མཛད་པ་པོ། རིན་ཆེན་དྲུག་པ་ཚངས་དབྱངས་རྒྱ་མཚོ།
སྡེ་སྲིད་རིན་པོ་ཆེའི་གསོལ་འདེབས།
བཀའ་གཏེར་གསང་བའི་ལུང་བསྟན་གསལ་པོ་རུ།།
ཀུན་མཁྱེན་ལྔ་པས་ངོས་བཟུང་ཐུབ་དབང་གིས།།
འོད་སྲུངས་གཏོད་༼གཏད༽རབས་བཞིན་དུ་ཆོས་སྲིད་བསྟན།།
ལེགས་བཟུང་གངས་ཅན་བདེར་བཀོད་བཀའ་དྲིན་ཅན།།
བདེ་གཤེགས་དྲི་མེད་རྒྱལ་མཚན་འཛམ་གླིང་འདིར།།
མ་འགགས་ཟླ་བཟང་ཐོགས་མེད་འཕགས་པའི་ཡུལ།།
ལྗོངས་འདིར་མུ་ཁྲི་བཙན་སོགས་ཆོས་ཀྱི་རྒྱལ།།
ལེགས་པའི་ཤེས་རབ་དུས་ཞབས་ནོར་བུ་བཟང་།།
མཆོག་ལྷ་འོད་ཟེར་ལ་སོགས་དམ་པའི་ཚོགས།།
བཟང་བཟང་བག་ཆགས་ཉེར་སད་མི་ཡི་དབང་།།
མང་མང་རིག་པའི་གསལ་མཁས་པཎྚི་ཏ།།
སངས་རྒྱས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།
གོང་གི་གསོལ་འདེབས་འདི་ནི་༼ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ་༧རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་སྐུ་མཚོད། གསོལ་འདེབས་ནི།༽ཞེས་ཁ་བྱང་འོག་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་གསུང་འབུམ་༼ཀ༽པ་རྣམ་གྲྭས་དཔར་མ་ཤོག་ངོས་ ༨ པར་བཞུགས་ཤིང་། གསོལ་འདེབས་འདི་ནི་སྤྱན་རས་གཟིགས་དང་ཆོས་རྒྱལ་སྲོང་བཙན་སྒམ་པོ། ༧རྒྱལ་བ་དགེ་འདུན་གྲུབ་ནས་སྡེ་སྲིད་སངས་རྒྱས་མཚོའི་བར་གྱི་མཚན་སྨོས་ནས་མཛད་པའི་གསོལ་འདེབས་ཤིག་རེད། གསོལ་འདེབས་ཀྱི་མཇུག་བྱང་དུ་༼ཅེས་པ་འདི་ནི་དཔལ་ལྡན་འབྲས་སྤུངས་སྤྱི་སོ་སོགས་ནས་མཆོག་དམན་ཀུན་གྱིས་ངག་འདོན་དུ་བྱས་ཆོག་པ་ཞིག་ཕྱི་ལོ་ནག་ཆུང་ཁྱད་འདི་ལོ་རང་དགོས་ཚུལ་༼༧༥ན༽ནན་གྱིས་བསྐུལ་བ་ལྟར་སྨྱོས་རིགས་ཀྱི་སྡོམ་བརྩོན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོས་ས་ཡོས་སྨིན་དྲུག་ཟླ་བར་སྦྱར་བའོ།།༽ཞེས་གསལ་འདུག་པས། ང་ཚོའི་ཤེས་ཡོན་ཅན་རེ་འགས་སྡེ་སྲིད་རིན་པོ་ཆེ་མཆོག་ལ་རིན་ཆེན་དྲུག་པ་ཚངས་དབྱངས་རྒྱ་མཚོས་གཟིགས་ཚུལ་སྐོར་གྱ་ཚོམ་གྱིས་བྲིས་པ་རྣམས་རང་བཞིན་གྱིས་བོང་བ་དར་ཐོག་ཏུ་དེད་མི་འདུག་གམ། ཁྱེད་ཀྱིས་ལྟོས་ན།
ཁོ་བོས་བརྗོད་གཞི་འདིར་ཡིག་ཚགས་བསགས་ཏེ་ཡུན་རིང་འགོར་ཞིང་། གོང་དྲངས་གསུང་འབུམ་འདིར་མཇལ་བས་འདིའི་ཐད་ཀྱི་ཡིག་ཚགས་རྣམས་རིན་ཆེན་ཚངས་དབྱངས་པ་རང་གིས་གསོན་ཤུགས་ཕྲན་བུ་ཞིག་བསྩལ། གཤམ་དུ་བགྲོ་གླེང་ནང་རིན་ཆེན་དྲུག་པ་ཚངས་དབྱངས་པས་སྡེ་སྲིད་རིན་པོ་ཆེར་གཟིགས་ཚུལ་གྱི་ཚད་ལྡན་ཡིག་ཚང་གཞན་རིམ་འགོད་ཀྱིས་གླེང་སློང་ལ་ཞུགས་འདོད་ཡོད་པས། རིག་པ་སྨྲ་བ་ཚོ་གྲོས་རྭར་གདན་འདྲེན་ཞུ་བ་ཡིན་ནོ།
ཤར་ཕྱོགས་ཁུག་རྟས། ༢༠༡༥། ༡༡། ༢༠། ཉིན།།
མཆན། ༼༧༥ན༽ ཞེས་པས་སྣ་རིང་གསུང་འབུམ་དུ་བཞུགས་པའི་ཆོས་ཚན་གྱི་ཁུངས་སྟོན།
གསོལ་འདེབས་སུ་ཆེད་དུ་སྦྱར་བ་དང་། བསང་ཡིག་ཏུ་བརྩམས་པ་རྣམས་སྐུལ་བ་པོ་གཞན་དང་གཞན་གྱི་ཁམས་དང་མོས་པ་གཙོ་བོར་བྱས་པ་ཞིག་ཡིན་པ་རེད། རྒྱུ་མཚན་དེར་བརྟེན། འབྲི་བ་པོའི་དགོངས་གཞི་ཆགས་ཡོད་པའི་སྒྲུབ་བྱེད་གཏོང་བ་ནི་ཕྱོགས་འགའ་ཞིག་ནས་ཁྱད་མཚར་ཞིག་ཡོད་པ་རེད་དྲན། དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་སྔོན་གྱི་བླ་སྤྲུལ་ཚོའི་བརྩམས་ཆོས་ལས་གསོལ་འདེབས་དང་རྒྱབ་ཡིག་སྣ་ཚོགས་ཡོད་པ་དེ་དག་གི་སྐོར་དེ། སྦྱར་བྱང་དུ་ཇི་ལྟར་གསལ་བ་དེས་ཚད་གཞལ་དགོས་པ་རེད་སྙམ། དིང་སྐབས་ཡིན་ན། དགོན་སྡེ་ཁག་ནས་ཞུས་ངོར་ཡུལ་ཕྱོགས་མང་པོའི་ནང་གི་བླ་མ་སྤྲུལ་སྐུ་ཚོར་ཞབས་བརྟན་གསོལ་འདེབས༸གོང་ས་མཆོག་གིས་མཛད་པ་ཧ་ཅང་མང་པོ་ཡོད་པ་རེད། དེ་ཚོའང་སྦྱར་བྱང་གིས་ཚད་འཇལ་དགོས་པ་ལས། དེ་དག་གོང་ས་མཆོག་གིས་བླ་མར་བཀུར་ནས་ཕྱག་འཚལ་བ་མ་རེད། ཞུ་བ་པོ་ཡི་མོས་པའི་ཚབ་བྱས་ནས་བརྩམས་པ་ཞིག་རེད། འདི་བོད་ཀྱི་རྩོམ་རིག་གི་ངོས་འཛིན་ནང་ལ། དམིགས་སུ་བསལ་བའི་ངོས་འཛིན་ཡོད་དགོས་པ་ཞིག་རེད་།
རྒྱལ་དབང་སྐུ་ཕྲེང་དྲུག་པ་དང་སྡེ་སྲིད་གཉིས་མ་འཆམ་པར་བཤད་པ་ནི་ལག་པ་འཕྱི་ས་བཙལ་བ་ཙམ་རེད། དོན་ངོ་མ་སྡེ་སྲིད་བཀྲོང་མཁན་སོག་པོ་རེད་ལ་གོང་ས་སྐུ་འཕྲེང་དྲུག་པ་གསེར་ཁྲི་ལས་ཕབ་མཁན་ཡང་སོག་པོ་རེད། སོག་པོའི་རྒྱབ་ལོག་ནས་ངན་སྐུལ་བྱེད་མཁན་འཇམ་བཞད་ངག་དབང་བརྩོན་འགྲུས་སོགས་གདན་སའི་བླ་རྒན་མགོ་མཁྲེགས་ཁ་ཤས་ཡིན་པ་གསལ་པོ་རེད། དེ་ཡིན་པ་གང་གིས་ཤེས་ཟེར་ན། འཇམ་བཞད་ཀྱིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་གི་ནང་དུ་གོང་ས་སྐུ་འཕྲེང་རིམ་བྱོན་ཀྱི་མཚན་གསལ་བའི་ནང་སྐུ་འཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ལ་ངོས་འཛིན་བྱས་མེད་པ་རྫུན་མ་དེ་ལ་ངོས་འཛིན་བྱས་ཡོད་པ་རེད།