ཨོ་རྒྱན་ཉི་མ།
དེ་ཡང་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་མ་ཧཱ་པཎྡི་ཏ་ཆེན་པོ། ཉེས་ཚོགས་སྤུ་རྩེ་ཙམ་ཡང་སྐུ་ཚེ་ལ་མེད་པའི་ཨོ་རྒྱན་ཆེན་པོ་དང་དབྱེར་མ་མཆིས་ཤིང་། བཀའ་དྲིན་གསུམ་ལྡན་གྱི་འདྲེན་མཆོག་མཚུངས་མེད། མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་གང་ཉིད་བཀའ་བསྟན་དུ་མ་ནས་ལུང་གིས་ཟིན་ཚུལ་མང་དུ་མཆིས་ཀྱང་། ཁ་གསལ་ཤོས་དེ་རྡོ་གྲུབ་སྐུ་འཕྲེང་དང་པོའི་ལུང་བྱང་ལས། <<གསེར་རྔ་དམ་ལྷ་ཡི་བླ་ལུང་དུ། །དཔལ་ཨོ་རྒྱན་གྱི་སྤྲུལ་པ་འཇིགས་མེད་མཚན། །འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ། །ཆོས་མདོ་སྔགས་ཀྱི་བསྟན་པ་ཉི་བཞིན་གསལ། །ཁོའི་འགྲོ་དོན་ས་བརྟན་སྤོ་ལ་རེག །དེས་འབྲེལ་ཀུན་བདེ་ཆེན་ས་ལ་འགོད། །>>ཅེས་ལུང་དོན་ནི་གསེར་རྟའི་ཡུལ་གྱི་རྔ་ལ་སྟག་རྩེ་དང་དམ་ཅན་གནས་རི་གཉིས་ཀྱི་བར་ན། ཤིང་གི་ལྷ་མོའི་གནས་མཆོག་བླ་མ་རུང་ཞེས་པ་ཁྲག་འཐུང་བདུད་འཇོམས་གླིང་པའི་གདན་ས། འཇའ་ལུས་བ་བཅུ་གསུམ་དུས་གཅིག་བྱུང་ས་དེར་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་པ་འཇིགས་མེད་ཀྱི་མཚན་ཅན་ཞིག་ཕེབས་ཏེ། དེའི་འཁོར་ནི་དགེ་སློང་ཕ་མ་གཉིས་དང་། དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི་པོ་དེ་ཡང་བསམ་པ་བྱང་ཆུབ་དཔའ་དང་རིག་པ་འཛིན་པའི་དགེ་འདུན་གྱི་འདུས་སྡེ་དུ་མའི་ཚོགས་ལ། ཆོས་ཀྱི་འཁོར་ལོ་ཡང་སྤྱིར་མདོའི་སྡེ་སྣོད་གསུམ་དང་། སྔགས་རྒྱུད་སྡེ་བཞི་དང་། ཁྱད་པར་དུ་ཡང་འོད་གསལ་རྫོགས་པ་ཆེན་པོ་གདུལ་བྱའི་སྐལ་བ་དང་མཚམས་པར་གདམས་ཤིང་། རྒྱལ་བསྟན་དག་ཐེར་རྒྱ་ཆེར་གནང་བས་ཕྱི་གཙང་ནང་གི་བསྟན་པ་ཉི་མ་ཤར་བ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིར་གསལ་བར་བྱས།
དེ་ལྟ་བུའི་སྐྱེས་བུ་ཆེན་པོ་ཁོའི་འགྲོ་བའི་དོན་གྱི་འཕྲིན་ལས་ས་གཞི་འདིའི་ཁྱོན་ལས་བརྒལ་ཏེ། རི་བོ་མཆོག་རབ་ཀྱི་རྩེ་མོ་དང་མཉམ་པར་ཏེ་སྤོ་ལ་རེག་པ་དང་། མཆོག་གི་སྤྲུལ་བའི་སྐུ་ཆེན་པོ་དེས་འབྲེལ་བ་ཐོགས་ཚད་ཀུན་ནུབ་ཕྱོགས་བདེ་བ་ལ་ཅན་གྱི་ས་ལ་འགོད་དོ་ཞེས་པའི་དོན་ནོ། །དེ་ལྟ་བུའི་ལུང་སྟོན་མཁན་རིག་འཛིན་འཇིགས་མེད་གླིང་པའི་སློབ་ཆེན་འཇིགས་མེད་རྣམ་བཞི་ལས། རྡོ་གྲུབ་ཆེན་སྐུ་ཕྲེང་དང་པོ་རྡོ་གྲུབ་རྒན་འཇིགས་མེད་འཕྲིན་ལས་འོད་ཟེར་རམ་ཀུན་བཟང་གཞན་ཕན་དེ་ཉིད་ཀྱིས་གསུངས་པའི་ལུང་གི་གཏན་ཚིག་རྣམས། ཉིན་མོ་མིག་ལྡན་གྱིས་གཟུགས་ལ་ལྟ་བ་བཞིན་བྱུང་བ་འདི་ཡང་ཁྱད་ཆོས་བླ་མེད་ཅིག་ལོས་ཡིན་བསྙམ། དེ་ཕྱིར་མཁན་ཆེན་མཆོག་ལ་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་བརྗོད་ཀྱི་མི་ལང་ཞིང་། བསམ་ཡུལ་ལས་འདས་པ་དུ་མ་མཆིས་པ་རྣམས་ནི་ཁོ་བོ་འདྲ་བའི་ཕྱི་བརྟོལ་ཅན་ཞིག་གི་བགོ་སྐལ་དུ་མ་བབ་པས་རང་སར་འཇོག་རྒྱུ་ཡིན།
ད་འདི་ནས་མར་བླ་མ་ཡིད་བཞིན་ནོར་བུ་ཁོང་ལ་ཡང་སྤྲུལ་ཡོད་མེད་སྐོར་ལ་ཅུང་ཞིག་བཤད་ན་བསམ། གང་ཡིན་ཞེ་ན་དེང་སང་ནག་པོ་ཁ་དར་དཀར་ཕྱོགས་དབུ་འཕངས་དམའ་བའི་དུས་འདིར། བླ་ཆེན་རྣམས་ཀྱི་ཡང་སྲིད་རྣམས་སྒོར་མོ་སྒྲུབ་བྱེད་དང་། གཞན་ལ་དབང་བསྒྱུར་བའི་ལག་ཆ་ཙམ་ལས། བསྟན་པ་འཛིན་པ་དང་། བསྟན་པའི་སྙིང་པོ་འཚོལ་མཁན་ཞིག་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད། དེ་ཕྱིར་བྱ་བའི་བརྒྱུད་རིམ་འདི་དག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ན། ཉིན་མོའི་ཟས་དང་། མཚན་མོའི་གཉིད་ཀྱང་བག་ཕེབས་པ་ཞིག་གཏན་ནས་ཡོང་གི་མི་འདུག
དེ་ཕྱིར་དམ་པ་ཁོང་གི་ཡང་སྤྲུལ་ཡོད་མེད་སྐོར་ཁོང་གིས་ཐུགས་ཐག་བཅད་པ་དག་འདི་ནས་འགོད་རྒྱུ་ཡིན། ཁོ་བོ་ཡང་མཁན་ཆེན་མཆོག་གི་སློབ་བུའི་གྲལ་མཐར་གཏོགས་པའི་གང་ཟག་ཐ་ཤལ་བ་ཞིག་ཡིན། ཁོང་ལ་སངས་རྒྱས་དངོས་མཐོང་གི་དད་པ་སྔར་འགྱུར་མ་མྱོང་ལ། ད་ནི་དེ་ལས་ཀྱང་འགྱུར་ས་མ་རེད།
དེ་ཕྱིར་བླ་མ་མཚན་ཉིད་ལྡན་པ་ཁོང་ལ་ཡང་སྲིད་ཀྱི་མིང་ཁུར་མཁན་འཆང་བུ་ཞིག་བསླེབ་སོང་ན། ང་ཚོ་སློབ་འབངས་རྣམས་ངོ་ཚ་ས་རེད། ཁོང་གིས་<<དུས་རབས་ཉེར་གཅིག་པའི་གངས་ཅན་པ་རྣམས་ལ་ཕུལ་བའི་སྙིང་གཏམ་སྤྲིན་གྱི་རོལ་མོ།>>རྩོམ་གནང་དུས་ང་བླ་མ་རུང་ལ་ཡོད། བསྟན་བཅོས་དེ་གྲུབ་པ་དང་ཁོང་གིས་ཚོགས་མང་ལ་བསྟན་ཏེ། <<འདི་ནི་ངའི་ཡང་སྤྲུལ་ཡང་ཡིན་ལ་རྒྱལ་ཚབ་ཡང་ཡིན། འདི་ལས་གཞན་པའི་ང་ལ་ཡང་སྲིད་མེད། གལ་སྲིད་ངའི་ཡང་སྲིད་ཡིན་ཟེར་མཁན་རེ་བྱུང་ན་བདུད་ཀྱིས་སྤྲུལ་པ་ཡིན། >>ཞེས་གསུངས་སོང་། དེའི་གཞུག་ནས་ཡང་བསྐྱར་ཁོང་གིས། <<གལ་སྲིད་ང་ལ་ཡང་སྲིད་ཅིག་ཡོད་སྲིད་ན་ངོས་འཛིན་གནང་མི་དགོས་པར་སྤྱན་ལྔ་དང་། མངོན་ཤེས་ལྔ་ཡོད་མཁན་ཞིག་ལས། ད་ལྟ་ནང་བཞིན་ཉམས་ཆུང་ཞིག་གི་སྐྱེ་བ་གཏན་ནས་མི་བླངས། དེ་ཕྱིར་རང་ངོས་ནས་གཟུངས་སྤོབས་བློ་གྲོས་དྲི་མ་མེད་པས་ཁ་གྲགས་ཡོང་རྒྱུ་རེད། ཡིན་ན་ཡང་ང་ལ་རང་དབང་ཞིག་ཡོད་ན་གནས་སྐབས་ནུབ་བདེ་བ་ཅན་ལ་འགྲོ་ངེས་ཅན་ཡིན། རེད་དེ་ངའི་བུ་སློབ་རྣམས་དང་། ཁྱད་པར་འགྲོགས་འདྲིས་ཆེ་བའི་གསེར་རྟའི་ཡུལ་མི་ཡང་ངས་གཏན་ནས་མི་བརྗེད།>> ཅེས་གསུངས་འདུག ཚིག་འདི་དག་མཐར་ཆགས་སུ་མི་འགྲོ་ཡང་དོན་གྱི་ཆ་ནས་རྩ་བ་ནས་འཆུགས་མེད། ད་ཁྱོད་ཚོས་ཡང་སྤྲུལ་ངོས་འཛིན་བྱེད་ཕོད་ས་རེད་དམ། ངས་གོ་ཐོས་ལ་འཇོན་པོ་འགའ་ཞིག་གིས་བླ་མའི་ཡང་སྲིད་ཡིན་ཟེར་ནས་ཕྲུ་གུ་རེ་ལ་མིང་བཏགས་པ་དང་། དེ་ལ་བོད་ཀྱི་བླ་ཆེན་ཚོས་གནང་བའི་ཡིག་ཆ་ཡོད་པར་མ་ཟད། མཉམ་དུ་པར་རྒྱབས་ཏེ་བཀྲམ་འདུག་ཟེར། ཡིག་ཆ་ཡོད་པ་ལ་ཧ་ལས་པ་དང་། ཧོན་འཐོར་རྒྱུ་གང་ཡང་མི་འདུག དོན་དངོས་པོ་གཤིས་ལུགས་གང་ཡིན་རྩད་གཅོད་དང་། ཞིབ་འཇུག་བྱ་རྒྱུ་ཡིན། འདི་ལ་རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་བླ་མ་ཡིད་བཞིན་ནོར་བུའི་སློབ་རྒྱུད་ཚོས་དོ་སྣང་གནང་རོགས།
གང་ལྟར་ཡང་ངའི་བླ་མ་མཁན་ཆེན་ཡིད་བཞིན་ནོར་བུའི་ཡང་སྲིད་ཐག་ཆོད་ཐུབ་མཁན་གསེར་རྟའི་ཆོས་སྒར་གྱི་མཁན་སྤྲུལ་ཚད་ལྡན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། སྤྲུལ་བསྟན་འཛིན་རྒྱ་མཚོ། མཁན་ཆེན་བསོད་དར་རྒྱས། སྤྲུལ་ལུང་རྟོགས་སོགས་ཀྱིས་ཐག་ཆོད་མེད་ན། རང་དགར་རྒྱ་བལ་གྱི་སྒོར་དགའ་དང་། ཐོབ་དགའ་འདི་ཚོས་ཐག་བཅད་པ་ཙམ་ལ་ངོས་ལེན་གཏན་ནས་མེད། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བླ་ཆེན་ཕལ་གྱི་ཡིག་ཆ་ལ་ཡིད་ཆེས་ཆེར་མེད་པའི་དུས་ཚོད་ལ་བསླེབ་པ་རེད། གང་ཡིན་ཞེ་ན་ཐེ་ཝན་དང་། རྒྱ་ནག་སོགས་སུ་སྤྲུལ་རྫུན་དང་མཁན་རྫུན་སོགས་ཀྱིས་མིང་རྫུན་ཁུར་ཏེ། སེམས་ཅན་མགོ་བསྐོར་གཏོང་འདུག་མཁན་ཕལ་ཆེ་བ་བོད་ཀྱི་བླ་ཆེན་ཚོས་བཟོས་བཞག་པ་རྐྱང་རྐྱང་རེད།
དེ་ཕྱིར་ད་ནས་བཟུང་བླ་ཆེན་ཚོས་གཟབ་སྟེ། སྤྲུལ་སྐུའི་མཚན་གནང་ན་ཡང་བསྟན་པ་ཕན་ཐོགས་ཡོད་མེད་ལ་གཟིགས་པ་ལས། དཔལ་འབྱོར་དང་། ཆབ་སྲིད་ཆེད་ཁོ་ནའི་ཆེད་དུ་ངོས་འཛིན་མ་གནོངས་རོགས། ངས་སོར་བཅུའི་འདབ་མ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་རྒྱུ་ཡིན། སྤྱིར་བཏང་རྒྱ་ཆེ་ས་བསམ་བློ་བཏང་ན་གསེར་རྟའི་ཆོས་སྒར་རང་གིས་འགན་ཁུར་དགོས་པ་ལས། ཁོ་བོ་ལྟ་བུ་འཁྱམས་པོ་ཞིག་ལ་ཁུར་སྟངས་གཏན་ནས་མི་འདུག་མོད། ཡིན་ན་ཡང་བླ་མ་རང་གི་ཞལ་གསུང་འདི་དག་བོད་མི་བྱིངས་ཀྱི་སྙན་དུ་གསོལ་བ་དང་། བསྟན་པ་དང་དེར་འཛིན་རྣམས་ལ་ཅུང་ཟད་ཕན་ཐོགས་ན་བསྙམ་པའི་འདུན་པ་ཤུགས་དྲགས་ཀྱིས་འཕུལ་ཏེ། སོར་མོའི་འདུ་བྱེད་མ་གཡོས་ན་མི་ཁོག་པའི་ཚོར་བ་ཞིག་གིས་ཉེན་ཏེ་ཚིག་འགའ་ཐལ་བ་ནི། དྲ་ཐོག་ནས་དགོངས་པ་ཞུས་ཟིན་ཡང་གལ་ཆེ་བར་སེམས་ཏེ་སླར་ཡང་གསལ་བཤད་ཀྱི་ཆེད་དུ་ཟུར་ལས་བགྱིས་པ་ཡིན་ནོ། །
ཞེས་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་རེག་ཅིང་། གསུང་གི་བདུད་བརྩི་རྣ་བར་སིམ་ཡང་རང་རྒྱུད་ཐ་མལ་དུ་ལུས་པའི་རྨོངས་བརྟུལ་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་བྲིས་པའོ། །
སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེས་གསུང་པ་ཤིན་ཏུ་བདེན་ཡང་། དེང་སང་འགོ་ལོག་དམ་ཆོས་ཟེར་བས་ཁོའི་ཚ་བོ་རྰ་ཏན་སོང་གི་བུ་ངོས་འཛིན་ཡོད་པ་དང་༧གོང་ས་མཆོག་གི་ཕྱག་ཡིག་ཡོད་ནི་རེད་ཟེར། བདེན་པ་ཡིན་ནམ
་་་་་་་ གང་ལྟར་ཡང་ངའི་བླ་མ་མཁན་ཆེན་ཡིད་བཞིན་ནོར་བུའི་ཡང་སྲིད་ཐག་ཆོད་ཐུབ་མཁན་གསེར་རྟའི་ཆོས་སྒར་གྱི་མཁན་སྤྲུལ་ཚད་ལྡན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། སྤྲུལ་བསྟན་འཛིན་རྒྱ་མཚོ། མཁན་ཆེན་བསོད་དར་རྒྱས། སྤྲུལ་ལུང་རྟོགས་སོགས་ཀྱིས་ཐག་ཆོད་མེད་ན། རང་དགར་རྒྱ་བལ་གྱི་སྒོར་དགའ་དང་། ཐོབ་དགའ་འདི་ཚོས་ཐག་བཅད་པ་ཙམ་ལ་ངོས་ལེན་གཏན་ནས་མེད། ་་་་་་་་
སྐྱབས་སུ་མཆི། ཨོ་རྒྱན་ཉི་མས་ཁ་གསལ་བོ་ཞིག་བྲིས་འདུག་པས་ཡིད་ཆེས་བྱེད་རུང་བ་ཞིག་རེད་སྙམ། གངས་ལྗོངས་བསྟན་པའི་གསལ་བྱེད་ཆེན་པོ་དཔལ་འཇིགས་མེད་ཕུན་ཚོགས་རིན་པོ་ནི་སྙིགས་དུས་ཀྱི་འགྲོ་བའི་མགོན་པོ་གཅིག་པུ་དེ་རེད། གལ་ཏེ་ཁོང་ལ་ཡང་སྲིད་ཅིག་ཡོད་ན་ཞལ་ཆེམས་བཞིན་ཡེ་ཤེས་ཀྱི་སྤྱན་དང་མངོན་ཤེས་ལྡན་པ་ཞིག་ངེས་པར་དུ་ཡིན་རྒྱུ་རེད། དེ་མིན་གང་བྱུང་དུ་ངོས་འཛིན་བྱས་ན་ཡག་པོ་མི་འདུག་གོ །
ཆོས་རྗེ་བླ་བའི་ཡང་སྲིད་ཆེན་པོའི་ཡི་གེ་ཡོད་རུང་ཆུང་ངུའི་རྨི་ལམ་བཟང་རུང་ངོས་ལེན་པ་ཐག་ཆེད་ཡིན་པ་ཤེས་གསལ་རེད་་་་་་ཚང་མས་མས་བསམ་གཞིག་གནོངས་་་་་་
འགྲེལ་བཤད་གནང་བར་བཀའ་དྲིན་ཆེ། ན་གནིངས་མཁན་ཆེ་བསོད་དར་རྒྱས་ཕེབས་དུས་འདིའི་སྐོར་རག་ཙམ་གསུངས་སོང་། ཨ་རིའི་སྤྲུལ་རྫུན་དེ་ལ་ངོས་ལེན་མེད་གསུངས་ཞེས་གསུང་མཆིད་འདུག
དེ་ཕྱིར་བླ་མ་མཚན་ཉིད་ལྡན་པ་ཁོང་ལ་ཡང་སྲིད་ཀྱི་མིང་ཁུར་མཁན་འཆང་བུ་ཞིག་བསླེབ་སོང་ན། ང་ཚོ་སློབ་འབངས་རྣམས་ངོ་ཚ་ས་རེད་ཟེར། འོ་ན་ཁྱེད་ཀྱི་སྐྱེ་བ་སྔོན་མ་གྲགས་པའི་སྤྲུལ་སྐུ་དེ་ལའང་སློབ་མ་འདྲ་ཡོད་ཚེ་ངོ་ཚ་ནས་ཤི་ཚར་ཡོད་རྒྱུ་རེད། གཞན་གྱི་ཡང་སྤྲུལ་ལ་ཐེ་བྱུས་བྱེད་རྒྱུའི་ཚབ་ཏུ་དང་པོ་རང་གི་སྤྲུལ་མིང་རྫུན་མ་དེ་ཆུ་ནང་དུ་གཡུགས་ཤོག མི་ལ་ངོ་ཚས་ཤི་རྒྱུ་མེད། ཁྱི་ལ་ཆམ་རིམས་ཕོག་རྒྱུ་མེད། ཟེར་བའི་དཔེར་འདི་ངོ་མ་ཨོ་ཉི་དང་ཤར་ཁུག་སོགས་ལ་ཆེད་དུ་བཟོས་པ་འདྲ། རང་ཉིད་ཀྱི་གནད་བབ་གང་འདྲ་ཡིན་པ་ཧ་གོ་བཞིན་དུ་ད་དུང་མི་ལ་གཅིག་བཤད་རྒྱུ་འདི་ངོ་མ་དགོད་བྲོ་བ་རང་རེད།
ཡང་སྲིད་གཞུང་འབྲེལ་གྱི་ཕྲུ་གུ་གཅིག་བཙལ་ན་ལེགས་མོད། དེ་མིན་ཤར་ནས་གཅིག་དང་ནུབ་ནས་གཅིག་ཁྲིད་ཡོང་། ཚང་མའི་རྗེས་ལ་བླ་མ་རྒྱག་པ་རེ་རེ་རྒྱབ་རྟགས་ལ་ཁྲིད་ནས་ཚང་མ་བསུན་པར་བྱེད། དང་པོ་ནས་ཐག་གཙང་མ་བཅད་ནས་ཕྲུ་གུ་གཅིག་ལ་ངོས་འཛིན་བྱས་ན། ཚང་མར་དེ་ལས་གཞན་པ་ཁས་མི་ལེན་པའི་བློ་འགུག་བྱས་ནས་ལེགས་ཆ་ཆེ།
དེ་མིན་དགེ་ལྡན་པའི་ལུགས་ལ་དཔེ་ལེན་ནས་དགའ་ལྡན་ཁྲི་པ་ལྟ་བུར། བླ་རུང་ཁྲི་ཐོག་པའི་སྲོལ་བཏབ་ནས། ཁྲི་པའི་རྗེས་ལ་འཛིན་ན་ལེགས། ད་ལྟའི་གསལ་ཁ་མེད་པའི་ཐབས་ཤེས་དེ་མི་ལེགས་སྙམ། ད་ལྟ་མཁན་ཆེན་ཚུལ་བློ་དང་བསོད་དར་གྱིས་ཞུགས་པའི་སྐབས་ལ་དཀའ་རྙོག་ཆེན་པོ་མི་ཡོང་ཡང་ཁོང་གཉིས་ཞིང་གཤེགས་སུ་གྱུར་ཟིན་དུས་ཡང་བསྐྱར་སྐབས་འཚོལ་བ་རྣམས་ཐོན་ནས་ཡང་སྲིད་ཁྲིད་འོང་། ཆོས་པ་ངོ་ཚ་མེད་པ་དེ་ཚོས་ཅི་ཡང་བྱེད་སྲིད། ངོ་ཚ་ཡོད་མཁན་གྱི་ཆོས་པ་རྣམས་ཞལ་བཙུམས་ནས་ཞུགས་ཀྱི་རེད།
ཡག་པོ་བྲིས་འདུག། སྤྱིར་སྤྲུལ་སྐུ་ཟེར་བའི་མིང་སྐམ་འདི་ཐལ་བའི་རྡུལ་དུ་བརླགས་དགོས་འདུག། འདི་ནི་བོད་གངས་ཅན་པའི་ཡར་རྒྱས་ཀྱི་བཀག་རྡོ་དང་གཉའ་གནོན་གྱི་ཁུར་པོ། མི་དམངས་ཀྱི་ཤ་ཁྲག་འཇིབས་མཁན་ཞིག་ཏན་ཏན་རེད་འདུག། དངོས་འབྲེལ་གྱི་བསྟན་པ་ལ་ལག་རྗེས་འཇོག་མཁན་ནམ་བསྟན་འཛིན་གྱི་སྐྱེ་བོ་དམ་པ་སློབ་སྦྱོང་གི་བརྡར་ཤ་ཐོན་པའི་མཁས་པའི་དབང་པོ་དགའ་ལྡན་ཁྲི་པ་ལྟ་བུ་དེ་བཞིན་གདན་ས་ཁག་གི་དགེ་བཤེས་རྣམས་ནི་མི་དམངས་ཡོངས་བཀུར་འོས་པ་ཞིག་རེད།
ལུང་བསྟན་ནང་ལ།
་་་་།འཁོར་རྣམ་བཞིའི་བྱང་སེམས་སྡེ་ཚོགས་ལ། །་་་་་་་་
ཞེས་དང་། དེའི་འགྲེལ་པར།
་་་་་ དེའི་འཁོར་ནི་དགེ་སློང་ཕ་མ་གཉིས་དང་། ་་་་་་་ བོད་ལ་དགེ་སློང་མ་ཡི་སྡོམ་རྒྱུན་སྔར་ནས་ཉམས་ཟིན་པ་ལ་འདིར་གློ་བུར་དུ་ག་ནས་འཕུར་ནས་ཡོང་པ་ཡིན་ནམ། ལགས།
ཨ་མདོའི་འགོ་ཁྲིད་འདི་ཚོ་སྤྱང་པོ་ཞེ་དྲག་རེད། དང་པོ་གསེར་རྟ་ཁ་ལ་ཁྱེར་ནས་ས་རྩོད་བྱས། གཉིས་པར་མཁན་ཆེན་ཡང་སྤྲུལ་ལ་འཇུས་ནས་བླ་རྩོད་ཀྱི་འགོ་ཚུགས། མ་འོངས་པར་གོང་ས་མཆོག་གི་ཡང་སྲིད་ཀྱང་རྩོད་ས་རེད་ད།
༧ མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་སྤྲུལ་སྐུ་ད་ལྟ་བསྟན་པར་བྱ་བ་བྱེད་བཞིན་པའི་མ་འདས་སྤྲུལ་སྐུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཡིན།
ཧ ཧ ཨོ་ཉི་གཟོད་གཉིད་ལས་སད་པ་ཡིན་ནམ། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་བཀའ་དྲིན་ཅན་གྱིས་སྐུ་མྱ་ངན་ལས་འདའ་ཁར་ང་ལ་སྤྲུལ་སྐུ་ངོས་འཛིན་མི་དགོས་གསུངས་པ་དང་མཁན་ཆེན་རྣམ་གྲོལ་སོགས་ཀྱིས་༢༠༠༤ སྐབས་སུ་རྒྱལ་བ་རིན་པོ་ཆེ་ལ་ཡིད་བཞིན་ནོར་བུའི་ཡང་སྲིད་མྱུར་བྱོན་འབྲི་མི་དགོས་རྗེས་དྲན་གསོལ་འདེབས་ཞུས་ནས་བྲིས་ཟིན་པ་རེད། གསལ་གསལ་ཐིང་ཐིང་དེས་ལྷག་ཅི་ཡང་ཡོད་མ་རེད། གཡོ་སྒྱུ་དང་ངན་ཇུས་ཀྱི་རྒྱབ་ལྗོངས་ངན་པའི་ལག་ཆ་རུ་དམིགས་ནས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་དང་འགོ་ལོག་ཨ་ཁུ་དམ་ཆོས་སོགས་ཀྱིས་འགོ་ལོག་གསེར་རྟའི་ཞེ་འཁོན་མ་རུལ་ནས་༢༠༠༨་ལ་བཟོས་པ་རེད་ཟེར། རྗེས་སུ་དད་ལྡན་སློབ་མ་ཡོངས་ཀྱིས་བསྐུལ་ངོར་སྐུ་སྒེར་ཚང་གིས་དགོངས་དག་ཞུས་ཟིན་པ་རེད། ད་དུག་རོ་ཡང་སྐྱར་མ་སློང་ན་བཟང་།། གཞི་བྱེས་བར་དཀྲུགས་ཤིང་ཞིག་ལ་དེས་ལྷག་ཅིག་མི་འདུག འགོ་ལོག་ཤ་ཚང་དང་ཨོ་ཉི་ཁྱི་ཁ་ཚོད་ཟུངས་ཞུ་ཡ་དེ་རེད།
ཨོ་ཉི་ཁོ་རང་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་མ་འདས་སྤྲུལ་སྐུ་འདོད་ཀྱིན་ཡོད་པའི་ཟོར་འདུག དེ་མིན་ན་མཁན་རང་གིས་ཡོངས་སྤྲུལ་ངོས་མི་དགོས་གསུངས་རབས་གོ་སོང་བས་དེ་རང་ལ་ཆ་འཇོག་ཞུ་དགོས་རྒྱུ་ལས་དེ་མིན་པ་ཞིག་སུ་ལ་ཡི་ཆེས་བྱེད།
ང་རང་ཡང་གསེར་རྟ་ནས་ལོ་ཤས་འདུག་མྱོང་ཡོད། ༧ཆོས་རྗེ་མཆོག་གིས་སྤྲུལ་སྐུ་ཚོར་བཀའ་བཀྱོན་དང་དགག་པ་མང་པོ་བསྐྱོན་གནང་བ་གོ་མྱོང་། ཁོང་ལ་ཡང་སྤྲུལ་སྐུ་ཟེར་བ་མེད་ཅེས་ཞལ་ནས་དངོས་སུ་གསུངས་པ་ང་རང་གིས་གོ་མྱོང་། ཡང་ག་ཤེད་ཅིག་ན་མཁན་ཆེན་གྱི་ཡང་སྲིད་ཡིན་ཟེར་མཁན་འདྲ་ཡོད་པ་འདྲ། དེའི་གནས་ཚུལ་གསལ་བོ་འདིར་བཀོད་ཐུབ་ན་བཀའ་དྲིན་ཆེ།
༧ མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་སྤྲུལ་སྐུ་ད་ལྟ་བསྟན་པར་བྱ་བ་བྱེད་བཞིན་པའི་མ་འདས་སྤྲུལ་སྐུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཡིན།
ང་ནི་ཆོས་རྒྱུད་གང་ཡིན་ལ་མ་ལྟོས་བར་བླ་མ་སྤྲུལ་སྐུ་ལ་ཡིད་ཆེ་དེ་ཙམ་མེད་མཁན་ཞིག་ཡིན། དགའ་ལྡན་ཁྲི་བ་ནང་བཞིན་རང་ངོས་ནས་སྦྱང་བའི་ཡོན་ཏན་ལ་བརྟེན་ནས་ཡར་འགྲོ་མཁན་ལ་སེམས་པ་ཕྱོགས། དེ་ནི་དགེ་ལུགས་པ་ལ་ཕྱོགས་པའི་སྐད་ཆ་རྩ་བ་ནས་མིན།