ཁམས་ལེགས་པར་སྦྱང༌།། གདམས་པའི་ཉིང་ཁུས་ཤེས་རབ་ཀྱི།། དབང་པོ་མཆོག་ཏུ་རྒྱས་པར་གྱུར།། དཔག་མེད་ཞིང་དུ་རྫུ་འཕྲུལ་གྱིས།། སྐད་ཅིག་སྐད་ཅིག་ལ་བགྲོད་དེ།། བྱེ་བ་ཁྲག་ཁྲིག་སངས་རྒྱས་ལས།། ཆོས་ཀྱི་རྒྱ་མཚོ་འཛིན་གྱུར་ཅིག། བསོད་ནམས་སྟོབས་དང་སྨོན་ལམ་གྱིས།། འགྲོ་བ་རྣམས་ལ་ནོར་བུ་བཞིན།། ཕན་པའི་འཇུག་པ་གང་དང་གང༌།། དུས་ལས་ཡོལ་བར་མ་གྱུར་ཅིག། རྒྱ་མཚོ་ལྟ་བུའི་མེ་དཔུང་དུ།། འཚོད་པར་གྱུར་པའི་དམྱུལ་བ་ལ།། ཡན་ལག་བརྒྱད་དང་ལྡན་པ་ཡི།། བདུད་རྩིའི་ཆུ་བོར་བདག་གྱུར་ཅིག། བུ་ཡུག་རྣོན་པོའི་མཚོན་ཆ་ཡིས།། དུམ་བུ་དུམ་བུར་གཏུབ་བྱས་པའི།། གྲང་བས་སྦྲེབ་པ་རྣམས་ལ་བདག། ཉི་མ་འབར་བའི་འོད་ལྡན་ཤོག། བཀྲེས་པའི་མེ་ཡིས་རབ་བསྐམས་པའི།། རིད་པར་གྱུར་པའི་ཡི་དྭགས་ཚོགས།། ཤིན་ཏུ་དགའ་སྐྱེད་རོ་བརྒྱ་པའི།། ཟན་གྱི་མཆོག་ཏུ་བདག་གྱུར་ཅིག། རྨོངས་པའི་མུན་པ་སྟུག་པོ་ཡིས།། ཡེ་ཤེས་སྣང་བ་སྒྲིབ་བྱས་པའི།། དུད་འགྲོ་རྣམས་ལ་ཤེས་རབ་ཀྱི།། སྒྲོན་མེ་མཆོག་ཏུ་བདག་གྱུར་ཅིག། གང་གིས་བདག་ལ་དགྲར་འཛིན་པ།། དེ་ལ་བདག་ནི་གཉེན་དུ་འགྱུར། འགའ་ཞིག་བདག་ལ་མོས་པར་བྱེད།། དེ་ལ་དོན་གྱི་མཆོག་ཐོག་ཤོག། ཞིང་ཁམས་རྒྱ་མཚོར་བདག་གི་མིང༌།། སངས་རྒྱས་རྣམས་ཀྱིས་རབ་བསྒྲག་ཅིང༌།། སུ་དག་བདག་གིས་མིང་འཛིན་པ། དེ་ཡི་སྲིད་པ་ཧྲུལ་བོར་གྱུར༌།། གང་དག་ནད་ཀྱིས་གདུངས་གྱུར་དེ་ལ་སྨན་དང་སྨན་པའི་རྒྱལ་པོར་གྱུར།། གྲོགས་ཀྱིས་ཕོངས་པའི་མྱ་ངན་བཅས་ལ་གྲོགས་བཟང་བསླུ་བ་མེད་གྱུར་ཅིང་།། གཤེད་མས་ཁྲིད་ལ་མི་འཇིགས་དཔལ་བྱིན་ཕོངས་པ་རྣམས་ལ་ནོར་བུའི་གཏེར།། མདོར་ན་བདག་ནི་འགྲོ་བའི་ཉེར་འཚོ་བྱམས་པ་འཇམ་དཔལ་དང་མཚུངས་ཤོག། འགྲོ་བ་རྣམས་ལ་བུ་ལྟར་བྱམས་ཀྱང་འགྲོ་བ་རྡུལ་ཙམ་མི་དམིགས་ཤིང༌།། ཀུན་བཟང་སྤྱོད་ལ་སྙིང་སྟོབས་བརྟན་ཀྱང་སྤྱོད་ཀུན་སྒྱུ་མ་ལྟ་བུ་སྟེ།། བདག་གཞན་འཆིང་བའི་དྲ་བ་གཅོད་ཀྱང་འཆིང་བ་ཉིད་ཀྱང་སྐྱེ་མེད་ཤེས།། ཨེ་མ་ངོ་མཚར་ཐུབ་པའི་ཆོས་སྐུ་ཕ་རོལ་ཕྱིན་པའི་དོན་རྙེད་ཤོག། བདག་ནི་འདི་ནས་ཤི་འཕོས་གྱུར་ཚེ་གང་དག་རྫོགས་སངས་རྒྱས་བཞུགས་ཤིང་།། ཟབ་རྒྱས་ཆོས་ཀྱི་བགྲོ་བ་མཛད་པའི་ཞིང་ཁམས་རྣམས་སུ་བགྲོད་བྱས་ཏེ།། དཔག་མེད་ཏིང་འཛིན་ཚོགས་ཀྱི་སྟོབས་བསྐྱེད་སླར་ཡང་འཇིག་རྟེན་འདིར་ཞུགས་ནས།། སྣ་ཚོགས་སྡུག་བསྔལ་གདུང་བས་རབ་འཁྲུགས་ཉམ་ངའི་འགྲོ་རྣམས་རྣམ་སྒྲོལ་ཤོག། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས།། སྨོན་ལམ་གྱི་རབ་ཏུ་བྱེད་པ་སྟེ་བདུན་པའོ།།
གང་ཚེ་ཁོ་བོ་བྱིས་པ་ཆུང་ངུ་ན།། སྨུག་སྤྲིན་སྔོན་པོས་གཡོགས་པའི་རྫ་རི་དག། ཤིན་ཏུ་མཛེས་པས་ཡིད་འཕྲོག་དར་ཡུལ་སྟོད།། རྫ་རིང་ཞེས་བྱའི་གནས་སུ་ལོ་མང་བསྡད།། སྐབས་ཤིག་ངེས་མེད་འཁྱམས་པའི་སྡོམ་བུ་བ།། ཆོས་མཐུན་སློང་མོས་འཚོ་བ་ཞིག་བྱུང་ནས།། ཕྲུ་གུ་འདི་ཡི་ལུས་ལ་འདི་ཆོངས་ཞེས།། འཇིག་རྟེན་བླ་མའི་སྐུ་ཡི་སྣང་བརྙན་གཏད།། མཚན་རྫོགས་སྐུ་ཡི་དཀྱིལ་འཁོར་མ་མཐོང་ཞིང༌།། གསང་བ་གསུམ་གྱི་ཡོན་ཏན་མི་ཤེས་ཀྱང༌།། དང་པོའི་རྟེན་འབྲེལ་ལེགས་པའི་ཕྱོགས་སོང་སྟེ།། མང་དུ་ངུ་བའི་མོས་གུས་བདག་གིས་རྙེད།། དེ་ནས་བཟུང་སྟེ་བསྟན་འཛིན་རྒྱ་མཚོ་ཞེས།། གདུང་བའི་ཡུས་དང་བཅས་པའི་སྙིང་དབུས་ན།། འདི་ཕྱིའི་སྐྱབས་སུ་ངེས་པར་སེམས་པ་ཡི།། རེ་བའི་མིག་འབུར་ནམ་ཡང་ཟུམ་པ་མེད།། བསོད་ནམས་འབྲས་བུ་སྨིན་པ་དགེ་བའི་དུས།། བལ་པོའི་ཡུལ་དུ་སླེབས་པའི་ཉི་མོ་ནས།། གཟུགས་སྐུའི་ཉི་མ་མཇལ་བའི་དང་པོ་རུ།། མཁྱེན་རབ་ཡེ་ཤེས་ཆོས་སྐུ་བདག་གིས་མཐོང༌།། ད་ནི་ཟླ་བ་རྒྱས་པའི་ཞལ་མཇལ་ཞིང༌།། ཉིན་བཞིན་གསུང་གི་བདུད་རྩི་རབ་འཐུང་བས།། སྐལ་བ་བཟང་པོའི་དཔལ་འདིས་འཇིག་རྟེན་འདིར།། བདག་དང་མཚུངས་པའི་སྐལ་ལྡན་མེད་སྙམ་བགྱིད།། གྲོགས་དག་སྐྱེ་བུ་དམ་པ་འབྱུང་དཀའ་ཞིང༌།། དམ་པ་རྣམས་ནི་མཐོང་བར་དཀའ་བ་སྟེ།། ལན་གཅིག་རྙེད་པའི་འཇིག་རྟེན་སྒྲོན་མེ་འདིར།། བསྟེན་པར་བྱོས་དང་ཁྱོད་ལ་དོན་ཆེན་འགྱུར།། འབར་བའི་མེ་ཡི་སྡུག་བསྔལ་མི་བཟོད་པར།། མྱ་ངན་འདས་པའི་ལམ་དུ་ཁས་འཆེ་བཞིན།། འཕགས་ཆེན་དམ་པའི་གསུང་ལ་རྒྱབ་གཏོད་པ།། ཀྱེ་མ་དེ་དག་བློ་གྲོས་བདུད་ཀྱིས་གཡེང༌།། བླ་མ་སྤངས་ནས་སྐྱབས་ཡུལ་འདྲེ་ལ་བཅོལ།། བསྟན་སྲིད་མི་ཤེས་ཕྱོགས་རིས་ཁུར་གྱིས་འཚོ།། རང་ལམ་མི་མཐོང་གནམ་སའི་རྒྱ་ཁྱོན་གཞལ།། ཀྱི་ཧུད་གཡང་ཁའི་སྐྱེ་བོ་སྙིང་རེ་རྗེ།། སོལ་བའི་མེ་ལ་རོ་བཞིན་བསྲེག་པའམ།། སྤུ་གྲིའི་ཐང་དུ་འདྲུད་ཀྱང་ཆེས་སླ་ཡི།། གཏན་གྱི་རེ་ལྟོས་དཔལ་ལྡན་བླ་མ་ཡི།། བཀའ་ལས་འགོང་བར་བྱེད་པ་དེ་ལྟ་མིན།། དོན་གྲུབ་ཉི་མ་ནུབ་ཀྱི་རི་ལ་བཞུད།། བྱམས་མགོན་འཆར་ཁའི་འོད་ནི་ད་དུང་འགྱང༌།། གདུང་སེལ་ཟླ་བ་གངས་རིའི་ཞིང་གི་མགོན།། དེང་སང་ས་ཡི་སྟེང་འདིར་བླ་ན་མེད།། བདག་གིས་མི་ཕམ་མགོན་དང་ཐོགས་མེད་ལས།། ལེགས་པར་བརྒྱུད་པ་མངོན་པར་རྟོགས་པའི་རྒྱན།། གདམས་པའི་ཡན་ལག་བཅས་པ་ཅུང་མཉན་པས།། ས་ཆེན་འཕགས་པ་འདི་ལ་དད་པ་སྐྱེས།། སྲིད་པའི་གྲོང་ལས་བརྒལ་བ་མིན་ཡང་བླ་མ་དྲན་ནས་འཇིགས་རུང་གངས་ཀྱི་རི་བོ་བརྒལ།། རྨོངས་པའི་གཉིད་ལས་སད་པ་མིན་ཡང་ལས་ཀྱི་འཕྲོ་སད་བླ་མ་མཉམ་མེད་སྤྱི་བོས་བསྟེན།། མཐའ་དག་ཤེས་བྱ་མཐོང་བ་མིན་ཡང་ཅུང་ཙམ་སྦྱངས་པས་བླ་མ་དམ་པའི་ཡོན་ཏན་མཐོང༌།། དུས་ཀྱི་མཐར་ཡང་ཐུབ་པའི་ཆོས་ལ་ཆོས་བཞིན་སྤྱོད་པའི་བློ་མིག་རྙེད་སྙམ་བདག་ཡིད་འཚེངས།། ༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ལས།། འབེལ་བའི་གཏམ་གྱི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ།།
གངས་ཅན་དཔའ་བོ་བློ་བཟང་དབང་ཕྱུག་སོགས།། རྣམ་མང་མཁས་པའི་བསྟོད་པ་དོན་ལྡན་དུ།། ལེགས་པར་གྲུབ་པ་དེ་ཡིས་མཁས་པ་རྣམས།། ཡུན་རིང་སྦྱངས་པའི་ངལ་བ་དོན་ཡོད་གྱུར།། ངས་ཀྱང་དགེ་དབང་ནག་མོའི་ཁོལ་པོ་དང༌།། དཔའ་བོ་དནྜི་ཆོས་དབང་གྲགས་པ་སོགས།། རྒྱ་བོད་མཁས་པའི་ངག་གི་རོ་མྱངས་པས།། དགའ་བའི་ཡིད་ཀྱིས་བསོད་ནམས་ཅུང་ཞིག་བསགས།། འདོད་འཇོ་སྨྲ་བའི་གཏེར་ལ་དབང་བསྒྱུར་བའི།། བློ་ལྡན་མང་དུ་ཐོས་པའི་སྐྱེ་བོ་རྣམས།། དོན་མེད་དོན་ཆུང་ངག་གི་ལས་སྤངས་ནས།། ཚོགས་ཆེན་རྫོགས་པའི་སྦྱོར་བ་སྟེན་ཅིག་ཀྱེ།། །།
༧གོང་ས་སྐྱབས་མགོན་ཆེན་པོའི་རྟོགས་བརྗོད་ཡོན་ཏན་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི། ཆགས་སྡང་སྣ་ཚོགས་ཀྱིས་རབ་ཏུ་མྱོས་པའི་ངན་རྟོག་ཕྱིན་ཅི་ལོག་གི་གླང་པོ་ཡུལ་ཀུན་ཏུ་རྒྱུ་ཞིང་འཕྱན་པར་གྱུར་པ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ཏེ་ཕྲིན་ལས་ཀྱི་ལྕགས་ཀྱུས་ཤིན་ཏུ་ཞི་ཞིང་དུལ་བར་བྱས་པ། ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་མི་འཕྲོག་པའི་མོས་གུས་ཀྱི་སྣང་བ་ཐོབ་པ། ཤཱཀྱའི་དགེ་བསྙེན་འཇིགས་མེད་བློ་གྲོས་སམ་མིང་གཞན་བློ་གྲོས་ཆོས་ཀྱི་ཉི་མ་ཞེས་བྱ་བས། རི་བོ་གངས་ཅན་གྱི་རྒྱུད་ཡིད་དུ་འོང་བས་བརྒྱན་ཅིང༌། འཕགས་མཆོག་ཕྱག་ན་པདྨོ་ཉིད་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་ཆེན། འཕགས་ཡུལ་བྱང་ཕྱོགས་བཞུགས་སྒར་རྡ་ས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལེགས་པར་བྲིས་པ་འདིས་ཀྱང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ་མགོན་པོ་གང་གི་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།
ད་བར་དུ་དྲ་ཐོག་ནས་རྩོམ་རྙོག་ཀློག་ཀློག་ནས་ཞེ་མེར་ལངས་བསྡད་པའི་སྐབས་ཤིག་ལ། འདི་ལྟའི་རྩོམ་ཡིག་ཅིག་མཐོང་བས་ངོ་མ་སྐྱོ་བསངས་ལྟ་བུ་བྱུང་། ཆབ་ཤོག་ཕྱོགས་སྒྲིག་ཀློག་པ་ལྟ་བུའི་བྲོ་བ་བྱུང་།
ངོ་མ་ཅིག་འཇིགས་ཀི
ཡག་མོ་སྐྲག་མོ་འགུ
ཞེད་པོ་འདུག
ཐོག་མར་རྒྱལ་བ་རིན་པོ་བསྟོད་འདུག མཇུག་བྱང་ལ་བལྟས་ན་ཁྱེད་རང་རྒྱལ་བ་རིན་པོ་ཆེ་ལས་ཀྱང་དྲག་ཅིག་མིན་ནམ་སྙམ་པ་ཞིག་བཟོས་འདུག ཡག་པོ་འདུག ཞར་ལ་ཁྱེད་རང་ཡང་ཡག་ཐག་ཆོད་ཅིག་བསྟོད་འདུག མདའ་གཅིག་གིས་ཤྭ་བོ་གཉིས་སོད་འདུག སྙན་ངག་ཡག་པོ་འདུག བཤད་རྒྱུ་ཞིག་ཅི་ཡོད།
This is verygood. Soory I can’t write Tibetan.
གཞན་གྱིས་དགེ་བ་བྱེད་པ་མཐོང་བའི་ཚེ།།
དེ་ལ་ཕྲ་དོག་མི་དགེའི་སེམས་སྤངས་ཏེ།།
སྙིང་ནས་དགའ་བས་རྗེས་སུ་ཡིད་རངས་ན།།
དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།།
བཀླགས་ཟིན། ཡི་རང་དང་བསྔགས་བརྗོད་ཡོད།
གྲོགས་དམ་པ་སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་ཚང་གིས་༸རྒྱལ་བའི་རྟོགས་བརྗོད་དོན་ལྡན་མ་ཞིག་བརྩམས་གནང་འདུག བཀའ་དྲིན་ཆེ་ཞུས་པ་དང། མཐར་འདོད་བདག་ཀྱང་དེ་བཞིན་སྐྱངས་འཚལ་ལོ།ཅེས་བ་བཞིན་མཐའ་མའི་སྨོན་ལམ་སྐུལ་མ་དེ་ཡང་ངོ་མ་དོན་ལྡན་ཞིག་རེད་འདུག་སྙམ། བསྐྱར་དུ་བཀའ་དྲིན་ཆེ་ཞུ།
སྤྱིར་སྙན་ངག་དང་ཚིག་རྒྱན་ཚིག་སྦྱོར་སོགས་ལ་བསམ་ན་ཧ་ཅང་ལེགས་པོ་འདུག འོན་ཀྱང་ཕལ་ཆེར་སྒྲོ་བཏགས་ཀྱི་རྣམ་པ་མང་དྲགས་པས་དེང་དུས་སྐྱེས་བུའི་བློ་ཁམས་དང་འཚམས་དཀའ་བར་མཐོང་།།
ཨ་བུ་རིན་པོ་ཆེས་སྙན་ངག་དེ་ལ་བརྗོད་བྱ་དང་རྗོད་བྱེད་ཀུན་ནས་ཕུན་སུམ་ཚོགས་པར་ཤིག་མཐོང་བས་བོད་ནང་གི་དྲ་འཁོར་ནས་བལྟ་ཐུབ་པར་ཀྱང་བྱས་ཡོད། སྐུ་ཚེ་བརྟན་བཞེད་དོན་འགྲུབ་པའི་སྨོན་ལམ་བཅས་ཤྲྰིས་སོ། །
ལེའུ་བཞི་པ་བར་དུ་བཀླགས་ཟིན་པའི་ནང་ནས་ངའི་མིག་བརླན་པའི་ཚིགས་བཞི་མ་ནི། མི་ཕྱེད་དད་པ་བརྟན་པོ་ཡིས།། ཉེ་བར་ལྷགས་པའི་སྐྱེ་བོའི་ཚོགས།། རྩི་ཤིང་གྲངས་ཀྱི་རྗེས་འགྲོ་བས།། མོས་གུས་མཆི་མས་ས་གཞི་བརླན།། ཞེས་འདི་རེད་འདུག རྩོམ་ཡིག་ལ་རྗེས་སུ་ཡི་རང་ཡོད་ལགས།
འདི་ལ་མཁས་པ་གོང་མ་ཚོའི་དྲི་མ་ཞིག་འདུག་ལ། སྐྱེས་ས་འཚར་ས་ཡང་དམིགས་བསལ་ཞིག་མིན་ནམ་བསམ་ཁར། སྐྱེས་སྟོབས་ཀྱི་ཤེས་རབ་རེ་ཡོད་ན་ཐང་ཀི
དེ་དེ་བཞིན་ནོ། །
དྲྭ་གྲོགས་ཚོར་ཞུ་བགྱི་ལ། བརྗོད་བྱ་དང་མཚམས་ཀྱིས་མི་འདུག་ཀྱང་དགོངས་འགལ་མེད་པ་ཞུ་བགྱི་ཡིན། གྲྭ་པ་བློ་བཟང་སྨོན་ལམ་ལགས་ཀྱི་དྲྭ་རྒྱ་དང་། བོད་ཀྱི་དུས་བབ་ཏུ་སྨོན་ལམ་ཟིན་བྲིས་གཉིས་ཀ་སྒོ་ཕྱེ་ཐུབ་ཀྱིས་མི་འདུག་པར་དེ་ལ་བསླབ་སྟོན་ཞིག་གནང་སྐྱོངས་ཡོང་བར་ཞུ།
རིགས་ཀྱི་བུ། དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱེད་ཀྱི་གསོལ་བ་བཏབ་པ་བཞིན། ཐམས་བཅད་དེ་བཞིན་གྲུབ་པར་ཤོག་ཅིག སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་ལོ། རིས་མེད་བླ་མ་བྱང་སེམས་ཐམས་བཅད་རྒྱལ་ལོ། ཡི་དམ་མཁའ་འགྲོ་ཐམས་བཅད་རྒྱལ་ལོ། བོད་རྒྱལ་ལོ། བོད་མི་དམངས་ཐམས་བཅད་རྒྱལ་ལོ། ལྷག་པར་སྤྱན་རས་གཟིགས་འཁྲུལ་མེད་བསྟན་འཛིན་རྒྱ་མཚོ། ངའི་བླ་རྒན། ངའི་ཨ་ཕ། ངའི་མགོན་སྐྱབས། ངའི་ཤེས་གཉེན་དེ་རྒྱལ་ལོ། བླ་རྒན་ཁོང་གི་བསམ་དོན་ལྷུན་གྱིས་གྲུབ་པར་འགྱུར་ཅིག
ངོ་མ་ཡིད་འཕྲོག་པ་ཞིག་བྲིས་འདུག
རྒྱུན་རིང་པོ་ཞིག་ནས་སྲོལ་རྒྱུན་གྱི་སྙན་འཇེབས་ལྡན་པའི་སྙན་རྩོམ་ཞིག་འཇལ་སོང་ཐུགས་རྗེ་སློབ་དཔོན་ལགས།
ཁྱོད་ཕེབས་པ་འདིས་ཁ་བརྡའི་རིང་ཐང་དང་གཟི་བརྗིད་ཆེ་རུ་ཕྱིན་ཡོད།
འཛམ་གླིང་སྐྱེ་འགྲོ་ཀུན་གྱི་།
མུན་གསལ་བཤེས་གཉེན་དམ་པ།
ཁྱེད་ཀྱི་ངལ་འཛེམ་མེད་པར།
རི་དྲུག་ཀུན་ལ་ཐར་པའི་ལྡི་མིག་གནང།
ཁྱེད་ནི་བྱམས་ལྡན་གྱི་སྐྱེས་མ།
ཁྱེད་ནི་ཐུགས་རྒྱུད་བཟང་བའི་སློབ་དཔོན་ཞིག
ཁྱེད་ཀྱི་བླ་ན་མེད་པའི་མཛད་བརྗེས་དེ།
མཆོད་ལྡན་ཞིང་ལ་ཡོངས་སུ་གྲགས།
ང་ལྕགས་ཁ་བ་རིགས་པའི་སྙིང་ནོར་ཁྱེད།
སྐུ་ཚེ་བརྟག་གཏན་ཡོང་བའི་སྨོན་མདུན་བཞུ།
ངོ་མ་ཡག་གི དེང་སང་འདི་ལྟར་འབྲི་མཁན་དཀོན་པོ་རེད། ཐུགས་རྗེ་ཆེ།
སྤྱིར་སྙན་རྩོམ་གྱི་རིགས་ལ་གཟུགས་རྒྱན་དང་རབ་བཏགས་སོགས་མཛེས་པ་ཡིན་མོད། ཚིག་སྔ་ཕྱི་འབྲེལ་ཆགས་པ་དང་ཟློས་སྐྱོན་མེད་པ་གལ་ཆེ། བརྗོད་བྱ་གཅིག་ལ་རྗོད་བྱེད་ཀྱི་ཚིག་རྒྱན་མི་གཅིག་པ་ཡང་ནས་ཡང་དང་བརྗོད་བྱའི་དོན་ཐ་དད་ལ་རྗོད་བྱེད་ཀྱི་ཚིག་རྒྱན་གཅིག་རྐྱང་རང་བཞིན་འགོད་པ་སོགས་ནི་དེ་ཙམ་གལ་མི་ཆེ། དཔེར་ན། སྙན་ངག་དཔག་བསམ་འཁྲི་ཤིང་ལྟ་བུ་བརྗོད་བྱ་དུ་མས་ཕྱུག་ཅིང་རྗོད་བྱེད་ཀྱི་ཚིག་རྒྱན་རེ་རེ་བ་ལྟ་བུ་ཉམས་འགྱུར་འབུར་དུ་ཐོན་པ་ཞིག་དགོས།