ཁྲོྃ་རྒྱལ་སྲས།
སྐྱབས་རྗེ་འཁོར་ལོའི་མགོན་པོ་༧ བླ་མ་ཡིད་བཞིན་ནོར་བུའི་རྗེས་དྲིན་དད་པའི་འཁྲི་ཤིང་གཡོ་བའི་གར་སྟབས་གདུང་འབོད་ཤུགས་གླུ་རིང་མོ་ཞེས་བྱ་བ་བཞུགས་སོ།།
ཞི་དུལ་ངུར་སྨྲིག་རྒྱལ་མཚན་བསྒྲེངས་ནས་སྟོབས་བཅུའི་གོ་འཕང་བདག་གིར་བྱས།།
མཁྱེན་གཉིས་ལང་ཚོའི་ལུས་སྟོབས་རྫོགས་པས་འཆི་མེད་བདུད་རྩིའི་སྦྲང་ཆར་འཇོ།།
མ་ག་རྡ་ཡི་དགེ་སྤྱོང་ཁྱེད་ནི་འཇིག་རྟེན་གསུམ་གྱི་མགོན་དུ་གྱུར།།
གང་སྐུའི་གསེར་མདོག་ཆ་ཤས་རྡུལ་ལ་དད་གསུམ་ནོར་བུའི་གཙུག་གིས་གཏུག།
ཡེ་ཤེས་འོད་ལྔའི་རང་མདངས་གསར་བར་བཅུ་དྲུག་གཞོན་ནུའི་འགྱེང་བག་ཅན།།
མཁྱེན་པའི་རལ་གྲི་མཁའ་ལ་གདེངས་བས་ཤེས་བྱའི་རྨོངས་མུན་དྲྭ་བ་གཅོད།།
སྤང་རྟོགས་དབྱར་མཚོའི་འཕེལ་ཁ་རྫོགས་པས་ཕྱག་ན་རབ་མཛེས་པུ་ཏི་འཁྱིལ།།
ཤེས་རབ་ལྷ་མཆོག་བྱིན་རླབས་འོད་སྟོང་བདག་སྙིང་པདྨའི་ཚལ་དུ་སྩོལ།།
ཡིད་འོང་སྒེག་ཉམས་གར་གྱིས་རོལ་སྟབས་གུར་ཀུམ་གསེར་བའི་མདངས་སུ་འཕོས།།
ཐབས་ཤེས་མེ་ཏོག་གསར་བའི་མདའ་གཞིས་འཇིག་ཚོགས་ས་འཛིན་ཐལ་བར་བརླག།
ཕུལ་བྱུང་འཆི་མེད་བུ་མོ་སྟོང་གི་མཛེས་སྡུག་འཕྲོག་པའི་གར་མཁན་མ།།
མི་བུ་བདག་སྙིང་དྭངས་བའི་མཚོ་ལ་དགེ་ལེགས་དཔལ་གྱིས་རོལ་ཅིག་ཀྱེ།།
ཡོན་ཏན་གངས་རིའི་སྤོ་ལ་འགྱེང་བའི་འཇི༵གས་མེད༵་ཤཀྱ་སེང་གེའི་བུ།།
རབ་མཛེས་ཕུན༵་ཚོག༵ས་གཡུ་རལ་རྫོགས་པས་མཁས་རློམ་སྡེར་ཆག་ཟིལ་གྱིས་མནན།།
མུན་གླིང་འགྲོ་ལ་དགོས་འདོོད་སྩོལ་བའི་ཕན་བདེའི་འབྱུང༵་གནས༵་མ་ཎི་ཀ།།
བདེ་ལྡན་ཞིང་ནས་མགོན་མེད་བདག་ལ་ཐུགས་རྗེས་གཟིགས་པ་མི་འཚལ་ལམ།།
རྟག་བརྟན་འགྱུར་མེད་གཏན་བདེའི་ཞིང་ནས་བྱམས་བརྩེའི་གཞན་དབང་གྱུར་བའི་མགོན།།
བསིལ་ལྡན་འགྲོ་བའི་སྐལ་བཟང་མགྲོན་དུ་ཞབས་ཐུལ་གསེར་གྱི་འཁོར་ལོའི་རྡུལ།།
གསེར་ལྗོངས་པདྨའི་ལྟེ་བར་རེག་པས་སྡེ་བཞི་ཕུན་ཚོགས་དཔལ་གྱིས་མཚོ།།
དུས་ཀྱི་སྲིད་མཐར་ཉམ་པ་གང་ཞེས་ཕྱོགས་ཀྱི་ཐ་གྲུར་གྲགས་པ་འབར།།
རྒུད་སྙིགས་དུས་ཀྱི་སྤྲིན་ནག་ཡོལ་བས་བསིལ་ལྗོངས་ས་འཛིན་གཡོག་པའི་ཚེ།།
ཚོགས་གཉིས་རིན་ཆེན་ཤིང་རྟས་དྲངས་བའི་གང་གི་ཐུགས་བསྐྱེད་འཁོར་ལོའི་འོད།།
དགེ་མཚན་དཔལ་གྱིས་ཁྱུད་པའི་རང་མདངས་ལྷག་བསམ་གངས་རིའི་ཕྲག་པ་ནས།།
འཕྲོས་པས་སྐལ་བཟང་སྣང་བའི་དཔལ་གྱིས་ས་ཆེན་འདི་ཡང་ལན་གཅིག་འགུལ།།
གཞན་ཕན་འཁོར་ལོའི་རྩིབས་སྟོང་མ་ཉམས་འཕྲིན་ལས་གླིང་བཞིའི་ཁྱོན་ན་འཕགས།།
བྱམས་བརྩེའི་རྟ་ལྗང་འགྲོས་ཀྱི་རང་འོད་ཚད་མེད་འགྲོ་བའི་ལམ་སྟོན་གྱུར།།
ས་གསུམ་ཤིས་པར་བསྒྲུབས་པའི་ཆོ་གས་སྐྱེ་དགུའི་སྣང་བ་དབང་དུ་བསྡུས།།
མང་ཐོས་རལ་བའི་ཅོ་པཎ་རྒྱན་གྱིས་གང་གི་ཞབས་ཟུང་རྡུལ་ལ་གཏུག།
ལེགས་བཤད་རྫ་རྔའི་སྒྲ་དབྱངས་རེ་ལ་སྔ་འགྱུར་རྙིང་མའི་གྲུབ་མཐའི་སྲོག།
དོན་མཐུན་སྙན་པ་འབུམ་གྱིས་སྤྲས་པས་ཡིད་གསོས་སྨན་གྱི་ལྗོན་ཤིང་རྒྱས།།
སྙིང་ལ་སིམ་པའི་ལུང་རྟོགས་བདུད་རྩིར་མཛའ་བ་མ་བཏང་རྒྱལ་སྲས་ཁྱེད།།
ཐུགས་བསྐྱེད་ཆགས་བྲལ་གང་གིས་འགྲན་མིན་དུས་ཀྱི་ཉི་མ་གཞོན་ནུར་ཤར།།
རིན་བྲལ་ལུང་རིགས་མི་ཟད་སྤོབས་པས་ཕྱོགས་ཀྱི་རྒོལ་ངན་ཝ་སྐྱེས་ཚོགས།།
བྱེ་མར་འཐག་ནས་མྱང་ངན་མེད་པའི་གདུང་སེལ་ག་བུར་ཆུ་རྒྱུན་སྤྱིན།།
དེ་ཕྱིར་ཞལ་གསུང་དབྱངས་ཀྱི་ཆ་རེས་ས་ཆེན་རྡུལ་གྱིས་མཚོན་མིན་པའི།།
འགྲོ་རྣམས་ངེས་ལེགས་ཐར་བའི་ཁང་བཟང་སྐྱལ་བའི་ངང་ཚུལ་བརྗོད་ལས་འདས།།
འཆད་རྩོད་རིགས་པའི་གློག་ཞགས་བསྐྱངས་བས་ངུར་སྨྲིག་ག་ཤལ་མཛེས་པའི་གྲོགས།།
ཕྱོགས་ཀྱི་སྡོམ་བརྩོན་དམ་པ་ཁྲི་ཁྲག་སྐོམ་པས་ཆུ་ལ་དུངས་བ་བཞིན།།
ཁྱོད་ཞབས་པདྨོ་གཙུག་ཏུ་ཐོགས་ནས་ཆོས་ཀྱི་སྣང་བའི་གེ་སར་འཛུམ།།
མིག་སྟོང་ཁེངས་བ་བསྙིལ་བའི་མཛད་བཟང་གངས་ལྗོངས་ཐིག་ལེའི་དཔལ་དུ་བཞག།
གནས་ལྔ་རིག་པའི་ཤེས་བྱའི་དཀྱིལ་འཁོར་རྒྱས་པས་རྣམ་དཔྱོད་དྲྭ་བ་ཡིས།།
ཁོར་ཡུག་ཁ་བས་མུ་འཁྱུད་ཟླུམ་པའི་ཕ་ཡུལ་ཡིད་ཀྱི་སྡུག་གི་མར།།
མ་ནོར་ལུགས་གཉིས་ཉི་ཟླའི་འཕྱང་འཕྲུལ་འཛིན་པའི་འཕགས་ཆེན་དམ་པ་ཁྱོད།།
སྙན་པའི་གྲགས་དཀར་གོ་ལར་འཐུམས་ཤིང་སྲིད་མཐར་དྲན་པའི་རྡོ་རིང་བཞེངས།།
ཨེ་མ་བྱིན་ཆགས་ངོ་མཚར་འབུམ་ལྡན་རྒྱུ་སྐར་བྱེ་བས་ཚོན་མིན་པའི།།
ཚངས་སྤྱོོད་ལི་ཁྲིའི་དོ་ཤལ་འཆང་བའི་ཆོས་ཀྱི་གྲོང་ཁྱེར་འདི་ཡང་བསྐྲུན།།
བཤད་སྒྲུབ་ལས་ཀྱི་འཁོར་ལོའི་འགྲོས་ཀྱིས་ཕུལ་བྱུང་མདོ་སྔགས་ཟུང་འབྲེལ་ཆོས།།
འཛམ་གླིང་མཛེས་པའི་རྒྱལ་མཚན་ཏོག་ཏུ་བཀོད་པས་སྙན་པ་རིང་དུ་འཕུར།།
སྡུག་ཅན་སྤྲེལ་འུས་ཕྲག་དོག་མ་བཟོད་དམོད་མོའི་ཚིག་གི་མདའ་འཕེན་ཡང་།།
བྱམས་བརྩེའི་མེ་ཏོག་ཕྱག་གིས་བཞེས་པས་ངན་སྐྱུགས་རང་གི་ལུས་ལ་བགོས།།
གཡོ་སྒྱུས་ཟློས་གར་ཁྲབ་ལ་མཁས་པས་ཁྱེད་སྐུར་བསྐུར་འདེབས་ཅ་ཅོ་འདོན།།
འོན་ཀྱང་ཁྱེད་ཐུགས་གཡོ་བ་མེད་འདིས་མིག་མི་ཟིམ་པ་དངོས་སུ་རྟོགས།
རྨད་བྱུང་མདོ་རྒྱུད་སེམས་གསུམ་བཅུད་བཟང་ཅི་དགར་རོལ་བའི་རྣམ་དཔྱོད་ལ།།
རིགས་འཕྲུལ་གཟི་བྱིན་འབུམ་གྱིས་སྨྱོས་པས་སུམ་རྩེན་རང་འོད་མོག་པོ་བཏང།།
ཀུན་རྟོག་དར་དིར་གཤོག་སྒྲ་མ་ཡིན་ལེགས་བཤད་སྤྲིན་གྱི་མེ་ཏོག་ལ།།
ཚད་མེད་ཐུགས་རྗེའི་སྦྲང་རྩི་ཆགས་ཤིང་ལུགས་གཉིས་མ་ནོར་མཛའ་བ་བསྡེབས།།
མི་ཟད་ཟུང་འཇུག་སྒྱུ་མའི་རྩེ་དགའ་འགྲོ་མང་ཡིད་ཀྱི་མཁའ་ལ་རོལ།།
ལྷག་བསམ་ཆུ་གཏེར་གཏིང་མཐའ་བྲལ་བར་ཐུབ་བསྟན་ཁུར་ཁྱེར་རླབས་ཕྲེང་བསྐྱོད།།
མཐུན་སྤྱོད་རིག་པའི་ཆུ་ཤེལ་རང་མདངས་ཚངས་ཆེན་ཡིད་ལས་འགོངས་བའི་རྒྱན།།
རིས་མེད་བསོད་ནམས་མཐོངས་སུ་འཕགས་པས་སྐྱེ་དགུར་བདེ་བའི་ངལ་གསོ་འབྱིན།།
ལེགས་བྱས་ཚོགས་ཟུང་བསྲུབ་ལས་སྐྱེས་པའི་དོན་གཉིས་ལྷུན་འགྲུབ་མཐར་རུ་སོན།།
དྲི་བྲལ་འོད་སྟོང་མཁྱེན་བརྩེ་རབ་རྒྱས་རྒྱལ་ཀུན་གསང་བའི་མཛོད་གནས་འཛིན།།
འདོད་དགུར་བསྒྱུར་བའི་འཆི་མེད་ལམ་བཟང་དུས་ཀུན་སྩོལ་བའི་བཀའ་དྲིན་ཅན།།
མ་འདྲེས་སྐྱེ་བོའི་ཡིད་ལ་འཆར་བའི་མཚུངས་མེད་བླ་མ་བཞིན་ནོར།།
དད་གསུམ་དྭངས་བའི་ཕྱག་བརྒྱས་འདུད་དོ་འཕགས་ཆེན་བྱེ་བས་གཞལ་མིན་པའི།།
མཛད་འཕྲིན་རྩིབས་སྟོང་འཁོར་ལོའི་འགྲོས་ཀྱིས་ས་གསུམ་ཕན་བདེའི་རྐང་འཐུང་ཚལ།།
སྐྱོང་བའི་བསླབ་སྟོན་ཁོ་ལག་རྫོགས་ཤིང་སྲིད་འབྱོར་སྒྱུ་མའི་གར་གྱི་འཕྲུལ།།
རིང་དུ་སྤངས་བའི་ཆགས་བྲལ་རྣམ་འབྱོར་དྲན་པའི་གདུང་བ་བཟོད་ཐབས་བྲལ།།
གཅའ་བུའི་ཚིག་གི་ལྷོ་འུར་མ་འཁྲིགས་དོན་མཐུན་བདེན་པའི་རྔ་སྒྲ་རྡིར།།
གཡམ་རྒྱུགས་རི་སྤྱང་ཅ་ཅོ་མ་ཡིན་མཛད་བཟང་གསལ་བའི་མེ་ལོང་ཡིན།།
རྨོངས་ཞེན་ཆུ་ཤིང་སྙིང་བོས་མ་སླད་མི་ལྡོག་དད་པའི་འཁྲི་ཤིང་རྒྱས།།
སྤྲུལ་ཆུང་གར་གྱི་རོལ་རྩེད་མ་ཡིན་སངས་འཕགས་དམ་པའི་མཛད་སྤྱོད་རྟོགས།།
ས་ཆེན་གནོན་པའི་འཕགས་པ་མང་ཡང་མི་ཟློག་དད་པ་ཁྱེད་ལ་ཐོབ།།
ཉམ་ཆུང་མི་བུས་མཆི་མའི་ཀླུང་ནས་ངུ་ངག་དད་པའི་གདུང་འབོད་འདི།།
ཀྱེ་ཧུད་བྱམས་བརྩེའི་ཐུགས་རྗེའི་ཀློང་ནས་ཅུང་ཟད་དགོངས་སམ་ཡིད་བཞིན་ནོར།།
ཁ་ཙམ་མིན་པའི་དྲན་གདུངས་ལོ་མ་སྐྱོ་བའི་རླུང་གིས་ལྷག་པར་བསྐྱོད།།
ཅེས་གསེར་ལྗོངས་ལི་མདོའི་ཆོས་གྲྭ་ཆེན་མོ་ནས་སྐྱབས་རྗེ་གང་གི་སློབ་འབངས་ཐ་ཤལ་བ་དགེ་མིང་འཛིན་པ་ལྡོང་བསོད་ནམས་སྙན་འཕེལ་ནས་2015 ལོའི་ཟླ་10 བའི་ཚེས་1 ལ་བྲིས་པའོ།། དགེའོ།།
དྲན་གདུང་གིས་བསླངས་བའི་གསོལ་འདེབས།
འཇིག༵ས་མེད༵་ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ལས།།
ཕུན༵་ཚོག༵ས་མཚན་དཔེའི་གར་ལ་རོལ་བ་ཡི༎
ཕན་བདེའི་འབྱུང༵་གནས༵་སྐྱབས་མཆོག་ཡིད་བཞིན་ནོར༎…
ཐུགས་རྗེའི་ཞགས་པ་བུ་ལ་མ་ལྷོད་ཅིག།
གསོན་ན་མོས་གུས་ཞུ་ཡུལ་ཁྱེད་ཡིན་ལ༎
ཤི་ན་འདྲེན་པའི་དེད་དཔོན་ཁྱེད་ལགས་པས།།
འདི་དང་ཕྱི་མའི་ལས་སྣང་ཅི་བརྗེས་ཀྱང་༎
ཁྱེད་ཀྱི་ཐུགས་རྗེའི་དྲ་བར་བདག་ཉིད་འཚོ༎
སྐུ་ཡི་སྣང་བ་དབྱིངས་ལ་མནལ་ན་ཡང་༎
ཐུགས་རྗེའི་འོད་ཀྱི་ཞགས་པ་འཆད་དུ་མེད༎
ཤུལ་ན་ལུས་པའི་སྡེ་བཞིའི་འཁོར་སློབ་ཀུན༎
བརྗེད་མེད་ཞལ་བཞེས་བཀའ་ལུང་དེས་ཆོག་གོ།
2015.12.25