ཤར་ཕྱོགས་ཁུག་རྟ།
༢༠༡༡། ༩། ༢༨། ཉིན། སྤེལ།
བོད་ཀྱི་ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་དོན་དག་མི་ཤེས་མཁན་ཁག་ཅིག་དང་། གཞན་ཡང་ཚེ་འདི་ཙམ་གྱི་བདེ་བ་ཁོ་ན་དོན་དུ་གཉེར་བའི་དེང་དུས་སྲིད་དོན་པའི་བློ་མིག་ཙམ་ལྡན་པ་འགའ། གཞན་ཡང་རྒྱ་ནག་གཞུང་གིས་གཡོ་ཇུས་ཀྱིས་ཉོས་པའི་གསར་འགོད་པ་ཁག་ཅིག་གིས་༧གོང་ས་མཆོག་ལ་དུས་ནམ་རྒྱུན་དུ་ཁོང་གི་ཡང་སྲིད་ཅི་ལྟར་ཕེབས་རྒྱུ་ཡིན་མིན་གྱི་ དྲི་བ་གཏོང་གི་ཡོད། གནད་དོན་དེས་ང་ཚོར་གསལ་བོ་སྟོན་བཞིན་པ་ཞིག་ནི་ཆབ་སྲིད་ཀྱི་ཆོད་སེམས་མེད་ལ་བོད་མི་རྣམས་མི་གྲལ་དུ་བཞག་མ་མྱོང་བའི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་ཤི་བསྒུགས་རྒྱག་པའི་ཐབས་ཟད་འུ་ཐུག་གི་བྱ་སྤྱོད་དེ་རེད།
ཡིན་ནའང་། ༧རྒྱལ་མཆོག་ ༡༤ པ་ཆེན་པོས་འཇིག་རྟེན་ཡོངས་གྲགས་ཀྱི་བློ་མིག་གི་སྒོ་དང་བསྟུན་ནས། དཔྱད་གསུམ་དག་པའི་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་སྙིང་བསྡུས་དང་བཅས་ཏེ། དངོས་ཡོད་ཀྱི་ལམ་ནས་སྐྱེ་བ་སྔ་ཕྱིའི་གནས་ལུགས་འདོམས་པར་མཛད་པ་དང་སྦྲགས། ཟླ་བ་འདིའི་ཚེས ༢༤ ཉིན་དེའི་ཐད་ཀྱི་བཀའ་ཡིག་སྲིད་ན་རིན་དུ་བྲལ་བ་ཞིག་འཛམ་གླིང་ཡོངས་ལ་ཁྱབ་ བསྒྲགས་བྱས་ཡོད། བཀའ་ཡིག་རིན་པོ་ཆེ་དེར། ངོ་སྤྲོད། སྐྱེ་བ་སྔ་ཕྱི། སྐྱེ་བ་ལེན་ཚུལ། སྤྲུལ་སྐུའི་མཚན་དོན། ཡང་སྲིད་ངོས་འཛིན། བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། ཡང་སྲིད་ངོས་འཛིན་གྱི་ཐབས་ལམ། མ་འདས་སྤྲུལ་སྐུ། གསེར་བུམ་དཀྲུག་འདོན། ངན་གཡོའི་རེ་སྟོང་། རྒྱལ་དབང་སྐུ་ཕྲེང་རྗེས་མ། བཅས་ལེ་ཚན་ ༡༡ གི་བདག་ཉིད་དུ་གྲུབ་ཡོད་ཅིང་། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་འགྲོས་དང་མཐུན་ལ་ཆབ་སྲིད་དང་རིགས་པའི་གཞུང་ལུགས། གཞན་ཡང་ནང་པའི་ཆོས་ཀྱི་གཏན་ཚུགས་རང་བཞིན་རྣམས་ཀུན་ནས་ལྡན་པ་ཡིན་པས། རྒྱ་ནག་གཞུང་གི་ངན་གཡོ་རེ་སྟོང་དུ་བཏང་ཡོད་ཅིང་། འཛམ་གླིང་འདིའི་བློ་གྲོས་འཕྲུལ་མཛངས་ཅན་གྱི་མི་བུ་དག་གིས་འཇིག་རྟེན་སྤྱི་ལ་སྨན་པའི་ཡོངས་ཁྱབ་ཀྱི་རིགས་པའི་གཞུང་ལུགས་ཤིག་ཏུ་ངོས་འཛིན་གནང་བཞིན་པར་བརྟེན། རྒྱ་ནག་གཞུང་ལ་དེ་བསྟུན་གྱི་རིགས་པའི་གཞུང་ལུགས་ཚད་ལོངས་པ་ཞིག་གི་ཡ་ལན་མེད་ཚེ། དངོས་དོན་དུ་༧ཏཱ་ལའི་བླ་མའི་གཞོམ་གཞིག་བྲལ་བའི་མཁས་མཛངས་འཕྲུལ་གསུམ་གྱིས་རྒྱ་ནག་གཞུང་གི་ཐབས་བྱུས་ཉི་ཚེ་བ་རྣམས་རྨེག་མེད་དུ་བཏང་བ་རེད།
༧བཀའ་ཡིག་རིན་པོ་ཆེ་དེ་བོད་ཀྱི་ཆོས་ཚོགས་ཐེངས་ ༡༡ ཐོག་སྩལ་ཡོད་ཅིང་། དེར་ཕེབས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམས་ཀྱིས་མང་གཙོའི་ལམ་ནས་ཡོངས་སུ་ངོས་ལེན་བརྩི་བཀུར་ཐོབ་སྟེ། ས་སྐྱ་ཁྲི་འཛིན་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། སྨིན་རིའི་ཁྲི་འཛིན་རིན་པོ་ཆེ། ཞེ་ཆེན་རིན་པོ་ཆེ། སྟག་ལུང་མ་སྤྲུལ་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཟམ་གདོང་རིན་པོ་ཆེ། ཆོས་རིག་བཀའ་བློན་བཅས་ཀྱིས་ཕྱི་ཚེས ༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༣ དང་ཕྱེད་ཀའི་ཐོག་འཛམ་གླིང་ཡོངས་སུ་གསར་འགོད་གསལ་བསྒྲགས་གནང་བ་རེད།
༧བཀའ་ཡིག་རིན་པོ་ཆེར་ཅི་ལྟར་གསལ་བ་བཞིན” ངོས་རང་༧རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པ་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབངའཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། “ཞེས་གསལ་བོར་གཏན་འབེབས་གནང་ཡོད།
འདི་ནི་བསྟན་པའི་བདག་པོ་༧རྒྱལ་མཆོག་ཐམས་ཅད་མཁྱེན་པའི་གསེར་ཞལ་དྲོན་མོ་ནས་ཕེབས་པའི་བཀའ་གསུང་ཁམས་གསུམ་ཟིལ་གནོན་ཡིན་ལ། སྐྱེས་འགྲོ་བདེ་ཐབས་སུ་དམ་བཅས་པའི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་གིས་ འགྲོ་དོན་ཅི་ལྟར་མཛད་རྒྱུའི་རིམ་པའང་ཡིན། ཅི་སྟེ་རྒྱ་ནག་གཞུང་གིས་ད་དུང་ཉ་ཉོག་ཀ་ཀོར་གྱི་ཁྱབ་བསྒྲགས་རྫུན་མས་ངོས་ལེན་མི་བྱེད་པར་བསྒྲགས་ན། དམར་ཤོག་ཚོགས་པའི་བློ་མཐུན་ཧུའུ་ཅིན་ཐོར་༧སྟོན་པ་མཉམ་མེད་༧ཤཱཀ་ཀྱའི་རྒྱལ་ བོའི་རྟོགས་པ་དང་ཚད་མཉམ་པ་ཞིག་བཟོས་ནས་བཀའ་ཕེབས་ན་མ་གཏོགས། རྒྱ་གཞུང་གིས་གང་བཤད་རྡོ་སྟེང་ཆུ་བླུགས་སུ་འགྲོ་རྒྱུ་རེད།
ལར་ནས་རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་འགྲིག་ཐབས་སུ་གུ་ཡངས་ཀྱི་བསམ་ཞིབ་མ་གནང་ཚེ། ༧རྒྱལ་དབང་སྐུ་ཕྲེང་རྗེས་མ་དག་གི་ཐད་ནས་ཀྱང་བོད་རྒྱའི་བར་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་ཞིག་ཡོང་ངེས་ཤིང་། སྐབས་དེར་བོད་མི་རིགས་ཀྱི་བློས་གཏོང་དང་འུ་ཐུག་པའི་བྱ་སྤྱོད་ཡོངས་སུ་མངོན་གྱུར་བྱེད་ངེས་རེད་ལ། བོད་མི་རིགས་ཀྱིས་རྟག་ཏུ་༧གོང་ས་མཆོག་གི་ཡང་སྲིད་ངོ་མ་ཞིག་ལ་འདི་ཕྱིའི་བློ་ གཏོད་བཅོལ་རྒྱུ་ནི་བོད་མི་རིགས་ཀྱི་གཞི་རྩའི་ནང་དོན་ཆེ་ཤོས་དེ་རེད། དེ་བས་དུས་ཡུན་འགོར་འགྱངས་ཕྱིན་པ་དང་ཁྱབ་བསྒྲགས་རྫུན་མས་བོད་མིའི་བློ་སེམས་བསྒྱུར་དུ་བསམས་པ་ནི་ཁུངས་མི་འཁྱོལ་བའི་བྱེད་སྟངས་ཉག་ཅིག་རེད་ལ། ༧གོང་ས་མཆོག་གིས་འཛམ་གླིང་གི་དངོས་ཡོད་ཁེ་ཕན་དང་མཐུན་པའི་ཆབ་སྲིད་ལམ་ལུགས་ སུ་ཞབས་ཟུང་བསྒྱུར་བ་དང་། རང་ཉིད་ཉམས་ཆུང་ཆོས་པ་དཀྱུས་མ་ཞིག་ཅི་ཙམ་གནང་བ་དེ་ཙམ་གྱིས་བོད་དང་༧ཏཱ་ལའི་བླ་མའི་འབྲེལ་བ་བྱུང་རབས་ལས་ཀྱང་ད་ལྟ་རྒྱུ་མཚན་གྱིས་དམ་དུ་སྦྲེལ་བཞིན་པ་ ཡིན། དེ་བས་རྒྱ་ནག་གི་ལངས་ཕྱོགས་ལ་དང་བླང་གིས་བསྐྱར་ཞིབ་བྱེད་ཐུབ་ན་གཉིས་སྨན་གྱི་ལམ་ཞིག་རྙེད་ངེས་རེད།
མགོ་ནས་ཀློག་སྐབས། ཁག་དང་པོ་དེའི་ནང་དུ་ང་ཚུད་འདུག གཉིས་པར་བགྲང་བའི་མི་འགའ་བོའི་གྲས་སུའང་ང་འདུག
ཐ་ན་གསུམ་པ་དེའི་གྲས་སུའང་ང་རང་ཚུད་ཉེན་འདུག གང་ཡིན་ཟེར་ན། ནམ་རྒྱུན་ཡང་སའརིད་ཀྱི་གནད་དོན་ཁོང་གི་ཞལ་ནས་ཐོས་འདོད་འདུག འདིའི་རྗེས་ཀྱི་དེ་ཚོ་ངས་བཤད་ཐུབ་མ་སོང་།
བསམ་ཚུལ་ནི་བསམ་ཚུལ་རང་ཡིན་སྟབས་འདི་ལྟར་གླེང་ཆོག་གི་རེད། འདི་ངོ་མ་སྐྱིད་ཅིག་རེད།