མི་གསོན་པོ།
༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་མཁས་དབང་གི་ཕྱག་ཁྱེར་བཞེས་གནང་བ།
དེ་རིང་ནི་ཆེས་བཀྲ་ཤིས་པའི་ཉིན་མོ་ཞིག་སྟེ། ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞེས་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཁྲོད་དུ་བླ་ན་མེད་པའི་གཟི་བརྗིད་ཀྱི་མཛད་རྗེས་མངའ་བའི་ཕུལ་བྱུང་གི་ན་གཞོན་བསམ་བློ་བ། འཛམ་གླིང་གོ་ལ་རིལ་པོར་སྙིང་རྗེ་དང་འབྲེལ་བའི་ཀུན་སྤྱོད་སྤེལ་བའི་ལམ་སྟོན་པ་ཆེན་པོ། རང་བྱུང་གི་ཁམས་དང་སྐྱེ་འགྲོའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་འགྲོ་བ་མིའི་སྣེ་ཁྲིད་བྱེད་མཁན་ཡང་དག་པ། གངས་ཅན་ཁ་བའི་ལྗོངས་ཀྱི་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་དང་ལྷག་བསམ་བྱེད་པའི་སྙིང་སྟོབས་ཀྱི་དཔེ་མཚོན། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཛད་རྗེས་ཀྱི་དཔངས་མཐོ་བའི་བོད་ཀྱི་སྤྲུལ་བརྒྱུད་ཡོངས་ཀྱི་རྒྱལ་པོ་རུ་གྲགས་པའི་ཆོས་ཀྱི་རྗེ་བོ། ༧རྒྱལ་མཆོག་བཅུ་བདུན་པ་གང་ཉིད་ཀྱིས་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདི་ལ་ཆེད་དུ་དམིགས་ཏེ་ཞལ་གསུང་བདུད་རྩི་ཟེགས་མ་ཡི་གེའི་གཟུགས་སུ་འཕོས་པའི་སྙིང་རྗེའི་ནུས་པ་ཞེས་པའི་ཕྱག་དེབ་དང་དུས་རབས་ཉེར་གཅིག་པའི་ཀུན་སྤྱོད་ཀྱི་ལམ་སྟོན་རྣམས་ལ་འཛམ་གླིང་སྐྱེ་བོ་མང་པོས་བསྔགས་བརྗོད་དང་གུས་བརྩི་ཞུས་པའི་ཆ་ཤས། ཨ་རི་ཀ་ལི་ཧྥོར་ནི་ཡ་རུ་ཡོད་པའི་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་རེ་ཌི་ལན་ཌི་ཞེས་ལོ་ངོ་བརྒྱ་དང་ཉི་ཤུ་ལྷག་གིས་ལོ་རྒྱུས་ཀྱི་བྱུང་རིམ་ཡོད་པའི་སློབ་ཆེན་སྟེ། ཉིས་སྟོང་བཅུའི་ལོར་ནུབ་ཕྱོགས་ཀྱི་སློབ་ཆེན་རྩེ་ཕུད་ཨང་བདུན་པ་རུ་གདམས་ཐོན་བྱུང་བའི་སློབ་ཆེན་དེས་གོ་སྒྲིག་ཞུས་པ་ལྟར། ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་བདུན་པ་མཆོག་གིས་ལོ་རྒྱུས་ཐོག་ཏུ་རང་བྱུང་རྡོ་རྗེ་དང་། མི་བསྐྱོད་རྡོ་རྗེ་སོགས་ཀར་རབས་མང་པོ་ཞིག་ལ་ཀུན་མཁྱེན་དང་མཁས་པའི་དབང་པོ་སོགས་ཀྱི་མཚན་སྙན་གྱི་ཅོད་པན་འཆང་བར་མཛད་པའི་རྣམ་ཐར་དང་རྗེས་སུ་མཐུན་པ་མཁས་དབང་འབུམ་རམས་པའི་མཚན་གནས་ཀྱི་ཕྱག་ཁྱེར་བཞེས་གནང་སོང་།
འདི་ནི་རྒྱལ་བ་བཀའ་བརྒྱུད་པའི་ལོ་རྒྱུས་ཀྱི་བྱུང་བ་ལ་གཟི་བརྗིད་ཀྱི་འོད་སྣང་འབར་བའི་ཟིན་ཐོ་གསར་པ་ཞིག་སླར་ཡང་བསྣན་པ་ཡིན་པས་ཁྱེད་ཀྱི་སློབ་འབངས་སུ་གཏོགས་པའི་ངེད་ཅག་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་དང་ལྡན་པའི་ངང་ནས་ལག་ཟུང་ཐལ་མོ་སྤྱི་བོར་བཀོད་དེ་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་གྲངས་མེད་མཆོད་སྤྲིན་གྱི་ཚུལ་དུ་ཕུལ་ཡོད། སྤྱིར་མཁས་དབང་འབུམ་རམས་པའི་མཚན་གནས་དང་ཕྱག་ཁྱེར་ཐོབ་མཁན་གྱི་བོད་པ་ཧ་ཅང་ཉུང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་གཞན་ཆེ་མཐོང་དང་ལྡན་པའི་མཁས་དབང་འབུམ་རམས་པའི་མཚན་གནས་ཐོབ་མཁན་གྱི་བོད་པའི་བླ་མ་ཕལ་ཆེར་བྱུང་མེད་པ་ལྟ་བུར་འདུག ད་ལན་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་གིས་ཕྱག་དེབ་སྙིང་རྗེའི་ནུས་པ་དང་རེ་ཌི་ལན་ཌི་སློབ་ཕྲུག་མང་པོ་ཟླ་བ་གཉིས་ལྷག་གི་དུས་ཡུན་ནང་དུ་རྡ་སར་རྒྱུད་སྟོད་དུ་༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་མདུན་ལ་ཆེད་བཅར་ཞུས་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཀུན་སྤྱོད་དང་སེམས་ཁམས་རྣམས་སྙིང་རྗེ་དང་ཇི་ལྟར་འབྲེལ་བ་བྱེད་ཚུལ་སོགས་ཀྱིས་ལམ་སྟོན་གྱི་སློབ་ཁྲིད་གནང་བ་བཅས་ལ་སློབ་གྲྭའི་ངོས་ནས་ཚད་མཐོའི་གདེང་འཇོག་བྱས་ཏེ་མཁས་དབང་གི་མཚན་གནས་ཕྱག་ཁྱེར་འདི་འབུལ་ལམ་ཞུས་པ་རེད་འདུག
དེ་ཡང་སྤྱི་ཚེས་༢༣ཉིན་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་འཁོར་ལྷན་རྒྱས་རེ་ཌི་ལན་ཌི་གཙུག་ལག་སློབ་ཆེན་དུ་ཆིབས་བསྒྱུར་གནང་སྐབས་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་བོད་ལུགས་ཀྱི་ཁྱད་ཆོས་མཚོན་པའི་རླུང་རྟའམ་ཇོ་དར་གྱིས་མཛེས་པ་སྤྲས་ཤིང་། སློབ་ཆེན་གྱི་དབུ་འཛིན་མཁས་དབང་རལ་ཧྥི་ཀུན་སིལ་སྐུ་ངོ་མས་རྒྱང་རིང་ནས་ཕེབས་བསུ་ཞུས་ཏེ་དབུ་འཛིན་ལས་ཁང་དུ་གདན་འདྲེན་ཞུས་པ་དང་། དབུ་འཛིན་ཉིད་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོས་ཕྱག་རྟགས་སོགས་ཕུལ་ཏེ་༧རྒྱལ་དབང་ཀརྨ་པ་སློབ་ཆེན་དུ་ཕེབས་པར་དགའ་བསུ་དང་འཚམ་འདྲི་ཡང་ཞུས་གནང་སོང་། སློབ་ཆེན་གྱི་དགེ་སློབ་མང་པོས་དགའ་སྤྲོ་དང་གུས་འདུད་ལྡན་པའི་ཕེབས་བསུ་དང་མཇལ་ཁ་ཞུས་ཏེ་དཀར་ཟས་ཀྱི་གསོལ་ཚིགས་དང་གླུ་དབྱངས་ཀྱི་མཆོད་སྤྲིན་ཕུལ་བ་སོགས་ཀྱིས་ཧ་ཅང་ཚད་མཐོའི་སྣེ་ལེན་དང་གོ་སྒྲིག་ཞུས་སོང་།
སྤྱི་ཚེས་༢༤རེས་གཟའ་ལྷག་པ་ནི། ལྷག་དཀར་ཞེས༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱལ་མཆོག་བཅུ་དྲུག་པ་རིག་པའི་རྡོ་རྗེའི་བླ་གཟའ་དང་རྒྱལ་མཆོག་བཅུ་བདུན་པ་ཆེན་པོའི་སྲོག་གཟའ་ལ་ཁེལ་ཞིང་འཕྲོད་སྦྱོར་ཤིན་ཏུ་ལེགས་པ་སོགས་རྟེན་འབྲེལ་མ་སྒྲིག་ལྷུན་གྲུབ་ཏུ་གྱུར་པའི་བཀྲ་ཤིས་པའི་ཉིན་མོར་སློབ་ཆེན་གྱི་དབུ་འཛིན་དང་མཁས་དབང་མང་པོས་ཕེབས་བསུ་ལྷན་༧རྒྱལ་མཆོག་བཅུ་བདུན་པ་གང་ཉིད་སློབ་གྲྭའི་ལམ་ལུགས་སུ་གྱུར་པའི་མཁས་དབང་གི་སྐུ་ཆས་ཀྱིས་མཛེས་པར་སྤྲས་ཏེ་སློབ་གྲྭའི་ཚོགས་ཁང་ནང་དུ་འདུས་པ་ཉིས་སྟོང་ལ་ཉེ་བའི་ཚོགས་ཀྱི་གཙོ་བོར་གཟི་བརྗིད་ཀྱི་ཉམས་དང་ལྡན་པ་ཞབས་སོར་འཁོད་གྲུབ་པ་དང་། མདོ་འཛིན་པས་ཆེ་བསྟོད་དང་འབྲེལ་དགེ་སློབ་ཁག་ཅིག་གིས་སྲོལ་རྒྱུན་གྱི་རོལ་དབྱངས་རྣ་བའི་བཅུད་དུ་འཇེབས་པའི་སྙན་འགྱུར་གྱི་རོལ་མོ་རྒྱ་ཆེན་དཀྲོལ་ཞིང་། གཙུག་ལག་སློབ་གྲྭའི་ཉེ་བའི་རིགས་བདག་མཁས་དབང་རལ་ཧྥི་ཀུན་སིལ་གྱིས་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོས་འཛམ་གླིང་སྤྱི་དང་བྱེ་བྲག་རེ་ཌི་ལན་ཌི་གཙུག་ལག་སློབ་ཆེན་ལ་ལམ་སྟོན་དང་སློབ་ཁྲིད་གནང་བར་བཀའ་དྲིན་གུས་འདུད་དང་འབྲེལ་བའི་སྒོ་ནས་སློབ་ཆེན་གྱི་ཆེས་ཚད་མཐོ་བའི་མཁས་དབང་འབུམ་རམས་པའི་ཕྱག་ཁྱེར་ཕུལ་སོང་།
ཚོགས་ཁང་ནང་གི་དགེ་སློབ་འདུས་པ་ཡོངས་ཀྱི་དགའ་སྤྲོ་དད་འདུན་ཆེན་པོས་སྐུ་བཞེངས་ཏེ་༧རྒྱལ་དབང་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་ཞུས་ཟིན་རྗེས་སློབ་ཕྲུག་བཞི་ཡིས་༧རྒྱལ་མཆོག་བཅུ་བདུན་པས་གསར་རྩོམ་གནང་བའི་སྙིང་རྗེའི་ནུས་པ་ཞེས་པའི་ཕྱག་དེབ་ནང་གི་ལེ་ཚན་ཁ་ཤས་གྱེར་འདོན་ཡང་བྱས་སོང་། ཕྱག་ཁྱེར་བཞེས་པའི་མཛད་རིམ་ལེགས་པར་གྲུབ་རྗེས་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་བདུན་པ་ཆེན་པོས་རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་བཀའ་ཁྲིད་བཀའ་དྲིན་བསྐྱངས་གནང་བ་རྣམས་རྗེས་སུ་མུ་འགོད་ཞུ་ཆོག་པ་བཅས།
མི་གསོན་པོས་གུས་འདུད་བཅས།
མི་གསོན་པོ་ཁྱོད་སྐྱེ་བ་ལ་དོན་སྒོ་བྱུང་འདུག །ཁྱོད་ཀྱིས་བཤད་པ་ལ་རྒྱུ་མཚན་ལྡན་འདུག །ད་ལྟ་བོད་མི་གནས་བབས་ཕྲག་དོག་གི་རྒྱ་ལས། རབ་ཏུ་གྲོལ་བའི་བུ་ཁྱོད་སྐྱེས་པ་བཟང་། རིགས་ཀྱི་བུ་ཁྱོད་ཀྱི་དེ་དེ་བཞིན་དུ་གོ་བར་གྱུར་ཅིག
http://kagyutv.org/index.php/zh/
འདིར་གཟིགས།
པད་མ་འདི་ལ་རྙིང་མ་སྔགས་རྒན་དེ་ཚོ་མ་གཏོགས་མི་དགོས་པ་འདྲ་བཟོ་གདའ།
༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་བདུན་པ་མཆོག་གིས་ལོ་རྒྱུས་ཐོག་ཏུ་རང་བྱུང་རྡོ་རྗེ་དང་། མི་བསྐྱོད་རྡོ་རྗེ་སོགས་ཀར་རབས་མང་པོ་ཞིག་ལ་ཀུན་མཁྱེན་དང་མཁས་པའི་དབང་པོ་སོགས་ཀྱི་མཚན་སྙན་གྱི་ཅོད་པན་འཆང་བར་མཛད་པའི་རྣམ་ཐར་དང་རྗེས་སུ་མཐུན་པ་མཁས་དབང་འབུམ་རམས་པའི་མཚན་གནས་ཀྱི་ཕྱག་ཁྱེར་བཞེས་གནང་སོང་། ཞེས་པའི་གནས་ཚུལ་བཟང་པོ་ཐོས་པ་ན། རང་ཅག་བོད་རིགས་ཡོངས་ལ་དའགའ་བའི་ཉི་མ་ཤར། མཁས་དབང་འབུམ་རམས་པའི་མཚན་གནས་ཀྱི་ཕྱག་ཁྱེར་བཞེས་པ་པོ་༧༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞབས་ཀྱིས་ཀྱང་། རང་བྱུང་རྡོ་རྗེ་དང་། མི་བསྐྱོད་རྡོ་རྗེ་སོགས་ཀྱི་འཆད་རྩོད་རྩོམ་གྱི་རྣམ་ཐར་བདག་གིར་བཞེས་ཏེ། བོད་སྐད་ཀྱི་དག་ཆ། དཔེར་ན། སྩལ་ལ་བསྩལ་སོགས་མ་ཡིན་པར་བོད་ཀྱི་མཁས་པ་རྣམས་ཀྱི་དག་ཆ་དང་མཐུན་པར་རྣམ་དཔྱོད་ཅན་གྱི་སློབ་མ་བོད་པ་དང་གཞན་ཀུན་ལ་འབྲི་འཇུག་པར་མཛད་པར་གསོལ་འདེབས་ཞུའོ།
་
རྒྱལ་བ་ཀརྨ་རང་བྱུང་རྡོ་རྗེས་སྐྱེས་རབས་སོ་བཞི་པའི་ཁ་སྐོང་སྐྱེས་རབས་འཕྲོས་བརྩོན་འགྲུས་ནས་ཡེ་ཤེས་ཀྱི་བར་མཛད་ཏོ། ཞེས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས་ཐོས། གང་གིས་མཛད་པའི་སྐྱེས་རབས་གསེར་ཡིག་ལ་བྲིས་པ་ཞིག་ཆོས་འཁོར་གནས་ཀྱི་བོད་དགོན་ནས་གཡར་ཏེ། ༡༩༦༠་པའི་སྐབས་སུ་ལ་དྭགས་སློབ་གཉེར་པ་བོད་ཡིག་འབྲི་ཤེས་པ་ཁ་ཤས་ལ་འབྲི་རུ་བཅུག། ལོ་མང་རྗེས་དེབ་གཟུགས་སྤར་པ་ཞིག་ལག་སོན་བྱུང་། ད་ལྷ་ལ་དྭགས་ཀླུ་དགོན་ན་བཞུགས།
ཀརྨ་པ་མི་སྐྱོད་རྡོ་རྗེས་མཛད་པ་དབུ་མ་འཇུག་པའི་འགྲེལ་པ་ཨིན་འགྱུར་བཅས་ལག་ཏུ་ཡོད་པ་སྐལ་བ་བཟང་། སྐབས་འགར་དབུ་མ་འཇུག་པའི་རྩ་བའི་མིང་ཚིག་དག་ཆ་དང་། འགྲེལ་པའི་མིང་ཚིག་དག་ཆ་ཀུན་མི་འདྲ་བ་ཡོད་པ་རྣམས་འདྲ་བ་ཡོད་དགོས་པར་སེམས་སོ།
གང་ལྟར་༧རྒྱལ་དབང་བཅུ་བདུན་ཆེན་པོར་གཟེངས་བསྟོད་ཕུལ་བར་དགའ་བསུ་དང་བཀྲིས་བདེ་ལེགས་ཞུ། མཛད་པ་འཕྲིན་ལས་རྒྱས་བཞིན་འདུག་ལ་ད་དུང་རྒྱས་པར་སྨོན། སེང་གེའི་ང་རོ་བསྒྲགས་པ་ལ་ཝ་རྣམས་ཀྱི་ཀུ་ཅོ་སྙིང་རེ་རྗེ།
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧དཔལ་རྒྱལ་བའི་དབང་པོ་གང་ཉིད་ཀྱིས་ད་ལམ་ཆེས་ཡར་ཐོན་ཅན་ཨ་རིའི་མཐོ་སློབ་མཚན་སྙན་ཅན་ཞིག་གིས་མཁས་དབང་འབུམ་རམ་པའི་མཚན་གནས་ཕྱག་ཁྱེར་ཕུལ་བ་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད། མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་ཞུ།
བོད་མི་རིགས་ཀྱི་ལ་རྒྱ།
ཆོས་ནང་བསྟན་གྱི་གཟི་བརྗིད།
སྤྱིར་བཀའ་བརྒྱུད་པའི་བསྟན་དར།
སྒོས་ཀམ་ཚང་པས་ངོམས་རྒྱུ།
མགོ་སེར་དེ་ཚོར་བཟང་ངན་གྱིས་རྣམ་དཔྱོད་རྦད་དེ་ཟློག་ཡོད། སྐབས་འགར་ཁྱི་དང་དུ་འགྲོ་ལ་ཡང་མཁས་དབང་གི་ལག་འཁྱེར་སྤྲད་པ་ཐོས། ཟ་རྒྱུ་སྐྱག་རྫིང་ཡང་སྐབས་འགར་ལོངས་སུ་སྤྱོད། བསམ་ཡུལ་ལས་འདས་པའི་བྱེད་སྟངས་མང་བས་དེ་རིང་ཡང་ཉིན་གཅིག་ལ་སློབ་གླིང་འགྲིམས་མ་མྱོང་བའི་རྙོགས་གྲའི་སྒམ་ཆུང་ཞིག་ལ་ཡང་མཁས་དབང་གི་ལག་འཁྱེར་སྤྲད་ཚར་འདུག རྫུན་མ་ལ་རྫུན་མའི་ལྷན་པ་ཞིག་སྐྱར་དུ་སྣོན་སོང་། ད་ནི་གཞི་གྲུབ་ན་གང་བྱས་བྱས་རེད་འདུག དཀོན་མཆོག་མཁྱེན།
མ་འོངས་པའི་བོད་ལ་རེ་བ་ཅན་གྱི་བླ་མ་ཞིག་རེད།
་་་་་་་་་་་་ ད་ལན་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་རྡོ་རྗེ་མཆོག་གིས་ཕྱག་དེབ་སྙིང་རྗེའི་ནུས་པ་དང་རེ་ཌི་ལན་ཌི་སློབ་ཕྲུག་མང་པོ་ཟླ་བ་གཉིས་ལྷག་གི་དུས་ཡུན་ནང་དུ་རྡ་སར་རྒྱུད་སྟོད་དུ་༧དཔལ་རྒྱལ་དབང་ཀརྨ་པའི་སྐུ་མདུན་ལ་ཆེད་བཅར་ཞུས་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཀུན་སྤྱོད་དང་སེམས་ཁམས་རྣམས་སྙིང་རྗེ་དང་ཇི་ལྟར་འབྲེལ་བ་བྱེད་ཚུལ་སོགས་ཀྱིས་ལམ་སྟོན་གྱི་སློབ་ཁྲིད་གནང་བ་བཅས་ལ་སློབ་གྲྭའི་ངོས་ནས་ཚད་མཐོའི་གདེང་འཇོག་བྱས་ཏེ་མཁས་དབང་གི་མཚན་གནས་ཕྱག་ཁྱེར་འདི་འབུལ་ལམ་ཞུས་པ་རེད་འདུག ་་་་་་་་་་་་
བོད་ཀྱི་རིགས་སུ་འཁྲུངས་ཤིང་། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གནང་མཁན་གྱི་སྐྱེས་བོ་ཞིག་ལ་གྲགས་ལྡན་གྱི་ཕྱག་འཁྱེར་རམ་གཟེངས་རྟགས་གང་འཐོབ་ནའང་། ༼བོད་མི༽ ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ཡོད་པ། སེམས་ཅན་ལ་ལས་ཤེས་ན་རེད། དེ་མིན་༼བོད་མི༽ མིན་པའམ་ཡིན་ཀྱང་༼གཞན་སྤྱོད༽ ཡིན་སྲིད།
རིག་པའི་ཡེ་ཤེས་མ་རིག་སྒྲིབ་པས་ནོན། །ཕྲག་དོག་དུག་ཆུས་རང་རྒྱུད་ཆུད་ཟོས་བཏང་། །ལས་ངན་བསགས་པས་ལུས་ངན་ལེན་ལ་ཉེ། །ཨེ་མ་འགྲོ་བའི་མགོན་པོས་ལམ་སྣ་དྲོངས།།
ད་ཡག་པོ་འདུག སྔོན་མ་ཡིན་ན། xxསྲིད་དོན་པ་ཚོས་དཀྲོགས་གཏམ་འོག་ཚུད་མཁན་རེ་འགའ་བྱུང་ཡོག་རེད། ལུང་རྟོགས་ཀྱི་བསམ་བློ་གཏོང་སྟངས་ཡག་པོ་ཞེ་དྲག་རེད། རྒྱལ་བ་ཀརྨ་པ་ནི་མ་འོངས་པའི་ནང་བསྟན་གྱི་དབུ་ཁྲིད་ལྟེ་བ་དེ་རེད།