མི་གསོན་པོ།
“ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས།།
ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང་།།
དམར་དམར་སྙིང་ལ་བཅགས་པའི་སྤུན་ཟླ་བཅས།།
ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།
ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད།།
སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི།།
ཆེ་ཆེ་ཡིད་ཀྱིས་ཁྱོན་དུ་ཤོང་དཀའ་ན།།
ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད།།”
༧རྒྱལ་བ་ཀརྨ་པའི་གསུང་ལས་བཤུས།
འཇིག་རྟེན་མི་རྟག་པའི་རང་བཞིན་ལས་མ་འདས་པས་སྐྱེ་འཆི་རེས་སུ་འཁོར་བའི་ཆོས་ཉིད་ལ་ངོས་ལེན་བྱེད་རྒྱུ་ལས་ཐབས་གཞན་མེད་ཀྱང་། འདི་ལྟར་གློ་བུར་གྱི་ས་ཡོམ་ཁྲོད་དུ་ཚེ་སྲོག་མང་པོ་ཞིག་མི་འདོད་བཞིན་དུ་འཇིག་རྟེན་འདི་དང་ཁ་གྱེས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། གལ་སྲིད་རང་ཉིད་རྐྱེན་ངན་ཁྲོད་དུ་ཚེ་སྲོག་ཤོར་བའི་མི་ཞིག་ཡིན་ན་གང་འདྲ་བྱེད། ཡང་ན་བཟའ་ཟླ་དང་བུ་ཕྲུག་ནང་མི་རྣམས་རྐྱེན་འདས་སུ་ཤོར་ཟིན་པའི་གོད་ཆགས་འཕྲད་མཁན་གྱི་མི་སྣ་ཡིན་ན་གང་འདྲ་བྱེད་སྙམ་ཏེ་བསམ་གཞིག་རེ་བྱེད་དུས་སེམས་ནས་བཟོད་མི་ཐུབ་པའི་ན་ཟུག་ཅིག་སྟེར་གྱིན་འདུག སེམས་ཀྱི་འཆར་སྣང་ཙམ་ཡང་བཟོད་མི་ཐུབ་པའི་གནས་ཚུལ་དེ་མི་མང་པོ་ཞིག་ལ་དངོས་སུ་འཕྲད་ཡོད་སྟབས་ཁོང་ཅག་གི་ན་ཟུག་དང་སྡུག་བསྔལ་ལ་བསམ་ཤེས་དང་སེམས་ཁུར་བྱེད་མི་ཐུབ་པའི་ང་དང་ང་འདྲ་བ་དག་ལ་ནང་པ་སངས་རྒྱས་པ་དང་ཐེག་པ་ཆེན་པོ་ཞེས་པའི་ཐ་སྙད་ཅིག་འཇུག་སྲིད་དམ།
དེ་ཡང་༧དཔལ་རྒྱལ་དབང་ཀརྨ་པས“ལྟོས་གྲུབ་ཀྱི་ཆ་ནས་བཤད་ན། མི་སྒེར་པ་ཞིག་གི་དཀའ་ངལ་ནི་རང་བཞིན་སྤྱི་ཚོགས་ཤིག་གི་དཀའ་ངལ་དུ་འགྱུར་ངེས་པ་དང་། སྤྱི་ཚོགས་ཤིག་གི་དཀའ་ངལ་ནི་རང་བཞིན་རྒྱལ་ཁབ་ཅིག་གི་དཀའ་ངལ་དུ་འགྱུར་བར་ངེས་ལ། དེ་བཞིན་རྒྱལ་ཁབ་གང་ཞིག་གི་དཀའ་ངལ་ནི་རང་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་ངལ་དུ་འགྱུར་གྱིན་ཡོད་པས་ང་ཚོས་གཞན་གྱི་དཀའ་ངལ་ལ་སེམས་ཁུར་དང་བསམ་ཤེས་བྱེད་རྒྱུ་ནི་མདོར་ན་རང་ཉིད་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེས་ན་རང་ཉིད་ནི་གཞན་གྱི་ཆ་ཤས་ཤིག་ཡིན་པའི་སེམས་ཚོར་དང་ལྡན་པའི་སྒོ་ནས་ཡོངས་ཁྱབ་ཀྱི་འགན་ཁུར་བྱེད་དགོས།”ཞེས་གསུངས་པ་ལྟར་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་འགན་ལེན་བྱེད་རྒྱུ་ནི་ནང་ཆོས་ཀྱི་སྙིང་དོན་ངོ་མ་དེ་ཡིན་སྟབས། ཉེ་ཆར་བལ་ཡུལ་དུ་ཤུགས་ཚད་མཐོ་བའི་ས་ཡོམ་གྱི་རྐྱེན་ངན་ཁྲོད་བསམ་ཡུལ་ལས་འདས་པའི་ཚེ་སྲོག་དང་ནོར་རྫས་མང་པོའི་གོད་ཆགས་བྱུང་བའི་སྐབས་འདིར། ང་ཚོ་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཆོས་ལུགས་ལས་བཤད་པའི་ལྟ་སྤྱོད་ཀྱི་འགན་ཁུར་དང་ལྡན་པའི་རོགས་རམ་དང་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ནི་འོས་སུ་བབ་པ་ཞིག་ཡིན་མོད། སྐྱེ་བོ་བསམ་མེད་རེ་ཟུང་གིས་འདས་པའི་ལོ་རྒྱུས་ནང་དུ་བལ་གཞུང་གིས་བོད་མི་ལ་བརྡུངས་བརྡེགས་བྱས་པའི་རྒྱུ་མཚན་བཀོད་དེ་རོ་ཐོག་བྲོ་བརྡུངས་ཀྱིས་རྩོམ་ཡིག་འབྲི་བ་དང་། པར་རིས་འགྲེམ་སྤེལ་བྱེད་པ། ཁ་བརྡུངས་བཏང་བ། སྙིང་ཚིམ་བགྲང་བ་སོགས་ཐལ་ཆ་ཆེ་བའི་བྱ་སྤྱོད་སྤེལ་བ་ནི་༧གོང་ས་མཆོག་གིས་རྟག་ཏུ་ང་ཚོ་བོད་མི་ནི་སྙིང་རྗེ་ཆེ་ཞིང་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་ཞེས་སྤོབས་པ་ཆེན་པོས་འཛམ་གླིང་ཁྱོན་དུ་སྒྲོག་བཞིན་པ་དང་འགལ་ཟླ་རུ་གྱུར་ཡོད།
གལ་སྲིད་གཞན་ལ་སྙིང་བརྩེ་དང་སེམས་ཁུར་བྱེད་པའི་འཛམ་གླིང་གི་སྐྱེ་བོ་གཞན་གྱིས་མཐོང་ཐོས་གྱུར་ཚེ་བོད་མི་རྣམས་ནི་གདུག་རྩུབ་ཆེ་བའི་དམར་པོའི་སྲིད་གཞུང་གི་དམར་དམག་ལྟ་བུར་གཞན་གྱི་ཚེ་སྲོག་ལ་སྣང་ཆུང་བྱེད་པའི་ངན་སྤྱོད་ཅན་ཞིག་ལ་ངོས་འཛིན་བྱེད་རྒྱུར་ཐེ་ཚོམ་ཅི།
རྒྱུ་མཚན་དེས་ན་ང་ཚོའི་བླ་མེད་ཀྱི་ལམ་སྟོན་པ་ཆེན་པོ་༧གོང་ས་མཆོག་གི་དབུས་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པའི་བཀའ་དགོངས་དང་མཐུན་པ། ༧དཔལ་ལྡན་མི་རྗེ་སྲིད་སྐྱོང་གི་དབུ་ཁྲིད་པའི་རང་གཞུང་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་སྒོ་བསྟུན་ཏེ་རྐྱེན་ངན་གོད་ཆགས་ཁྲོད་དུ་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ཀྱི་ཆེད་དུ་མ་ཎི་ཚར་གཅིག་ཐོན་ནའང་འདོན་རྒྱུ་དང་། ཁང་གཞིས་དང་ལོངས་སྤྱོད་བོར་ཏེ་ལུས་ལ་རྨ་ཁ་དང་སེམས་ལ་ན་ཟུག་རྒྱས་པའི་གོད་ཆགས་ཁྲོད་ཀྱི་སྐྱེ་འགྲོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་གོར་རྡོག་གཅིག་གི་རོགས་སྐྱོར་ཐོབ་ན་སྟེར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དུ་གྱུར་ཡོད།
དེས་ན་བླ་ཆེན་རྣམ་པས་ཐུགས་ཁུར་ཆེན་པོས་བཀའ་འཕྲིན་དང་བཀོད་སྒྲིག་སྩལ་གནང་འདུག་པ་དག་ནི་བཀའ་དྲིན་གྱི་དཔལ་དུ་ཆེ་བ་ཞིག་ཡིན་པ་ལྟར། རང་ཅག་རྒྱལ་བ་བཀའ་བརྒྱུད་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་པའི་ཆོས་སྡེ་ཡོངས་ལ་ས་ཡོམ་གྱིས་རྐྱེན་འདས་སུ་གྱུར་པའི་བར་དོ་གསར་པ་རྣམས་ཀྱི་ཆེད་དུ་དགེ་རྩ་བསྔོ་སྨོན་གང་ཟབ་མཛད་རྒྱུ་དང་། ས་གནས་ས་ཚུགས་ཀྱི་དགོན་སྡེ་རྣམས་ཀྱིས་གང་ཐུབ་ཀྱིས་མཐུན་འགྱུར་རོགས་སྐྱོར་བྱེད་དགོས་པའི་ལམ་སྟོན་གནང་བ་མ་ཟད། རྗེ་ཉིད་ཀྱིས་དབུ་ཁྲིད་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚོགས་པའི་ངོས་ནས་སྡོད་གུར་སྤུས་ལེགས་ཉི་གློག་ལྡན་པ་བརྒྱ་དང་། ཧིན་སྒོར་འབུམ་ལྔ་བཅུ་ཐམ་པའི་རོགས་སྐྱོར་གནང་སྦྱིན་སྩལ་མཛད་ཅིང་རྗེ་ཉིད་ཀྱང་གོད་ཆགས་ཕོག་ཡུལ་དུ་སེམས་གསོའི་ཆེད་དུ་རིང་མིན་བཅར་རྒྱུའི་ཞལ་བཞེས་ཀྱང་གནང་འདུག
ད་དུང་ཁོང་གིས། “ཉམ་ང་བའི་འཇིགས་པ་མདུན་དུ་ལྷགས་པའི་ཚེ། རང་རེ་རྣམས་གོ་མེད་ཚོར་མེད་དུ་མི་སྡོད་པར་གདུང་ཤུགས་གཅིག་དྲིལ་གྱིས། སྐྱིད་སྡུག་གི་ཁུར་པོ་མཉམ་འདེགས་དང་། སྙིང་སྟོབས་ཀྱི་སྒྲོན་མེ་སྤར་རེས་བྱེད་གལ་ཆེ” ཞེས་ལམ་སྟོན་དང་འབོད་བསྐུལ་གནང་བ་སོགས་ནི་དུས་ཐོག་ཆར་པ་ལྟ་བུར་གྱི་བསླབ་བྱ་དང་ལམ་སྟོན་ཡིན་སྟབས་ང་ཚོས་ངེས་པར་དུ་སེམས་ལ་བཞག་སྟེ་ནུས་ཤུགས་གང་ཡོད་ཀྱིས་ས་ཡོམ་ཁྲོད་ཉམ་ཉེས་པའི་གོད་ཆག་གིས་ཟིན་པའི་བལ་ཡུལ་གྱི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ན་འདོད།། །།
ནང་བསྟན་པ་ཞིག་གིས་སྐད་ཆ་དང་ནང་རྗེས་འཇུག་པ་ཞིག་གིས་བློས་གཏོང་གིས་སྦྱིན་ཚུལ་འདི་ལ་ཡི་རངས་དང་བཀའ་དྲིན་ཆེ་ཞེས་ཞུ་སྙིང་འདོད་གནོད་འཚེ་འདི་ཡི་འོག་ཏུ་བོད་མི་ཡང་བཅུ་ཕྲག་འགའ་སྲོག་སྐྱོན་ཕོག་པའི་གནས་ཚུལ་འདུག
་་་་་་་་་་་་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་པའི་ཆོས་སྡེ་ཡོངས་ལ་ས་ཡོམ་གྱིས་རྐྱེན་འདས་སུ་གྱུར་པའི་བར་དོ་གསར་པ་རྣམས་ཀྱི་ཆེད་དུ་དགེ་རྩ་བསྔོ་སྨོན་གང་ཟབ་མཛད་རྒྱུ་དང་། ས་གནས་ས་ཚུགས་ཀྱི་དགོན་སྡེ་རྣམས་ཀྱིས་གང་ཐུབ་ཀྱིས་མཐུན་འགྱུར་རོགས་སྐྱོར་བྱེད་དགོས་པའི་ལམ་སྟོན་གནང་བ་མ་ཟད།
རྗེ་ཉིད་ཀྱིས་དབུ་ཁྲིད་པའི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཚོགས་པའི་ངོས་ནས་སྡོད་གུར་སྤུས་ལེགས་ཉི་གློག་ལྡན་པ་བརྒྱ་དང་། ཧིན་སྒོར་འབུམ་ལྔ་བཅུ་ཐམ་པའི་རོགས་སྐྱོར་གནང་སྦྱིན་སྩལ་མཛད་ཅིང་རྗེ་ཉིད་ཀྱང་གོད་ཆགས་ཕོག་ཡུལ་དུ་སེམས་གསོའི་ཆེད་དུ་རིང་མིན་བཅར་རྒྱུའི་ཞལ་བཞེས་ཀྱང་གནང་འདུག ་་་་་་་་་་་་་་་
འཕགས་པ་ཤིང་ཀུན་གྱི་ཞྭ་དམར་དགོན། བལ་ཡུལ་ཞེ་ཆེན་དགོན། རྟ་མང་དགོན་སོགས་ལ་གནོད་སྐྱོན་མི་ཉུང་བ་ཐེབས་ཡོད་པ་ཐོས་པས་༧ཀརྨཔ་མཆོག་གིས་ཕྱོགས་རིས་བྲལ་བའི་ཐུགས་རྗེས་གཟིགས་ཏེ་ཕྱག་རོགས་གནང་བར་ཞུ། རྒྱ་ནག་གཞུང་། བོད་གཞུང་དང་གོ་སྐབས་རིང་ལུགས་པ་མང་པོ་ཞིག་གིས་རང་གི་ཁེ་བཟང་དང་དབང་བསྒྱུར་བྱེད་པའི་གོ་སྐབས་ལ་དམིགས་དངུལ་འབོར་ཆེན་གཏོང་བ་ནི། གནོད་པ་པོག་སའི་ཁར་མི་འགྲོ་བར། ལྐོག་དངུལ་ཟ་མཁན་གྱི་ལག་ཏུ་གཏོང་གི་ཡོད་པས་ཞལ་འདེབས་དགོས་པ་མ་མཐོང་། དངུལ་གཏོང་བ་གནོད་སྐྱོན་ཕོག་ཡོད་མཁན་ཁོ་ནར་དམིགས་པ་ཡིན་ན། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་སྐྱེ་དགུའི་ས་ཡོམ་སྐབས་མཛད་པ་བཞིན། གནོད་པ་ཡོད་སར་སོང་སྟེ་མི་རེ་རེའི་ལག་ཏུ་འཇོག་ཐུབ་པ་དགོས། ཐུགས་བསྐྱེད་གཙང་མ། ཐབས་ལམ་ལེགས་པ། ཤེས་རབ་ལྡན་པ། རང་འདོད་མེད་པ་དེས་གཞན་དོན་རྒྱ་ཆེར་འབྱུང་ངེས་སོ། །ཡང་རང་ཉིད་ཀྱི་གྲགས་པ་དང་། མདུན་ལམ་བཟོ་དགོས་པ་ཡིན་ན་སྲིན་པོ་ལྟ་བུའི་ལྐོག་དངུལ་ཟ་མཁན་གྱི་ལས་བྱེད་ཚོའི་ལག་ཏུ་ཞོག ཚག་པར་སྒང་དུ་ཁྱབ་སྒྲགས་ཀྱིས། དེས་གཞན་པ་ཤི་ས་ནས་རང་ཉིད་གསོན་པའི་ཐབས་ལམ་རྙེད་དེ། ཤི་བོའི་རོ་སྟེང་ནས་རང་གི་གཟི་བརྗིད་ངོམ་ཆོག་པ་ཡིན་ནོ། །
དྲི་མེད་ལགས་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་བརྒྱུད་ལམ་ཞིག་གི་བརྒྱུད་ནས་མ་འགྲོ་ན་སྤྱི་ཚོགས་དེའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་གི་ཡོད་རེད་་་ཁྱེད་མཁྱེན་པ་ཅན་གྱི་བདག་པོ་ཚོས་འདི་ལྟར་དགོངས་པར་ཡ་མཚར་བྱུང། མི་སྒེར་ལ་སྤྲད་པ་ཡིན་ན་ཕྱོགས་ཡོངས་སུ་ཁྱབ་ཅིང་སྙོམས་པར་མི་གནས་པའི་གནས་ཚུལ་ཆགས་སྲིད། མ་ཟད་གཞུང་གི་ལས་བྱེད་དེ་ཚོར་གླ་ཕོགས་སུས་སྤྲོད་ཀྱི་རེད་དམ། དེས་ན་སྒྲིགས་འཛུགས་ཞིག་གི་བརྒྱུད་ནས་ཕྱིན་པ་ཡིན་ན་སྤྲོད་དགོས་ས་གང་དང་གང་ཡིན་མིན་དང་འགའ་ཞིག་ལ་གཉིས་སྐལ་དང་འགའ་ཞིག་ལ་གསུམ་སྐལ་འགའ་ཞིག་ལག་སྟོང་དུ་མི་ལུས་པ་སོགས་ཀྱི་དགེ་མཚན་ཡོད། གང་ལྟར་བསྔོ་སྨོན་ཙམ་མིན
པར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱེད་ཐུབ་པ་བྱུང་ན་སྒོར་གཅིག་མ་གཏོགས་མ་སྦྱིན་ཀྱང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་འབྱུང་ངེས་རེད། དེས་ན་ད་ལམ་ཀརྨ་པ་མཆོག་གིས་མཛད་པ་རླབས་ཆེན་དེར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། རང་གིས་མ་ནུས་ཀྱང་གཞན་གྱིས་བྱས་པའི་དགེ་བར་རྗེས་སུ་ཡི་རངས་འབུལ་ཐུབ་ན་རང་གིས་བྱས་པ་དང་ཁྱད་མེད་པར་གདམས་དག་ནས་གསུངས་འདུག་པས་དེ་བཞིན་ཞུ་བ་ལགས།
ཁྱུང་སེའི་གསུང་པ་མད། རྒྱལ་ཁབ་གཞན་ཞིག་ལ་གྲོགས་བྱེད་དུས་རྒྱལ་ཁབ་བར་གྱི་དཀའ་ངལ་ཞིག་ཡོད་པ་བདེན་པ་རེད། ཀརྨ་པའི་མཛད་པ་ལ་རྗེས་སུ་ཡི་རང་ཞུ། འོན་ཀྱང་རེ་བ་ཞུ་བ་ང་ཚོའི་ཐོབ་ཐང་ཡིན་པས་དེ་ལྟར་བརྗོད་པ་ཡིན། བལ་ཡུལ་ལྟ་བའི་ལུང་པར་སྒོར་མོ་གང་ཕུལ་དཔོན་པོ་ཚོའི་ཞལ་དུ་འགྲོ་བ་ལས་མི་མང་ལ་ད་ཅིག་ཐོབ་མི་ཡོང་། དེ་བས་ས་གནས་བོད་པ་ཚོ་བརྒྱུད་དངུལ་འགྱེད་བྱས་ན་ཀུན་ཕན་མི་ཡོང་ཀྱང་གནོད་རྐྱེན་ཐེབས་པ་མང་ཆེ་བའི་ལག་ཏུ་ཐོབ་ངེས་རེད་སྙམ། འདི་ལ་སྐྱར་བཤད་མེད། རྨོངས་བློར་ཤར་ཚུལ་ཙམ་མོ། །
ངོ་མ་དམ་པའི་སྐྱེས་མཆོག་ཅིག་ཡིན་ན་ ཉམ་ཆུང་སེམས་ཅན་དེ་དག་གི་ཆེད་དུ་ ༧དཔལ་རྒྱལ་བ་ཀརྨ་བས་མཛད་མཛད་འཕྲིན་སྐྱོང་བ་བཞིན་དགོས་ངེས་སོ།
ལྐོག་ཟ་རུལ་སོང་གི་དོན་རྐྱེན་ནི་འཛམ་གླིང་གི་རྒྱལ་ཁབ་གང་དུའང་ཡོད་པ་ལྟར་བལ་ཡུལ་དང་རྒྱལ་གར་ནི་དེ་ལས་ཀྱང་ཟ་འདྲེས་སྨྱོས་པའི་གྲས་གཅིག་ཡིན་པ་ང་ཚོས་ཤེས་གསལ་རེད། དཔེར་ན་ས་མཚམས་བརྒལ་སྐབས་དམག་མི་ཚོར་མ་མཐའ་སྒོར་རྡོག་བརྒྱ་ཤར་རེ་ཟུང་མ་སྤྲད་ན་ཕན་ཚུན་འགྲོ་འཇུག་གི་མ་རེད་པ། དེ་བཞིན་ད་ལན་བལ་ཡུལ་དུ་བྱུང་བའི་གནོད་འཚེའི་ཐན་པ་ནི་དེ་གའི་དབང་འཛིན་ཚོ་རྒྱུ་ཐོག་ཏུ་རྒྱག་བྱེད་མགོ་མ་གཡུག་ཀྱང་ལྷ་འབབ་པའི་དཔེ་རེད། རབ་ཡིན་ན་སྦྱིན་པའི་བདག་པོ་ཚོ་སྐུ་དངོས་ཕང་བ་མེད་པར་གནོད་འཚེ་གང་དུ་བྱུང་སར་ཕེབས་ཏེ་མི་མང་ལ་གདོང་དང་གདོང་ཐུག་པའི་གོ་སྐབས་བཙལ་ཏེ་སྨན་བཅོས་དང་འཚོ་བའི་མཐུན་རྐྱེན་སྦྱར་ཐུབ་ན་ཤིན་ཏུ་ལེགས། དེ་རིང་གི་གསར་འགྱུར་ལས་གོ་ཐོས་ལྟར་ན་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་མང་པོ་ཞིག་བལ་ཡུལ་དུ་ཡོང་བར་བཀག་འགོག་བྱས་འདུག དེ་ལའང་བཤད་ཚུལ་གཉིས་འདུག གཅིག་ནི་བལ་ཡུལ་གྱི་གནམ་ཐང་ཆུང་དྲགས་པས་གནམ་གྲུ་འབབ་ས་མེད་པ་དང་། གཉིས་ནི་རྒྱ་ནག་གི་གནོན་ཤུགས་འོག་ནས་རྒྱལ་ཁབ་གཞན་གྱི་རོགས་སྐྱོར་ལ་ཚད་འགོག་བྱས་པ་ཐོས། གང་ལྟར་ང་རང་ཚོ་བོད་པའི་ངོས་ཀྱང་བལ་ཡུལ་གྱི་མི་མང་དཀྱུས་མ་རྣམས་ལ་རང་ནུས་སམ་ཐུབ་ཚད་ཀྱིས་ཞལ་འདེབས་རེ་གཏོང་བ་དང་བསྔོ་སྨོན་རྣམ་དག་རེ་བྱེད་རྒྱུ་གལ་ཆེ། །
རེད་རེད། བླ་སྤྲུལ་ཚོས་ཤི་བཀོར་གསིན་བཀོར། དཀའ་ངལ་འཕྲད་པའི་ཉམ་ཐག་མི་ལ་སྤྲོད་ཐུབ་ན་ལེགས།
མཁྱེན་མཁྱེན་རྒྱལ་དབང་ཀརྨ་བས།
བདེ་བདེ་སྙན་ངག་ཆུང་ངུ་དེས།
ཏག་ཏག་བཟོས་བའི་ཚེ་འདས་རྣམས།
མྱུར་མྱུར་བདེ་བ་ཅན་ལ་སྐྱོལ།
རྗེས་སུ་ཡི་རང་ཞུ།
བལ་པོ་རང་གི་མི་སེར་ཚོས་ཀྱང་ཕྱི་ནས་ཡོང་བའི་རོགས་རམ་དེ་བལ་གཞུང་གི་ལག་ལ་མ་འཇོག་པར་ཞལ་འདེབས་གནང་མཁན་གྱི་ཐེབས་རྩ་ཚོས་འགན་འཁུར་རོགས་ཟེར་ནས་འབོད་སྐུལ་མང་པོ་ཞུ་བཞིན་འདུག ལྐོག་ཟ་རུལ་སུང་དེ་ཚབ་ཆེན་ཡིན་པ་ཐག་གིས་ཆོད་འདུག
་་་་་་་་་་་ སྐྱེ་བོ་བསམ་མེད་རེ་ཟུང་གིས་འདས་པའི་ལོ་རྒྱུས་ནང་དུ་བལ་གཞུང་གིས་བོད་མི་ལ་བརྡུངས་བརྡེགས་བྱས་པའི་རྒྱུ་མཚན་བཀོད་དེ་རོ་ཐོག་བྲོ་བརྡུངས་ཀྱིས་རྩོམ་ཡིག་འབྲི་བ་དང་། པར་རིས་འགྲེམ་སྤེལ་བྱེད་པ། ཁ་བརྡུངས་བཏང་བ། སྙིང་ཚིམ་བགྲང་བ་སོགས་ཐལ་ཆ་ཆེ་བའི་བྱ་སྤྱོད་སྤེལ་བ་ནི་༧གོང་ས་མཆོག་གིས་རྟག་ཏུ་ང་ཚོ་བོད་མི་ནི་སྙིང་རྗེ་ཆེ་ཞིང་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་ཞེས་སྤོབས་པ་ཆེན་པོས་འཛམ་གླིང་ཁྱོན་དུ་སྒྲོག་བཞིན་པ་དང་འགལ་ཟླ་རུ་གྱུར་ཡོད། ་་་་་་་་་་་
ས་འགུལ་གོད་ཆག་འདིས་བལ་པོ་ཆོས་ཡོད། ཆོས་མེད་མི་རིགས་ལྷག་མ་ཡོངས་ཀྱིས། བལ་ཡུལ་རྒྱལ་ཡོངས་གསར་གཏོད་ཡར་རྒྱས་དང་། ཡ་རབས་ཚད་ལྡན་དང་ཡར་རྒྱས་གོང་འཕེལ་འགྲོ་བའི་རྒྱུ་རུ་འགྱུར་ཅིགུ
བལ་ཡུལ་དུ་ས་གཡོས་རྐྱེན་ངན་གྲོགས་ཤར་གྱིས་ཛམ་གླིང་ན་རང་འདོད་ཡོད་མཁན་ཀུན་གྱིས་གཞན་ཉམ་ཐག་པར་གྱོང་སྟེར་བ་མེད་པར་གྱུར་ནས། བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག
་
བླ་མ་ཚུལ་ཁྲིམས་ཉི་མ་མཁྱེན་ནོ།
དཔལ་རྒྱལ་བ་ཀརྨ་པ་བཀའ་དྲིན་ཆེ། ད་ཡིན་ད། ས་སྐྱ་གོང་མ། སྙིང་མ་གོང་མ། དགེ་ལུགས་གོང་མ་། བོན་པོ་ཆོས་ཆན། ། ཇོ་ནང་པ་ཆོས་ཅན། ། སྤྱི་མཐུན་དགོས་ན་དོན་ཤོག་། དངུལ་དངུལ་དངུལ་ཞལ་འདེབས་གནང་ཤོག་ཨ།