༧འཛམ་གླིང་ཞི་བདེའི་དེད་དཔོན་༧གངས་ཅན་འགྲོ་བའི་མགོན་པོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་མཆོག་ལ་བསྟོད་པ་དྲི་མེད་སེམས་ཀྱི་མཆོད་སྤྲིན།
ཨོ་རྒྱན་ཉི་མ།
མཚན་དཔེའི་ལང་ཚོ་འབུམ་གྱིས་རབ་མཛེས་མཐོང་ན་མི་མཐུན་མེད་པའི་སྐུ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་དབྱངས་སྐལ་ལྡན་སྐྱེ་བོའི་རྣ་བར་འཇེབས།།
དུས་གསུམ་སྒྲིབ་མེད་མཁྱེན་པའི་སྟོབས་བཅུས་གདུལ་བྱའི་རྒྱུད་ཚོད་སྣ་ཚོཊ་གཟིཊ།།
ས་གསུམ་འདི་ན་མཚུངས་ཟླ་བྲལ་བ་དོན་ཀུན་གྲུབ་པས་དགེ་ལེགས་སྩོལ།།
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་གསང་གསུམ་གར།།
འཕགས་བོད་རིག་འཛིན་བྱེ་བའི་ཚོགས་ཀྱིས་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་བཀོད།།
བགྲང་ཡས་ཐེག་པའི་གདུལ་ཞིང་མ་ལུས་མ་འབད་ངང་གིས་ཁྱེད་ལ་ཕྱོགས།།
འཁོར་འདས་གཉིས་ཀྱི་ལམ་མཁན་ཆེན་པོ་ཨོ་རྒྱན་ཆོས་རྗེ་རྒྱལ་གྱུར་ཅིག །
བྱམས་བརྩེ་ཐུགས་རྗེའི་གཏེར་ཆེན་འཆང་བའི་སྙིང་རྗེ་རང་གཟུགས་མིག་མི་ཟུམ།།
སྲིད་འདིར་འཕྱན་པའི་སྐྱེ་འགྲོ་ཡོངས་ལ་ཟབ་རྒྱས་ཆོས་ཚུལ་སྣ་ཚོགས་ཀྱིས།།
ཐར་བའི་སྒོ་འརྒྱ་འབྱེད་པའི་མཐུ་ཐོབ་སྲིད་འདིའི་དབང་ཕྱུག་ཆེན་པོ་དེར།།
དུས་རྣམ་ཀུན་ཏུ་གསོལ་བ་འདེབས་སོ་མོས་པའི་བུ་ལ་བྱིན་གྱིས་རློབས།།
ཆོས་གོས་རྣམ་གསུམ་སྐུ་ལ་མཛེས་ཤིང་སྡེ་སྣོད་རྒྱ་མཚོ་མགུལ་དུ་བརྒྱན།།
བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཕྱུག་པས་སྤངས་རྟོགས་ཡོན་ཏན་མ་ལུས་རྫོགས།།
ཤར་ནུབ་སྐྱེ་བོའི་ཡིད་དབང་འཕྲོག་པའི་བསྟོད་བསྔགས་མེ་ཏོག་ནམ་ཡང་འཐོར། །
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡིད་མཁར་གཏན་དུ་འཛུམ་གྱུར་ཅིག །
འཕགས་པའི་ཡུལ་དུ་གྲགས་པ་འབར་བའི་གྲུབ་ཆེན་རྒྱན་དྲུག་མཆོག་གཉིས་དང་།།
གངས་ཅན་པ་ཡི་ས་བླར་སོན་པའི་རྗེ་འབངས་འཇམ་དབྱངས་རྣམ་གསུམ་གྱི།།
མཛད་འཕྲིན་མ་ལུས་གཅིག་ཏུ་སྤུངས་ཀྱང་ཁྱེད་ཀྱི་རྣམ་ཐར་ཆ་ཤས་ཙམ།།
བསྒྲུན་ནུས་བྲལ་བའི་ཤེས་བྱ་ཀུན་མཁྱེན་འཇམ་པའི་དབྱངས་དངོས་རྒྱལ་གྱུར་ཅིག །
མདོ་སྔགས་མ་ལུས་ཐུགས་སུ་ཆུད་པས་འཆད་པ་དབྱིག་གཉེན་ཉིད་ལ་འགྲན།།
རྟོག་གེའི་གཏན་ཚིག་ཞལ་ལ་བྱང་བས་རྩོད་པ་ཆོས་གྲགས་ཉིད་དང་མཚུངས།།
ཐུན་མོང་ཐུན་མིན་རིག་གནས་ཀུན་མཁྱེན་རྩོམ་པ་ཀླུ་སྒྲུབ་ཉིད་ལ་བསྒྲུན།།
ཆེ་དགུའི་རལ་པ་མདུན་སར་བརྡལ་བའི་རྣམ་འདྲེན་ལྔ་པ་ཁྱེད་མིན་སུ།།
ཞལ་གྱི་འཛུམ་མདངས་ངོམ་ཐེངས་རེ་ལ་ཁྲི་ཕྲག་སྐྱེ་བོས་བསྟོད་དབྱངས་སྒྲོག །
གསུང་གི་དབུགས་དབྱུང་གནང་བ་ཙམ་ནས་མཁས་བླུན་ཕལ་གྱི་བློ་ཡིད་འགུགས།།
རིས་མེད་འགྲོ་ལ་བྱམས་བརྩེས་བསྐྱངས་པས་ཞི་བདེའི་དེད་དཔོན་མཚན་སྙན་བཞེས།།
བོད་ཀྱི་སྲོག་སྙིང་འདྲེན་མཆོག་བླ་མ་སྐུ་ཚེ་བསྐལ་བརྒྱར་བརྟན་གྱུར་ཅིག །
རིས་མེད་ཆོས་བརྒྱུད་བསྟན་པའི་སྲོག་རྩ་བཤད་པའི་འཁོར་ལོ་འཕྲུལ་གྱིས་བཙུགས།།
རིམ་གཉིས་ལྟ་བའི་ལ་ཤན་འབྱེད་པའི་སྒྲུབ་པའི་རྒྱལ་མཚན་ཕྱོགས་མེད་འཛིན།།
གདུལ་བྱའི་ཁམས་དབང་མོས་པ་མཁྱེན་པའི་འཕྲིན་ལས་རྣམ་བཞིའི་འཇུག་པ་ཅན།།
སྲིད་ཞིའི་ཁྱོན་ན་འགྲན་ཟླ་ཀུན་བྲལ་སངས་རྒྱས་གཉིས་པ་རྒྱལ་གྱུར་ཅིག །
ཆོས་སྲིད་གཉིས་ཀྱི་དབུ་འཕངས་མཐོ་ཡང་རྩ་བའི་བླ་མ་གཙུག་ཏུ་བཀུར།།
ཚད་ལྡན་མཁས་གྲུབ་གསུང་གི་བདུད་རྩི་ངོམས་པ་མེད་པར་ཀུན་ནས་བཞེས།།
ཆོས་བརྒྱུད་བཞི་ཡི་གདམས་ངག་མ་ལུས་ཉིད་ཀྱི་ཐུགས་སུ་ཆུད་པ་དང་།།
རིས་མེད་བསྟན་པའི་གཙུག་རྒྱན་ཞེས་པའི་མཚན་གྱི་ཅོད་པན་ཀུན་གྱིས་གསོལ།།
ཆབ་སྲིད་ལངས་ཕྱོགས་གཏན་ལ་འབེབ་དུས་ཌོཀ་ཊིར་ཨམ་བཱེ་ཀ་དང་མཚུངས།།
འཚེ་མེད་ཞི་བའི་ལམ་སྲོལ་འབྱེད་དུས་མེས་པོ་གྷན་དཱི་དམ་པ་ལྟར།།
དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་དུས་ཧྥེ་གླིང་མཎ་ཌལ་ལ་ལས་ལྷག །
ཞུམ་མེད་དམ་བཅའི་ཁུར་ཆེན་བཞེས་པའི་སྐྱེས་བུ་ཁྱོད་ནི་བྱང་སེམས་དངོས།།
རྒྱང་ནས་བལྟས་ན་འཁོར་ལོའི་བསྒྱུར་ལྟར་མཚན་དང་སྙན་གྲགས་འབྲུག་ལྟར་ལྡིར།།
འཁོར་དང་ཡང་འཁོར་བྱེ་བའི་ཚོགས་ཀྱིས་ཁྱེད་ཀྱི་ཞབས་ལ་གུས་ཕྱག་ཕུལ།།
དངོས་སུ་མཇལ་དུས་དགེ་སྦྱོང་ཉམ་ཆུང་བཞུགས་གདན་རྙིང་རལ་ཞིག་གི་སྟེང་།།
བཅོས་མིན་ཞལ་ལ་འཛུམ་པའི་མདངས་ལྡན་གནས་བརྟན་ཆེན་པོ་གུས་པས་བསྟོད།།
འཆི་མེད་མགོན་པོ་ཚེ་མཐའ་ཡས་དང་ཚེ་དབང་ཡིད་བཞིན་འཁོར་ལོ་སོགས།།
བསྟན་དང་བསྟན་འཛིན་སྐྱོང་བར་བཞེད་པའི་ཆོས་སྐྱོང་ཆེན་པོ་རྣམས་ཀྱིས་ཀྱང་།།
མཁས་གྲུབ་དམ་པའི་སྐུ་ཚེ་བསྲིང་ཞིང་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར།།
གོང་ནས་གོང་དུ་འཕེལ་བར་འགྱུར་བའི་མཐུ་དཔུང་དམ་པ་ཉིད་གྱུར་ཅིག །
མགོན་པོ་ཉིད་ཀྱི་སྐྱབས་འོག་གྱུར་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་དང་།།
དད་དམ་གཙང་མའི་དམ་བཅའ་བརྟན་པའི་ཞལ་སློབ་ཡང་སློབ་ཐམས་ཅད་ཀྱི།།
རེ་བའི་མིག་ཟུང་ཉིད་ལ་ཅེར་ཞིང་མཆི་མས་བརླན་པའི་གདོང་དེ་ཡང་།།
དུས་རྣམ་ཀུན་ཏུ་བསྙེལ་བ་མེད་པར་ཐུགས་ཀྱི་རྒྱན་དུ་འཆངས་ཤིག་ཀྱེ།།
སྐྱེས་དང་སྐྱེ་བའི་འཕྲེང་བ་ཀུན་དུ་མགོན་པོ་ཁྱེད་ཀྱི་རྗེས་སྙེགས་ཤིང་།།
རླབས་ཆེན་ཐུགས་ཀྱི་བཞེད་དགོངས་སྒྲུབ་པའི་བསྟན་པའི་དེད་དཔོན་ཉིད་གྱུར་ནས།།
སྡུག་བསྔལ་གསུམ་གྱི་གཞན་དབང་གྱུར་པའི་རིས་མེད་འགྲོ་ལ་བྱམས་བརྩེ་ཡིས།།
དམ་པའི་ཆོས་ཀྱི་ཆར་ཆེན་འབེབས་པའི་མཐུ་ནུས་ཁོང་ནས་བཞད་གྱུར་ཅིག །
ཅེས་པ་འདི་ནི་རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས་མགོན་པོ་མཆོག་གི་འཁྲུངས་སྐར་ལ་སྐུ་ཚེ་བརྟན་པ་དང་། མཛད་འཕྲིན་གོང་ནས་གོང་དུ་འཕེལ་བའི་རེ་འདུན་ཉག་གཅིག་བཅས་སྤྱི་ལོ་༢༠༡༣ ཟླ་བ་༧ ཚེས་༢ ཀྱི་ཕྱི་དྲོར་ཤར་མར་བྲིས་པའོ།།
སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེས་ཡག་པོ་གསུངས་འདུག དེ་དེ་བཞིན་དུ་འགྲུབ་པར་ཤོག
ཨོ་རྒྱན་ཉི་མས་མཆོད་བསྟོད་ཡག་པོ་བྲིས་འདུག ངོ་སོ་བསྟོད། མི་བུའི་ཁ་ཕྱོགས་དང་ལངས་ཕྱོགས་ཀྱང་ཀུན་ནས་འགྲིག་འདུག རྩོམ་གྱི་ཁ་བྱང་ནི་རིང་དྲགས་པའི་ཚོར་སྣང་བྱུང་།
ཡག་པོ་དང་སྙན་པོ་འདུག
ཡིན་ན་ཡང་ཁ་ནས་བཤད་པས་མི་ཆོག
ཚིག་ཐོག་ནས་འདུག
ངོ་མ་ཡག་པོ་བྲིས་འདུག་བཀའ་དྲིན་ཆེ་ཨ་།
རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས། བསྟོད་པ་དྲི་མེད་སེམས་ཀྱི་མཆོད་སྤྲིནམཐོང་བ་དོན་ལྡན་ཅིག་བྲིས་འདུག
རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས། ཐར་བའི་སྒོ་འརྒྱ་འབྱེད་པའི་མཐུ་ཐོབ་་་་་ དང་། ་་་ངོམ་ཐེངས་རེ་ལ་ཁྲི་ཕྲག་སྐྱེ་བོས་བསྟོད་དབྱངས་སྒྲོག །ཅེས་པའི་ཐར་བ་འདི་ཐར་པར་འབྲི་དགོས་པ་དང་། སྒྲོག་འདི་སྒྲོགས་ལ་འབྲི་དགོས་པར་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཐུགས་བཞེད་དང་རྩ་བ་ཉིད་ནས་མཐུན་མ་སོང་གདའ།
རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས། མཁས་པ་ཡིན་ན་མདོ་ཁམས་པ་ཡིན་པས་ཁྱབ་ཟེར་མཁན་ཅིག་ཀྱང་ཡིན་ནམ། ལགས།
རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས། ་་་་་ཁོང་ནས་བཞད་གྱུར་ཅིག །ཁོང་ལ་ཡང་འཇུག་ས་ཆད་ནས་ཁོངས་མིན་ནམ་སྙམ་ལགས།
གང་ལྟར་ཡང་རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས། སྤེལ་བའི་ཚིག་དོན་ལྟར་༸མགོན་པོ་མཆོག་གི་༸སྐུ་ཚེ་ཡུན་བརྟན་ཤོག །
༧གོང་ས་སྐྱབས་མགོན་ཆེན་མོའི་སྐུ་ཚེ་སྐལ་རྒྱར་བརྟན་པར་ཤོག་།།
སྐུ་ཡི་མཚན་དཔེ་མཐོང་བ་དོན་ལྡན། །
གསུང་གི་སྙན་འཇེབས་ཡིན་ཀུན་འཕྲོག་ལྡན། །
ཐུགས་ཀྱི་དཀྱེལ་ཡངས་ནམ་མཁའི་མཐའ་ལྡན། །
སྐུ་གསུང་ཐུགས་འཕྲིན་ཡར་འགྲོ་རྒྱས་ལྡན། །
ལྡན་ལྡན་བཞི་ལྡན་སྐུ་ཚེ་རིང་ལྡན། །ཤོག །
ཟླ་མེད་སྟོན་པ་སྨྲ་བའི་སེངྒེ་ཡིས། །
ལེགས་གདམས་འགོག་ལམ་དམ་ཆོས་རིན་མཆོག །
ས་སྟེང་སྐྱེ་འགྲོ་ཞི་བའི་དཔལ་ཉིད་དུ། །
འདྲེན་བྱེད་མཆོག་ཏུ་འདོམས་མཁས་༸མགོན་དེ་རྒྱལ། །
བོད་ཀྱི་སྙན་ཚིག་རྩོམ་པར་འཇུག་པ་ཡངས་པ་ཨོ་རྒྱན་ཉི་མ་མཆོག་ལ་མངོན་བསྟོད་ཞུ།
ཀ་རྡོ་གཉེར་ཕྱག་མཆོག་གིས་གསུངས་པ་ལྟར་མིང་ཚིག་རེ་ཟུང་གི་་དག་ཆ་བོད་སྤྱིའི་འགྲོ་སྟངས་དང་མི་མཐུན།
འོན་ཀྱང་མཁས་དབང་མཆོག་ལ་དྲི་བ་འགའ་རེ་ཞུ་བར་འདོད།
གངས་ཅན་པ་ཡི་ས་བླར་སོན་པའི་རྗེ་འབངས་འཇམ་དབྱངས་རྣམ་གསུམ་གྱི།།
འདི་ན་གསལ་བའི་འཇམ་དབྱངས་རྣམ་གསུམ་གྱི་ངོ་སྤྲོད་མདོར་བསྡུས་དང་། བོད་ཀྱི་མཁས་པའི་གཙུག་རྒྱན་དེ་གསུམ་ལ་འཇམ་དབྱངས་རྣམ་གསུམ་གགོལ་དགོས་པའི་རྒྱུ་མཚན་དང་། དེ་ལྟར་ཐོག་མའི་གསོལ་བ་པོ་དེ་སུ་ཡིན་པ་གསུང་ན། ཁྱེད་ལ་མགུ་བ་སྙིང་ནས་སྐྱེད་དགོས་ལགས། ཞེས་དང།
མདོ་སྔགས་མ་ལུས་ཐུགས་སུ་ཆུད་པས་འཆད་པ་དབྱིག་གཉེན་ཉིད་ལ་འགྲན།།
མཛོད་རྩ་རང་འགྲེལ་དང་། རྣམ་རིག་ཙམ་དུ་གྲུབ་པ་ཉི་ཤུ་པ་དང་།་ སུམ་ཅུ་པའི་ཚིག་ལེའུར་བྱས་པ་སོགས་མདོ་ཕྱོགས་ཀྱི་དཔེ་ཆ་འགའ་ཞིག་མཇལ་མྱོང་ཡང་། ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སྔགས་ཀྱི་དཔེ་ཆ་ཞིག་བདག་གིས་མཇལ་མྱོང་མེད། སློབ་དཔོན་འདི་ཡིས་མཛད་པའི་སྔགས་ཀྱི་གཞུང་འདི་དང་འདི་ཞེས་བསྟན་ན། བདག་ཙམ་དུ་མ་ཟད་ཁ་བརྡའི་ཀློབ་པོ་གཞན་ལ་ཡང་ཕན་ངེས།
ཞེས་དང་།
ཆེ་དགུའི་རལ་པ་མདུན་སར་བརྡལ་བའི་རྣམ་འདྲེན་ལྔ་པ་ཁྱེད་མིན་སུ།།
མདུན་ས་དང་། འདུན་ས། ཞེས་པ་གཉིས་ལ་གོ་དོན་སོ་སོ་ཡོད་པ་ལ་བཤད་པ་རེ་གསུང་གྲོགས་ཞུ་བ་ལགས་སོ།
བསྟོད་འོས་སྐྱེས་བུ་དམ་པར་བསྔགས་བརྗོད་ཀྱི་རོལ་མོ་དཀྲོོལ་བ་ནི་འཇིག་རྟེན་ཡ་རབས་ཀྱི་ལུགས་དང་མཐུན་ལ་བསོད་ནམས་ཀྱི་བྱ་བ་ལགས་པས་གུས་པས་མགྲིན་པ་གཟེངས་སུ་གཏོད་དེ་དེ་དེ་བཞིན་ནོ་ཞེས་ཞུའོ།།
༸གོང་ས་མཆོག་ནི།
༸ཤྰཀྱ་ཐུབ་པའི་རྗེས་འབྲང། །
༸མགོན་པོ་ཀླུ་སྒྲུབ་གདུང་ཚབ། །
༸འཇམ་དབྱངས་རྣམ་གསུམ་གཅིག་བསྡུས། །
༸སྤྱན་རས་གཟིགས་དབང་ཁྱེད་ཉིད། །
༸སྐུ་ཚེ་ཚེ་ལྷ་རྣམ་གསུམ། །
ཐུགས་ཀྱི་དཀྱིལ་དུ་འཇོག་མཛོད། །
དེ་རིང་སྤྲུལ་སྐུ་ཨོ་རྒྱན་ཉི་མའི་མྱི་སྐད་རྒྱག་པ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་་་་་་་
རྣམ་གསུམ་གགོལ་དགོས་པའི་རྒྱུ་མཚན་དང་། ཞེས་པར་རྣམ་གསུམ་གསོལ་དགོས་པའི་རྒྱུ་མཚན་དང་། ཞེས་དང་། ཁ་བརྡའི་ཀློབ་པོ། ཞེས་པར་ཁ་བརྡའི་ཀློག་པ་པོ། ཞེས་བཅོས་སོ།
་སྐུ་ཚེ་རིང་ལྡན། །ཤོག །
ཅེས་པའི་ཐར་བ་འདི་ཐར་པར་འབྲི་དགོས་པ་དང་།
ཟེར་
༥༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༡༩ སྐར་མ་ ༤༥
ཁྱེད་ཀྱིས་རྒྱབ་བསྐྱོར་གནང་བར་ཐུགས་རྗེ་ཆེ།
༼ཐར་བའི་སྒོ་འརྒྱ་འབྱེད་པའི་མཐུ་ཐོབ་་་་་ དང་། ་་་ངོམ་ཐེངས་རེ་ལ་ཁྲི་ཕྲག་སྐྱེ་བོས་བསྟོད་དབྱངས་སྒྲོག །ཅེས་པའི་ཐར་བ་འདི་ཐར་པར་འབྲི་དགོས་པ་དང་། སྒྲོག་འདི་སྒྲོགས་ལ་འབྲི་དགོས་པར་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཐུགས་བཞེད་དང་རྩ་བ་ཉིད་ནས་མཐུན་མ་སོང་གདའ། ༽ ཐར་བ་ཞེས་པ་ཞེས་པའི་བ་དང་པ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་མི་འདུག་བསྙམ། པ་དང་བ་གཉིས་འགའ་ཞིག་ནི་རྟགས་མཚུངས་འདྲེན་པ་དང་། འགའ་ཞིག་ནི་བརྗོད་བདེ་འདྲེན་པའི་དབང་དུ་བྱས་ཏེ་འབྲི་ན་འགྲིགས་པར་སེམས། སྒྲོག་ལ་སྒྲོགས་འབྲིས་དགོས་ཞེས་པ་ལ་དགོས་པ་ཆེན་པོ་ཞིག་མ་མཐོང་། སྒྲོག་ནི་ད་ལྟ་བའི་བྱ་ཚིག་རེད། སྒྲོགས་ནི་བསྐུལ་ཚིག་རེད། ངས་འདིར་སྒྲོག་བཞིན་པའི་དོན་དུ་བཀོད་པ་ཡིན།
༼མཁས་པ་ཡིན་ན་མདོ་ཁམས་པ་ཡིན་པས་ཁྱབ་ཟེར་མཁན་ཅིག་ཀྱང་ཡིན་ནམ། ལགས།༽ འདི་ནི་འབྲེལ་མེད་ཀྱི་སྐད་ཆ་ཞིག་རེད། ངས་དེ་འདྲ་ཞིག་རྩ་བ་ནས་བཤད་མེད།
༼་་ཁོང་ནས་བཞད་གྱུར་ཅིག །ཁོང་ལ་ཡང་འཇུག་ས་ཆད་ནས་ཁོངས་མིན་ནམ་སྙམ་ལགས།༽ངས་འདིར་བྲིས་པའི་ཁོང་ནས་ཞེས་པ་སེམས་ཁོང་ནས་སྤོབས་པ་དང་། ཤེས་རབ་འཕེལ་བའི་དོན་ལ་གོ་བ་ལས། ཁོངས་སུ་གཏོགས་པ་དང་། སྣོད་བཅུད་ཀྱིས་ཁོངས་ཞེས་པའི་བསྐུལ་ཚིག་མིན་པས་ནོར་བ་མི་འདུག་བསྙམ།
༼གང་ལྟར་ཡང་རིས་མེད་མཁས་གྲུབ་དམ་པའི་ཞབས་རྡུལ་ལེན་པའི་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཉི་མ་འབོད་པས། སྤེལ་བའི་ཚིག་དོན་ལྟར་༸མགོན་པོ་མཆོག་གི་༸སྐུ་ཚེ་ཡུན་བརྟན་ཤོག ། ༽ ཐུགས་རྗེ་ཆེ།
༩༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣ གི་ཆུ་ཚོད་ ༢༣ སྐར་མ་ ༣༨
༼བོད་ཀྱི་སྙན་ཚིག་རྩོམ་པར་འཇུག་པ་ཡངས་པ་ཨོ་རྒྱན་ཉི་མ་མཆོག་ལ་མངོན་བསྟོད་ཞུ།༽ ཐུགས་རྗེ་ཆེ།
༼ཀ་རྡོ་གཉེར་ཕྱག་མཆོག་གིས་གསུངས་པ་ལྟར་མིང་ཚིག་རེ་ཟུང་གི་་དག་ཆ་བོད་སྤྱིའི་འགྲོ་སྟངས་དང་མི་མཐུན།༽ བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མཐུན་མིན་ལ་གཞིགས་ཏེ་སྨྲ་དགོས་པ་ལས། ཆོལ་གསུམ་རེ་རེའི་སྒྲ་གདང་མི་མཐུན་པ་ཙམ་གྱིས་ཁུངས་སྐྱེལ་ཐུབ་པ་ཁག་པོ་རེད།
༼འོན་ཀྱང་མཁས་དབང་མཆོག་ལ་དྲི་བ་འགའ་རེ་ཞུ་བར་འདོད།༽ འདི་ནི་དོན་དང་མི་མཐུན་པའི་གཏམ་ཞིག་མཆིས་མོད། ང་སོ་སོ་སྐྱེ་བོ་ཡིན་དུས་རྩ་ནས་གཏམ་འདི་མཐོང་ན་སེམས་ལ་མངར་ཁ་ལྡན་པའི་ཚོར་བ་ཞིག་ཀྱང་བྱུང་། ཧཧཧཧཧ
༼གངས་ཅན་པ་ཡི་ས་བླར་སོན་པའི་རྗེ་འབངས་འཇམ་དབྱངས་རྣམ་གསུམ་གྱི། །འདི་ན་གསལ་བའི་འཇམ་དབྱངས་རྣམ་གསུམ་གྱི་ངོ་སྤྲོད་མདོར་བསྡུས་དང་། བོད་ཀྱི་མཁས་པའི་གཙུག་རྒྱན་དེ་གསུམ་ལ་འཇམ་དབྱངས་རྣམ་གསུམ་གགོལ་དགོས་པའི་རྒྱུ་མཚན་དང་། དེ་ལྟར་ཐོག་མའི་གསོལ་བ་པོ་དེ་སུ་ཡིན་པ་གསུང་ན། ཁྱེད་ལ་མགུ་བ་སྙིང་ནས་སྐྱེད་དགོས་ལགས། ཞེས་དང།༽ གངས་ལྗོངས་འཇམ་དབྱངས་རྣམ་གསུམ་ས་སྐྱ་པཎ་ཆེན་དང་། ཀློང་ཆེན་པ། རྗེ་ཙོང་བ་གསུམ་རེད། ཁོང་གསུམ་ལ་འཇམ་དབྱངས་རྣམ་གསུམ་གསོལ་དགོས་པའི་རྒྱུ་མཚན་དེ་ཁོང་གསུམ་གྱི་མཁྱེན་རབ་ལ་བསྡུར་ནུས་མཁན་དཀོན་པས་རེད། དེ་གསུམ་གྱི་མཚན་དེ་སུས་ཕུལ་བ་དང་། དུས་ཚོད་གང་ལ་བྱུང་ཡོད་མེད་མ་ངེས།
༼མདོ་སྔགས་མ་ལུས་ཐུགས་སུ་ཆུད་པས་འཆད་པ་དབྱིག་གཉེན་ཉིད་ལ་འགྲན།། མཛོད་རྩ་རང་འགྲེལ་དང་། རྣམ་རིག་ཙམ་དུ་གྲུབ་པ་ཉི་ཤུ་པ་དང་།་ སུམ་ཅུ་པའི་ཚིག་ལེའུར་བྱས་པ་སོགས་མདོ་ཕྱོགས་ཀྱི་དཔེ་ཆ་འགའ་ཞིག་མཇལ་མྱོང་ཡང་། ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སྔགས་ཀྱི་དཔེ་ཆ་ཞིག་བདག་གིས་མཇལ་མྱོང་མེད། སློབ་དཔོན་འདི་ཡིས་མཛད་པའི་སྔགས་ཀྱི་གཞུང་འདི་དང་འདི་ཞེས་བསྟན་ན། བདག་ཙམ་དུ་མ་ཟད་ཁ་བརྡའི་ཀློབ་པོ་གཞན་ལ་ཡང་ཕན་ངེས།༽ ཁོང་གིས་མཛད་པའི་སྔགས་དཔེ་ཡོད་མེད་ད་ལྟ་ཞུ་རྒྱུ་མེད། རེད་དེ་ཁོང་དང་པོ་མདོ་སྡེ་པའི་ལུགས་ཁོ་ན་གཙིགས་སུ་འཛིན་མཁན་ཞིག་དང་། རྗེས་ནས་རྣམ་རིག་སྨྲ་བའི་སློབ་དཔོན་དུ་གྱུར་བ་རེད། དེ་ཕྱིར་སྔགས་འཆད་སྤེལ་གནང་ཡོད་མ་རེད་ཅེས་སུ་གཅིག་གིས་ཁ་ཚོན་གཅོད་པ་ཁག་པོ་རེད། གལ་སྲིད་མེད་པའི་དབང་དུ་བཏང་རུང་སྟོན་པ་དགོངས་པ་གཞི་དབྱིངས་སུ་དེངས་པའི་རྗེས་སུ་དབྱིག་གཉེན་ཁོང་གིས་མཛད་པའི་དམ་པའི་ཆོས་མངོན་པ་མཛོད་ལ་དཔག་ན་ཕུང་ཁམས་སྐྱེ་མཆེད་དང་། གནས་དང་གནས་མིན། སྤང་བྱ་དང་། གཉེན་པོའི་ཆོས་ཚུལ་མ་ལུས་ཞིབ་ཅིང་ཕྲ་བ་གནད་འདུས་ལ། ཚིག་ཚོགས་ཉུང་བ་འཆད་པ་ལ་ཁོང་ལས་ལྷག་པ་ཞིག་དཀོན་པར་མཐོང་། དེ་ཕྱིར་ཁོང་གིས་འཆད་མ་ཐུབ་པའི་ཤེས་བྱ་ཞིག་ཡོད་པར་མི་སེམས་སོ། །ཁོང་གིས་མཛད་པའི་སྔགས་དཔེ་ཡོད་མེད་གཟིགས་ཞིབ་གནང་རོགས།
༼ཆེ་དགུའི་རལ་པ་མདུན་སར་བརྡལ་བའི་རྣམ་འདྲེན་ལྔ་པ་ཁྱེད་མིན་སུ།། མདུན་ས་དང་། འདུན་ས། ཞེས་པ་གཉིས་ལ་གོ་དོན་སོ་སོ་ཡོད་པ་ལ་བཤད་པ་རེ་གསུང་གྲོགས་ཞུ་བ་ལགས་སོ།༽ འདུན་ས་ཞེས་པ་ནི་རྒྱལ་བློན་འདུས་ཏེ་གྲོས་བྱེད་སའི་ཚོགས་ཁང་ལ་གོ་རུང་ཡང་། ཁོ་བོས་བྲིས་པའི་མདུན་ནི་གོང་ས་མཆོག་གི་མདུན་གྱི་དལ་ལམ་ས་ལ་གོ་དགོས་ཀྱི་ཡོད། ཐུགས་རྗེ་ཆེ།
རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ།།
་་་་་་ གངས་ལྗོངས་འཇམ་དབྱངས་རྣམ་གསུམ་ས་སྐྱ་པཎ་ཆེན་དང་། ཀློང་ཆེན་པ། རྗེ་ཙོང་བ་གསུམ་རེད། ཁོང་གསུམ་ལ་འཇམ་དབྱངས་རྣམ་གསུམ་གསོལ་དགོས་པའི་རྒྱུ་མཚན་དེ་ཁོང་གསུམ་གྱི་མཁྱེན་རབ་ལ་བསྡུར་ནུས་མཁན་དཀོན་པས་རེད། དེ་གསུམ་གྱི་མཚན་དེ་སུས་ཕུལ་བ་དང་། དུས་ཚོད་གང་ལ་བྱུང་ཡོད་མེད་མ་ངེས། ་་་་ཟེར།
ཨོ་རྒྱན་ཉི་མ་མཆོག་གིས་ལན་གསལ་པོར་སྐྱོན་པར་དགའ་བ་བྱུང་།
བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མཐུན་མིན་ལ་གཞིགས་ཏེ་སྨྲ་དགོས་པ་ལས། ཆོལ་གསུམ་རེ་རེའི་སྒྲ་གདང་མི་མཐུན་པ་ཙམ་གྱིས་ཁུངས་སྐྱེལ་ཐུབ་པ་ཁག་པོ་རེད།
ཞེས་ཤིན་ཏུ་འོས་ཤིང་འཚམས་པ་ཞིག་གསུངས་པ་ལྟར་བདེན་པར་བཞེད་པ་ཡིན་ན། འཇམ་དབྱངས་གང་བློ་མ་ན། འབྲུག་ལྟར་ཆེར་སྒྲོགས། ལས་ཀྱི་ལྕགས་སྒྲོག ཅེས་པ་དང་པོ་དེ་བྱ་ཚིག་ཏུ་མཐོང་། གཉིས་པ་དེ་མིང་ཚིག་ཏུ་ཡོད་ཀྱང་། འདི་ཡི་བྱ་ཚིག་ལ། རྐུན་མ་ལྕགས་ཐག་གིས་སྒྲོག ཞེས་བྱ་ཚིག་ཏུ་བཀོལ་མི་ཆོག་གམ། སྐད་ཆེན་པོས་འབོད་པ་ལ་སྒྲོགས། བཀའ་འགྱུར་ན་ཡང་མང་དུ་མཐོང་། བཀའ་བསྟན་སོགས་ནས་བཏུས་པའི་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་གཉིས་ན། རིམ་བཞིན་འདི་ལྟར་བྲིས་ཏེ།
ལྕགས་སྒྲོག་དང་། ཆོས་སྒྲོགས་པ་དང་། ཞེས་དང་། ཆོས་སྒྲ་སྒྲོགས། ཞེས་སོགས་ལ་ཡིད་བརྟོན་ཏེ། བདག་གིས་ནི་སྒྲོག་དང་། སྒྲོགས་ཀྱི་ཁྱད་པར་ས་ཡང་འཇུག་ཡོད་མེད་ཀྱིས་བྱེད་དོ།
བོད་མི་ཡིན་པའི་འཇམ་དབྱངས་རྣམ་གསུམ་ཡོད་ན། སྤྱན་རས་གཟིག་རྣམ་གསུམ་དང་། ཕྱག་ན་རྡོ་རྗེ་རྣམ་གསུམ་མེད་པ་གང་ཡིན་ནམ། ཡོད་ན་སུ་དང་སུ་རེད། ལགས།
སྤྱན་རས་གཟིགས་རྣམ་གསུམ་ནང་ལ། སྲོང་བཙན་སྒམ་པོ། རྒྱལ་བ་འབྲོམ་སྟོན་པ། རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་ཞེས་གྲངས་ཆོག་གམ་མི་ཆོག ལགས།
གཉེར་ཕྱག་པ་མི་འགྲིགས་རྒྱུ་ཡོད་རྒྱུ་མ་རེད། ལ་དྭགས་པས་འཇམ་བསྟོད་ནང་གི་སྒྲོགས་དེ་འདི་ལྟར་བྲིས་ཡོད་ན་བསྐུལ་ཚིག་ཡིན་རྒྱུ་རེད། བྱ་ཚིག་མིང་ལ་སོང་བ་ཡིན་ན་ཕལ་ཆེ་བ་ད་ལྟ་བའི་བྱ་ཚིག་ལས། འདས་མ་འོངས་གཉིས་དཀོན་པོ་རེད། དག་ཡིག་ཁག་གི་ནང་དུ་ཡིག་ནོར་ཤོར་བ་ཡང་ཡོད་སྲིད་པ་རེད། ཆོས་སྒྲ་སྒྲོགས་ལ་བས་འཕུལ་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ གི་ཆུ་ཚོད་ ༡༧ སྐར་མ་ ༡༧
གཉེར་ཕྱག་པ་མི་འགྲིགས་རྒྱུ་ཡོད་རྒྱུ་མ་རེད། ལ་དྭགས་པས་འཇམ་བསྟོད་ནང་གི་སྒྲོགས་དེ་འདི་ལྟར་བྲིས་ཡོད་ན་བསྐུལ་ཚིག་ཡིན་རྒྱུ་རེད། བྱ་ཚིག་མིང་ལ་སོང་བ་ཡིན་ན་ཕལ་ཆེ་བ་ད་ལྟ་བའི་བྱ་ཚིག་ལས། འདས་མ་འོངས་གཉིས་དཀོན་པོ་རེད། དག་ཡིག་ཁག་གི་ནང་དུ་ཡིག་ནོར་ཤོར་བ་ཡང་ཡོད་སྲིད་པ་རེད། ཆོས་སྒྲ་སྒྲོགས་ལ་བས་འཕུལ་མེད་པར་ཡང་འཇུག་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།།
བཅོས།
ཨོ་རྒྱན་ཉི་མ་མཆོག་གིས་༧གོང་སའི་བསྟོད་པ་ལ་མངོན་པར་བསྟོད་དོ།
བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།
ཨོ་རྒྱན་ཉི་མ་མཆོག་གིས་འདི་ལྟར་བྲིས་ཏེ།
“ཆོས་སྒྲ་སྒྲོགས་ལ་བས་འཕུལ་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།། ཞེས་དང་། ཆོས་སྒྲ་སྒྲོགས་ལ་བས་འཕུལ་མེད་པར་ཡང་འཇུག་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།།”
རྒྱ་ཆེར་རོལ་པ། ལ་དྭགས་ཏོག་མཁར་བྲིས་མ། མདོ་ཁ་པ། ཤོག་གྲངས་རེ་གཉིས། ཡིག་འཕྲེང་ལྔ་པ་ན།
དགའ་བའི་སྒྲ་སྒྲོགས་མགུ་བའི་ཡིད་དང་ལྡན། ཞེས་དང་།
སྡེ་དགེ་བཀའ་འགྱུར་གྱི། ཆོས་ཡང་དག་པར་སྡུད་པ་ན། ཞ་པའི་ཤོག་གྲངས། གསུམ་པའི་མདུན། ཡིག་འཕྲེང་གཉིས་པ་ན།
འཇམ་ཞིང་སྙན་ལ་ཕན་པར་སྨྲ་བས་ཚངས་པའི་སྒྲ་སྐད་སྒྲོགས་པའི་དབྱངས་ཐོབ་པར་འགྱུར་རོ།
རྟོགས་བརྗོད་བརྒྱ་པ་ལས། གཉིས་པ། གྲགས་ལྡན་མའི་རྟོགས་པ་བརྗོད་པ་ན། སྡེ་དགེ་ཤོག་གྲངས། ༡༠ རྒྱབ་ཤོག་ན། བདག་མེད་པའི་སྒྲ་སྒྲོགས་སོ། ཞེས་སོགས་བཀའ་འགྱུར་དང་།
བསྟན་འགྱུར་ན། འཇམ་དབྱངས་གང་བློ་མར་གྲགས་པ་ན། འབྲུག་ལྟར་ཆེར་སྒྲོགས། ཞེས་པ་སྐུལ་ཚིག་ཡིན་སྨྲ་བ་ནི་བསྟན་བཅོས་ལ་གོ་བ་ལེན་པར་མ་མཛད་པའི་རྟགས་ཏེ། འདིར་འཇམ་དབྱངས་ཀྱི་མཛད་པ་ལ་བསྟོད་དེ། གསལ་དང་། འཛིན་དང་། བརྩེ་དང་། སྒྲོགས་དང་། སྒྲོལ། ཞེས་པ་དག་ད་ལྟ་བའི་བྱ་ཚིག་སྟེ། བྱ་ཚིག་འདི་དག་འཇམ་དབྱངས་ཀྱི་མཛད་ཚུལ་ལ་བསྔགས་པར་བཀོལ།
སྤྱིར་བདག་ལྟ་བུས་འབྲི་བ་ན། དག་ཆ་ནོར་ཡོད་པ་དོན་མི་ཟ་ཡང་། བདག་གིས་བཀོལ་བའི་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་གཉིས་ནི། ཤིན་ཏུ་ནས་དག་པར་མཐོང་།
ཕྱོགས་སྔ་མས། ཆོས་སྒྲ་སྒྲོགས་ལ་བས་འཕུལ་མེད་པར་ཡང་འཇུག་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།། གོང་གསལ་བོད་ཀྱི་མཁས་པའི་སྐད་ལ་ཆ་འཇོག་བྱེད་པ་པོ་བདག་གིས་ལོག་རྟོག་ཏུ་འདོད།
གཞན་ཡང་སྨྲ་དགོས་པ་ཞིག་ལ། རྗེས་འཇུག་ས་དང་འི་ཞེས་པའི་སྒྲ་གཉིས་བོད་ལུང་པ་མང་པོའི་སྐད་དུ་འདྲ་བར་འབོད་པས། འབྲི་བ་ན་ཡང་། ནོར་བར་བྲིས་པ་མང་དུ་མཐོང་། འོག་ཏུ་བཀོད་པ་དེ། ཇི་ལྟར་ཡིན་མིན་ཐག་གཅོད་དཀའ་ཡང་། ཞར་དུ་གཞན་བརྗོད་པ་ཞིག་གི་ཆེད་དུ་བཀོད་ན།
“རྒྱང་ནས་བལྟས་ན་འཁོར་ལོའི་བསྒྱུར་ལྟར་མཚན་དང་སྙན་གྲགས་འབྲུག་ལྟར་ལྡིར།།” འདིར་འཁོར་ལོའི་ཡང་ན། འཁོར་ལོས། མི་ཤེས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ། ལྟ་བུ་ལ་ངེས་པར་དུ། འི་མ་ཡིན་པར་ས་འབྲི་དགོས་པར་སྣང་ངོ་།
“ཆོས་སྒྲ་སྒྲོགས་ལ་བས་འཕུལ་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།། ཞེས་དང་། ཆོས་སྒྲ་སྒྲོགས་ལ་བས་འཕུལ་མེད་པར་ཡང་འཇུག་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།།” སྔ་མ་ནོར་ནས་ཕྱི་མ་དེ་བཅོས་པ་རེད།
དག་ཆ་ནོར་ཡོད་པ་དོན་མི་ཟ་ཡང་། ཞེས་པ་ དག་ཆ་ནོར་ཡོད་པ་གདོན་མི་ཟ་ཡང་། ཞེས་བཅོས་སོ།
ངས་འདི་ཡག་པོ་ཞིག་བྲིས་འདུག་ག་་་་་་ཧཧཧཧཧ