ཁང་གསར་རྡོ་རྗེ།
དད་གུས་ཀྱི་དབང་གིས་ཡིན་ནམ་ཡང་ན་བསམ་བློ་ལ་རང་དབང་མེད་པས་ཡིན། རྣམ་པ་གཅིག་ཏུ་ན་འདི་གཉིས་ཐ་དད་ཡིན་སྲིད་ལ་གཞན་དུ་ན་བབས་ས་གཅིག་མཚུངས་ཀྱང་ཡིན་སྲིད།
བསྟན་འཛིན་ཕན་བདེའི་༧རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་ཞེས་པའི་རྩོམ་ཐུང་དེ་ཡང་མཐར་གཏུགས་ནས་བཤད་ན་དད་གུས་ཀྱི་ལྟ་སྟངས་འོག་ནས་བལྟས་པའི་མཐོང་ཚུལ་ཞིག་རེད་ལ། ངས་བྲིས་པ་ཁག་ཅིག་ཀྱང་ལྟ་སྟངས་དེ་རང་གི་འོག་ནས་བྲིས་ཡོད། ལྟ་སྟངས་དེའི་འོག་ནས་སོང་ན། རྔ་མོང་ཆེ་ན་ལྕི་བ་ཡང་ཆེ་དགོས་པའི་ལོག་རྟོག་བཟུང་སྟེ། མི་ཆེན་གྱིས་བཤད་ཚད་ལ་མཐོང་ཆེན་དང་མི་ཆུང་གི་སྐད་ཆ་ཚང་མ་ཆོ་མེད་དུ་བརྩི་རྐྱང་བྱེད་ངེས་པ་ནི་བཤད་མི་དགོས་པ་ཞིག་རེད། འོན་ཀྱང་གང་ཟག་ལ་མ་རྟོན་ཆོས་ལ་རྟོན་ཞེས་པའི་ལྟ་སྟངས་དེའི་དབང་དུ་བྱས་ན། བསམ་ཚུལ་ཚང་མར་བསམ་ཚུལ་ཡིན་མཉམ་གྱི་ལྟ་སྟངས་ཤིག་གི་ཐོག་ནས་རིན་ཐང་འཇོག་དགོས་པ་རེད་མ་གཏོགས། བཤད་མཁན་སུ་ཡིན་མིན་གྱི་ཐད་ནས་རིན་ཐང་འཇོག་མི་རུང་བ་རེད། ད་ནི་དོན་ཚན་ལ་དབབ་སྟེ་བཤད་པར་བྱ།
༡༽ ངའི་སྐད་ཆ་དེ་ཚོ་སུ་ལ་དམིགས་པ་དང་གང་ལ་གཟས་ཏེ་བཤད་མིན་ཐད། སྐུ་ཉིད་ཀྱིས་མཚོན་པའི་ཀློག་པ་པོ་སུས་གོ་བ་ག་རེ་བླངས་ནའང་ངས་དེ་འགྲིགས་མི་འདུག་ཅེས་བཤད་ཀི་མིན། གང་ཡིན་ཟེར་ན། ངས་བཤད་པའི་ང་ཚོའི་སྤྱི་ཚོགས་ཀྱི་མི་མངོན་པའི་སྒྲོམ་གཞི་དེ་གཞི་རྒྱ་ཆེན་པོ་ཞིག་ཡིན་པ་ལས་ཆུང་ཆུང་མ་རེད། དེའི་དབང་གིས་མི་འབུམ་གཅིག་ལྷག་གི་ནང་ལ་བཤད་པའི་སྐད་ཆ་དེ་སུའི་གནོངས་ལའང་ཕོག་ཆོག་པ་ལ་གནོངས་ཅན་ཞིག་གིས་ངོས་བླངས་ན་དེར་ཟད་ཀྱི་ངས་མཛུབ་བཙུགས་བྱས་པ་མིན།
༢༽ དངོས་ཡོད་གནས་ཚུལ་ལ་ཞིབ་ཏུ་བསམས་ན། ཉིད་ཀྱིས་མགོ་ནས་མཇུག་བར་ག་རེ་བྲིས་པ་དེ་ག་སྒྲོམ་གཞི་དེའི་གཙོ་གནད་རེད། ༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད། ཁོང་དྲིན་ཆེ། ཁོང་གིས་དམངས་གཙོ་གསོལ་རས་གནང་བ་རེད། ཁོང་བླ་ན་མེད་པ་རེད། དེའི་དགོངས་པ་དང་མི་མཐུན་པ་སྨྲས་ན་མི་རིགས་ཀྱི་ཞབས་འདྲེན་རེད། ངོས་ལེན་མེད། ངོ་རྒོལ་ཡོད་ཟེར་གྱི་ཡོད་རེད། སྐད་ཆ་འདི་འདྲ་བཤད་དེ་ང་ཚོ་རྡོག་རྡོག་བཟོི་ཐུབ་ན། སྐད་ཆ་འདི་ག་རང་གིས་ང་ཚོ་དུམ་བུ་མང་པོར་གཏོང་ཐུབ་ཀྱི་རེད།
༣༽ང་ཚོའི་དམངས་གཙོ་འདི་༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་གསོལ་རས་གནང་བ་རེད། དེ་དོན་དངོས་རེད། ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོར་མི་གནས་པ་བཞིན་མང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་ལ་ཕེབས་རྗེས་མང་གཙོའི་ལུགས་བཟང་དུ་མ་ཕེབས་རང་ཕེབས་ཡིན་པ་དེ་ཡང་དོན་དངོས་རེད།
འོ་ན། བོད་མི་ཚོས་འདས་པའི་ལོ་ངོ་ ༣༦༠ ལྷག་གི་རིང་ལ་ཅིའི་ཕྱིར་ལམ་ལུགས་གསར་པ་ཞིག་ལ་རྩོད་ལེན་མ་བྱས་པ་རེད། ད་ལྟ་རང་གི་ཕྲག་སྟེང་དུ་ལྷུང་པའི་འགན་འཁྲི་ཡང་ངོས་འཛིན་མི་ཐུབ་པ་འདི་འདྲ་ཇི་ལྟར་ཆགས་པ་རེད། འདིའི་ཕུགས་དེད་ན་༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ་དང་འབྲེལ་བ་ཡོད་པ་དེ་ཡང་དོན་དངོས་རེད། མདོར་བསྡུས་ནས་བཤད་ན། ༡༩༥༩ གོང་དུ་༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་མི་དཀྱུས་མ་ཚོ་ལ་ཕན་པའི་སློབ་གྲྭ་ག་ཚོད་བཙུགས་འདུག་གམ། འདི་གཅིག་པུ་ལ་བསམ་བློ་བཏང་ན་ཤེས། ལོ་བརྒྱ་ཕྲག་མུན་འཐོམ་དུ་བཞག་པའི་མི་རིགས་ཤིག་ལ་ལོ་ཁ་ཤས་ནང་༸རྒྱལ་ཁབ་ཀྱི་འགན་ལེན་པར་ཤོག་ཟེར་ན་ཁག་པོ་ལོས་བྱེད།
༤༽ ངས་གཏམ་དཔེ་གསར་པ་ཞིག་རྩོམ་འདོད་བྱུང་། དེ་ནི། བཟང་བཟང་བླ་མ་དང་ངན་ངན་མང་ཚོགས། ཞེས་པ་འདི་ཡིན། ང་ཚོས་གྲུབ་འབྲས་གླེང་སྐབས། བླ་ཆེན་འདི་དང་འདིའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་ཞེས་བརྗོད་པ་ལས། ལས་དོན་དེའི་ནང་དངོས་སུ་དཀའ་ཚེགས་མྱངས་ཏེ་ལས་ཀ་བྱེད་མཁན་ཚོའི་བྱས་རྗེས་བགྲངས་པ་ཧ་ལམ་མཐོང་རྒྱུ་མེད་ཅིང་། ཡང་ལས་དོན་འཐུས་ཤོར་དང་བྱུས་ཉེས་ཀྱི་སྐོར་གླེང་སྐབས། གོང་རིམ་གྱི་བཀོད་འདོམས་འོག་ཏུ་ལས་དོན་སྒྲུབ་མཁན་གཤམ་འོག་ལས་བྱེད་པ་རྣམས་དང་། མང་ཚོགས་ཀྱིས་མ་འཇོན་རབས་མ་གཏོགས། དཀོན་མཆོག་གོང་ཕུད་ཅེས་སྦུག་རྩ་ངོ་མ་དེར་ཅི་ཡང་བརྗོད་ཕོད་ཀྱི་མེད་པའམ་བརྗོད་ཀྱི་མེད། ཅི་མཛད་ཡང་དག་པ་དང་ཅི་གསུང་ལེགས་བཤད་རེད།
ང་རང་རྒྱ་ནག་ནང་དུ་ཕྲན་བུ་སྡོད་མྱོང་། རྒྱ་ནག་ནང་དུའང་མང་ཚོགས་ཕལ་མོ་ཆེས་སྲིད་གཞུང་དང་སྲིད་འཛིན་ལ་སྐྱོན་བརྗོད་བྱས་པ་ཉུང་ཉུང་རེད། མང་ཆེ་བས་སྲིད་གཞུང་གི་གཤམ་འོག་ལས་བྱེད་པས་སྲིད་བྱུས་ཚུལ་བཞིན་ལག་བསྟར་མ་བྱས་པར་བསམས་ཏེ། དབུས་གཞུང་ལ་ཞུ་གཏུགས་བྱེད་ཅིང་། ནམ་ཞིག་དབུས་གཞུང་གིས་མཁྱེན་ན་གནས་དོན་ཐག་གཅོད་ཡོང་གི་རེད་དྲན་བཞིན་ཡོད། རྒྱ་མི་སྟོང་ཕྲག་མང་པོས་ཡིད་ཆེས་དེ་འདྲ་ཞིག་བཅངས་ཏེ་ཉིན་ལྟར་རྒྱ་གཞུང་ལ་སྙན་ཞུ་འབུལ་བཞིན་ཡོད། ཞུ་གཏུགས་བྱེད་བཞིན་ཡོད།
འོན་ཀྱང་རྒྱ་གར་དང་ཨ་རི། ཁེ་ཎ་ཌ་སོགས་ཚད་ལྡན་གྱི་དམངས་གཙོའི་རྒྱལ་ཁབ་ནང་། ཐད་ཀར་སྲིད་འཛིན་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག འདི་ལ་ཞིབ་ཏུ་བསམས་ཤེས་ན། དངོས་གནས་ཀྱི་དམངས་གཙོའི་གནས་ཚད་དུ་སླེབས་ཡོད་མེད་ཀྱི་ཚད་གཞི་ཞིག་མཐོང་གི་རེད།
༥༽ འདི་ལྟར་བཤད་དུས་ང་༸རྒྱལ་བ་རིན་པོ་ཆེ་ལ་མ་དད་པ་དང་། ངོ་རྒོལ་བྱེད་མཁན་ཞིག་ཏུ་དགོངས་སྲིད། ༸རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་འདི་ང་ཚོ་བོད་ཀྱི་ནོར་བུ་རེད། ཡིད་བཞིན་ནོར་བུ་རེད། དེ་ལ་གུས་བརྩི་ཡོད། ང་ཚོས་ཁོང་ལ་སྲུང་སྐྱོབ་ཡིན་ཁུལ་གྱིས་མང་ཚོགས་ཀྱི་བསམ་ཚུལ་འབུར་འཇོམས་བྱས་ན་ནོར་བ་རེད། ཁོང་རླབས་ཆེན་ཞིག་ཡིན་པའི་རྟགས་སུ་དམངས་གཙོ་ལ་ཐུགས་དགྱེས་མཉེས་དང་རྒྱུན་དུ་བསམ་ཚུལ་གསར་པར་ཐུགས་སྣང་། ལྷག་པར་དུ་མི་རིགས་འདི་འགྱེལ་ས་ནས་ལངས་ཐུབ་པ་ཞིག་བཟོ་དགོས་དགོངས་བཞིན་ཡོད།
ང་ཚོས་དད་གུས་བྱེད་སྟངས་དེར་ཡང་བསམ་བློ་གཏོང་དགོས། ལྕེ་ནར་ནར་དང་ལུས་གུག་གུག་དེ་དད་གུས་ངོ་མ་མ་རེད། ཁོང་གིས་ཅི་བཤད་ལ་ཉན་པ་ལས་གཞན་དག་འབུར་འཇོམས་བྱེད་པ་དེ་དད་གུས་བྱེད་སྟངས་མ་རེད། ཤ་རིའི་བུ་དང་མོངྒལ་གྱི་བུ་སོགས་ཀྱིས་ཀྱང་སངས་རྒྱས་ཀྱི་གསུང་ལ་དོགས་འདྲི་དང་གླེང་སློང་། བརྒལ་བརྟག་གནང་ཡོད། དེ་ལྟར་གནང་བ་དེ་བླ་ན་མེད་པའི་དད་གུས་རེད། ང་ཚོས་སེམས་ནང་འདི་ཁྱད་མཚར་དྲན་ནའང་ཅི་མཛད་ལེགས་མཐོང་བྱེད་དགོས་ཞེས་མནན་གྱིན་ཡོད། ངའི་ལྟ་སྟངས་ལྟར་ན་དེ་ཚོ་དད་གུས་མ་རེད།
ངས་རང་གི་བསམ་ཚུལ་རྣམས་སྔོན་མ་བཤད་ཟིན་ལ་ད་ལྟའང་་བཤད་ཀྱིན་ཡོད། མ་འོངས་པར་ཡང་བཤད་ཀྱི་ཡིན། ངས་བཤད་པའི་བསམ་ཚུལ་རྣམས་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་བྱེ་བྲག་གི་གནད་ཁ་ཤས་དང་མི་མཐུན་པ་ཡོང་གི་རེད། ཆོས་ཉིད་ཀྱི་དབང་གིས་དེ་ཡོང་ཆོག་པ་ཞིག་དང་ཡོང་དགོས་པ་ཞིག་རེད། ངས་བཤད་པ་རྣམས་ང་རང་གི་བསམ་ཚུལ་རེད། དེ་ཡང་དག་དང་མ་དག་དེ་ངས་བཤད་པའི་རྒྱུ་མཚན་ལ་བལྟ་རྒྱུ་རེད་མ་གཏོགས་བླ་ཆེན་མི་ཆེན་ཞིག་གི་དགོངས་པ་དང་མཐུན་མ་མཐུན་ལ་གཟིགས་རྒྱུ་མ་རེད།
འོན་ཀྱང་གསལ་པོ་བཟོ་དགོས་པ་ཞིག་ལ། བསམ་ཚུལ་མི་མཐུན་པ་བཤད་པའི་རྒྱུ་མཚན་གྱིས་༸རྒྱལ་བ་རིན་པོ་ཆེ་ལ་གུས་བརྩི་མེད་པའམ་ངོ་རྒོལ་བྱེད་མཁན་ཡིན་པར་བཤད་ན་སྤྱིར་བཏང་གི་འགྲོ་སྟངས་ཐོག་ནས་ནོར་བ་རེད་ལ། མཛངས་དཀྱེལ་ཆེ་བའི་༸གོང་ས་མཆོག་གི་དགོངས་པར་བབས་པའི་བྱ་བ་ཞིག་ཀྱང་མ་རེད།
༦༽ རྒྱ་ནག་གི་ནང་དུ་ཏཱ་ལའི་བླ་མ་ལ་དགག་པ་བརྒྱབ་ནས་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། དྷ་རམ་ས་ལས་གཙོ་བོ་བྱས་པའི་རྒྱ་གར་ནང་དབུ་མའི་ལམ་དང་༸རྒྱལ་བ་རིན་པོ་ཆེར་བསྟོད་པ་འཐེན་ཏེ་འཚོ་བ་སྐྱེལ་མཁན་ཁྱུ་གཅིག་ཡོད་རེད། ཕྱི་མ་དེས་ཧ་ལམ་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྲུང་སྐྱོབས་དང་དར་སྤེལ་གཏོང་མཁན་གྱི་སྲུང་མ་ཡིན་དྲན་བཞིན་ཡོད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་ཟེར་དུས་རྒྱ་ཆེན་པོ་རེད། དབུ་མའི་ལམ་ཙམ་མ་རེད། རང་བཙན་རྩོད་མཁན་ལ་རང་གི་སྐད་སྒྲ་སྒྲོག་སའི་ལམ་ཞིག་བསྐྲུན་དགོས་པ་དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད། ༸རྒྱལ་བ་རང་ཉིད་ཞལ་མ་བཞུགས་པའི་སྐབས་སུའང་བོད་དོན་མུ་མཐུད་དེ་གནས་དགོས་པ་དང་། དེ་ལྟར་གནས་ཐུབ་པའི་འགན་ལེན་བྱེད་དགོས་པ་དེ་ཡང་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད།
དེར་བརྟེན་༸རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་ཐོག་འདིར་གནད་དོན་གང་ལའང་བློ་རྒྱ་ཆེན་པོས་སྦྱང་བཤད་བྱས། ཐབས་ལམ་གང་ལའང་བསམ་བློ་བཏང་སྟེ། མང་ཚོགས་རང་གིས་འགན་འཁྱེར་ཐུབ་པའི་གནས་སྟངས་ཤིག་ཏུ་འཁྲིད་དགོས་པ་དེ། བོད་དོན་འཐབ་རྩོད་ཀྱི་དགོས་མཁོ་རེད་ལ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གལ་ཆེ་ཤོས་ཤིག་རེད། དེར་བརྟེན། རྟག་པར་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐོག་ཏུ་འབབ་ཐབས་བྱེད་པ་འདི་མངོན་ཤེས་ལྟ་ཅི་རྗེས་དཔག་ཙམ་ཡང་མེད་པའི་སྲུང་མ་ཐ་ཆད་ཀྱི་བྱེད་སྟངས་རེད།
སྐུ་ཉིད་ཀྱིས་ང་མི་ཆུང་ཞིག་གི་བསམ་ཚུལ་ལ་ཐུགས་སྣང་གནང་བར་དགའ་བསུ་ཡོད། ཇི་ལྟར་ཤོག་བུའི་སྒོར་མོ་ཞིག་ལ་རྒྱབ་མདུན་གཉིས་ཡོད་པ་ཇི་བཞིན་༼བསམ་ཚུལ་འབུར་འཇོམས་དང་འུར་རྒྱག་པ་༽ཟེར་བ་དེ་ཤོག་སྒོར་གྱི་ངོས་གཅིག་རེད། དེ་མིན་གྱི་ངོས་གཞན་དེ་ཕྲན་གྱི་ཟིན་བྲིས་གཞན་དག་ལ་བཀོད་ཡོད་པས་དེར་གཟིགས་པར་འཚལ། ཁང་གསར་རྡོ་རྗེས་བྲེལ་སྟབས་སུ་བྲིས་ཏེ་ཕུལ།། །།
ཁང་སར་རྡོར་རྗེའི་་་་འགྲེལ་བཤད་དུ་ ཁོང་གིས་སྔར་གསུང་བའི་ང་་ཚོའི་སྤྱི་ཚོགས་ནང་མི་མངོན་པའི་
སྒྲོམ་གཞི་ཞིག་འདུག་ཅེས་པ་ངེས་བཟུང་གསལ་པོ་མེད་ཀྱང། ཁ་གདང་ན་ཁོག་རིག་པའི་དཔེ་བཞིན།
ཡིན་པ་ནི་ཕ་རོལ་པོའི་བཤད་པ་བཞིན ༸ རྒྱལ་བ་རིན་པོའི་ཆེས་བཞུགས་རང་རེད་འདུག་སྙམ།
གང་ཞེ་ན་ཁོང་རྩོམ་ཡིག་འདིའི་བརྗོད་དོན་མདོར་བསྡུས་ན། བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་ནས་
ད་བར་མི་ལོ་༣༦༠ལྷག་རྒྱུད་བའི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་ས་ཡ་དྲུག་གི་བདེ་དོན་དུ་བོད་གྱི་
སྲིད་འབྱོར་རིག་གསུམ་སྔར་ཡོད་གོང་འཕེལ་དུ་མ་བཏང་པ་སྔར་མེད་གསར་བསྐྲུན་མ་བྱུང་པར་མི་ལོ་༣༠༠་
ལྷག་ལ་བོད་འབངས་མུན་ཁུང་དུ་ཁྲིད་པའི་ནག་ཉེས་ཆ་ཚང་༸རྒྱལ་མཆོག་༡༤་ཆེན་མོ་འདི་པའི་ཁ་བསབ
བྱེད་དགོས་པ་དེ་ཁོང་གི་ལས་འགན་ཙམ་ལས་ དྲིན་ལ་རྩི་མི་རུང་བ་དང་། མང་གཙོ་གསོལ་རས་སུ་གནང་བ་ཡང་གནས་ཡུལ་རྒྱ་གར་གྱི་སྤྱི་ཚོགས་འཁོར་ཡུག་གི་དབང་གིས་བྱུང་བ་ལས་ཁོང་གིས་ཐུགས་དགོངས་སྔོན་སོང་ལས་བྱུང་བ་མིན་པ་ལྟ་བུ་མང་པོ་བྲིས་འདུག་པས་བཀའ་དྲིན་བསམ་ཤེས་མེད་པའི་རྟགས་མཚན་གསལ་པོ་མཐོང་གིས།།འོ་ངས་འདིས་འཕྲོ་རྗེས་ལ་འབྲི་ཡི་ཡིན་་་་་་དགོངས་པ་དང་རོགས་འགྲོ་དགོས་སོང
ཁང་གསར་འདི་མི་ཁ་རུ་ཁ་ཐུག་འཇམ་དབྱངས་ནོར་བུ་ལྟ་བུ་ཞིག་རེད། འཇམ་དབྱངས་ནོར་བུས་ཀྱང་བོད་ཡིག་ཡག་པོ་ཞིག་ཤེས་རྒྱུ་ན་འདི་འདྲ་རྐྱང་རྐྱང་བྲིས་ཡོད་པ་གདོན་མི་ཟ། ད་དུང་འདི་ལས་ཚིག་གི་ཟུར་ཁ་རྣོ་བ་གང་མང་ཞིག་བྲིས་ཡོད་ངེས་ཅན་རེད། ཁང་གསར་ལྟ་བུ་མེད་ན་ང་ཚོ་ཡེ་ཤེས་དབྱིངས་དཔྱད་ཡར་འབུལ་ཁོ་ནའི་ཁོར་ཡུག་ཏུ་གཉིད་དུ་ཡུར་ནས་འདུག་དགོས་ཀྱི་རེད། གོང་ས་མཆོག་གིས་དུས་བསྟུན་དམངས་གཙོའི་ལམ་སྲོལ་འདི་རང་རེའི་བཙན་བྱོལ་སྤྱི་ཚོགས་ལག་མཐིལ་འདྲ་བོ་འདིའི་ནང་དུ་རྒྱ་གར་བའི་སྤྱི་ཚོགས་ཀྱི་འགྲོ་ལུགས་བཞིན་ལག་ལེན་བྱེད་ཐུབ་ན་ཞེས་བཀའ་སློབ་བསྩལ་པ་བཞིན་ལག་ལེན་ཡང་གང་འཚམ་བྱེད་བཞིན་པའི་ཁུལ་དུ་ཡོད་ཀྱང་། ཁང་གསར་བས་བརྗོད་པ་བཞིན་ད་དུང་མི་འདང་ས་གང་མང་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། གོང་ས་མཆོག་གི་ཕྱག་ལས་ཚང་མ་ཡེ་ཤེས་དབྱིངས་དཔྱད་ཡིན་པའི་ངེས་པ་མེད་ཅིང་། གལ་སྲིད་ཡིན་ན་ཡང་དམངས་གཙོའི་འགྲོ་ལུགས་བཞིན་དང་ནང་པའི་སྲེག་བཅད་བརྡར་བའི་གསེར་གྱི་ལུང་འདྲེན་དེའི་ལུགས་སུ་བྱས་ན་ཁོང་གི་ཡེ་ཤེས་དབྱིངས་དོན་ཐོག་ཏུ་འབེབ་པ་ལ་ཡང་མང་ཚོགས་ཀྱི་གཏི་མུག་མུན་དཔྱད་ཀྱི་འགག་འཕྲང་ཞིག་མ་བརྒྱུད་ཐབས་མེད་ཡིན་པ་ནི་ང་ཚོ་ཀླད་ལྡིབ་བྱུང་མེད་པ་ཚོས་ལོས་ཀྱང་ཤེས།
ཁང་གསར་རྡོ་རྗེས། ༸རྒྱལ་མཆོག་ལྔ་བ་ལ། སྲིད་ཕྱོགས་ཀྱི་སྐྱོན་བརྗོད་བྱས་པ་ནི། ཀུན་དང་མི་མཐུན་ལ། མི་ཁྱོད་ལ་བོད་ཞེན་ཞན་པའི་རྟགས་རེད། ༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་ལ། སྐྱོན་བརྗོད་བྱས་ན་དེ་ལས་གླེན་པ་སུ་ཡང་མེད།
བོད་ཀྱི་ན་ཚ་འདི་ལོ་ངོ་༣༦༠་ལྷག་འགོར་བ་ཙམ་མ་ཡིན་པར། ལོ་ངོ་ཆིག་སྟོང་བརྒལ་བའི་ནད་རྙིང་ཞིག་ལགས་ན། མི་ཐོག་གཅིག་གི་དུས་ཡུན་ནང་་བཅོས་ཐབས་མེད་པ་རེད་འདུག་ཨ་ཇོ་ལགས།།།
ཁང་གསརག་གྱིས། ་་་འདིའི་ཕུགས་དེད་ན་༸རྒྱལ་ བ་སྐུ་ཕྲེང་ལྔ་པ་ནས་བརྩིས་པའི་བོད་ཀྱི་དབུ་ཁྲིད་དང་ལས་སྣེ་ཚོས། བསམ་བཞིན་དུའང་བསམ་བཞིན་ མ་ཡིན་པར། བོད་མི་དམངས་རྣམས་མུན་འཐོམ་དུ་བཞག་པ་དང་འབྲེལ་བ་ཡོད་པ་དེ་ཡང་དོན་དངོས་རེད།་་་ ཅེས་པ་འདི་ནི། རང་ཚིག་སྔ་ཕྱི་འགལ་བ་རེད། དང་པོ་བསམ་བཞིན་དུ་མ་ཡིན་པ་དངོས་པོའི་གནས་ཚོད་རེད། གཉིས་པ་བསམ་བཞིན་མ་ཡིན་པར་ཡིན་ན། དེ་ལྟར་ཆགས་པ་ཡིན་སྲིད་ཀྱང་། བཞག་པ་མ་རེད།
དྲ་གོགས་རྣམས་ཀྱིས་དགོངས་པ་དང་བར་ཞུ་ ངས་གོང་གི་འཕྲོ་མུ་མཐུད་འབྲི་ཆོག་པར།།
ཁང་སར་རྡོར་རྗེས་འདི་ལྟར་བཤད་པ་ནི་དངོས་པོའི་གནས་ལུགས་དང་གཏན་ནས་མི་མཐུན་པའི་འཁྱོག་བཤད་ཞིག་རེད་སྙམ།། རྒྱུ་མཚན་ནི་་་གོང་ས་༸ལྔ་བ་ཆེན་པོའི་་སྐུ་རང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་གསར་བཙུགས་གནང་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བཟུང་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་གནས་བ་གོང་འཕེལ་དང་སྔར་མེད་གསར་གཏོད་ཀྱི་རྣམ་པ་རྒྱ་གང་ཆེར་གནང་ཡོད་པ་ནི་ལོ་རྒྱུས་ན་གསལ་པས་སྐུར་འདེབས་བྱ་མི་ཉན།སྤྱིར་རྒྱལ་ཁབ་ཡར་གཏོང་རྒྱུ་དེ་སྲིད་དབང་འཛིན་མཁན་གཅིག་བུས་ལག་ན་གང་བར་ཡོད་། གཞི་རྩའི་སྲིད་འབྱོར་རིག་གསུམ་གྱི་རྨང་གཞི་ལེགས་པོ་ཡོད་པ་དང་ དམངས་གིས་ཤེས་ཡོན་གྱི་གོ་རྟོགས་ མཐའ་བཞིས་འགྲུལ་ལམ་ལགས་པོ་ཡོད་དགོས་པ་སོགས་རྒྱུ་རྐྱེན་སྣ་མང་འདུས་དགོས་བ་ཆོས་ཉིད་དུ་གྲུབ་པས། ཡར་རྒྱས་ལའང་དབྱེ་བ་སྣ་མང་ཡོད་པ་ལས་དུས་དེ་ནས་བཟུང་༸རྒྱལ་མཆོག་སྐུ་ནརིམ་བྱོན་གྱི་དུས་ལ་ཆེ་ཆུང་ལ་མ་ལྟོས་བར་སྤྱི་ཚོགས་ཡར་རྒྱས་ལ་ངེས་པར་དུ་སོང་ཡོད།།
ལྷག་པར་དུའང་གོང་ས༸༡༣པ་དང༡༤པ་རྣམ་གཉིས་ནས་འགྲོ་འདུག་ཉལ་འཆགས་གང་གིས་དུས་ལའང་
བོད་མི་ས་ཡ་དྲུག་བདེ་སྡུག་ཐུགས་ནས་མ་དོར་བར་སྐུ་ལུས་དཀའ་ཚེགས་དང་ཀྱག་ཀྱོག་གི་ལམ་ཕྲེང་ག་
ཚོད་རྒྱུད་པ་མིག་སྣའི་དབང་བོ་མ་མཉམ་པར་གནས་ན་ཟུར་ལྟས་ལེབ་གསལ་ཡིན་པས་༼ཁོང་གི་བཤད་པ་དེ་
ཧ་ཅང་ཐལ་འདུག༽ཡང་དགོས་གོང་ས༸༡༤པ་འདི་པའི་སྐུ་ན་ཕྲ་བའི་དུས་ནས་་་དགྲ་བོས་སྟོབས་དཔུང་ལ་
མཐའ་གཅིག་དུ་རྒོལ་བ་མཛད་དེ་་སྐུ་ངལ་ཚད་མེད་སྐྱོན་ནས་ད་ལྟ་འཛམ་གླིང་འདིར་མི་རིགས་ཚང་མས་མིག་མདུན་དུ་བོད་ཞེས་པ་ཅིག་དང་སྣ་ལམ་དུ་བོད་དོན་ཞེས་ཅིག་ཐོས་རྒྱུ་ཡོད་པ་འདི་ཁོང་གིས་བླ་མེད་ཀྱིས་
མཛད་རྗེས་མིན་ན་གང་རེད།། ཡང་ཁོང་གིས་མཛད་རྗེས་ཡིན་ན་བོད་མི་ཤེས་ཡོན་ཅན་དང་སྙིང་སྟོབས་ཅན་
གྱིས་དཔའ་པོ་དཔའ་མོ་དེ་དག་གི་མཛད་རྗེས་མིན་དགོས་པའི་རིག་བ་རུལ་བ་དེ་འདྲ་ངས་ཁེས་མི་ལེན་ནོ
ཁྱོད་ཀྱིས་གོང་དུ་ཁ་དཔེ་གསར་རྩོམ་གནང་ནས་རིག་པ་དེ་དོན་གྱིས་འཕང་འདུག། ཡང་འཁོར་གྱི་གཙོ་པོ་
རྒྱལ་པོ་ཡིན་པས་འཁོར་གཤེགས་ནའང་རྒྱལ་པོ་གཤེགས་ཞེས་བརྗོད་བ་དེ་འཇིག་རྟེན་མི་ཆོས་ལའང་
ཆོས་ཉིད་ཀྱིས་འགྲུབ་པས་སོ། ད་དེ་ཚོ་ཁྱེད་ལ་བསྐྱར་བཟློས་བྱས་ནས་ཕན་པ་མེད་པས་ གལ་ཆེ་བ་ནི་གོང་དུ་ཁྱེད་ཀྱིས་བསམ་ཚུལ་དུ་་་་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་མི་ལོ༣༦༠ལྷག་ལ་མུན་ནག་དུ་ཁྲིད་པའི་མི་དམངས་ལ་ཧོབ་ཐུག་ཁར་རྒྱལ་བའི་དམངས་གཙོ་གནང་བ་ཡང་ནག་ཉེས་ཞིག་ལ་བརྩིས་འདུག། འོ་ན་དང་སང་སྤྱི་ཚོགས་མང་པོ་མང་གཙོས་ལམ་ལ་བསྐྱོད་ནས་རང་རང་གི་རྒྱལ་ཁབ་དང་སྤྱི་ཚོགས་ཡར་རྒྱས་མངོན་
ཐོན་ཅན་དུ་སྒྱུར་བཞིན་པའི་སྐབས་འདིར་དེའང་མི་འགྲིག་ན།འོ་ན་རང་ཡིན་ན་་་ད་ང་ཚོའི་དམིགས་ཡུལ་དང་སྤྱི་ཚོགས་ཡར་རྒྱས་སོགས་ག་འདྲ་སྒྲུབ་དགོས་རེད།། ཐབས་ལམ་ག་འདྲ་ཡོད་གསུང་ད་བོད་མི་ས་ཡ་དྲུག་གི་རྩ་དོན་གྱིས་འགན་དེ་་་བོད་མི་རེ་ངོ་རེ་ལ་ཡོད་པ་མངོན་གསལ་རེད།། སྤྱིར་བླ་མ་ལ་ཁ་བཏང་བ་དང་བཞུང་ལ་སྐྱོན་བརྗོད་བྱས་པ་ཙམ་ལ་ང་ལ་བསམ་ཚུལ་གང་ཡང་མེད་དེ་བླ་མས་ནང་དུ་སྐྱོན་ཅན་དང་
གཞུང་ལ་ནོར་འཁྲུལ་དངོས་མཐོང་ཡོད་པས་སོ།། འོན་ཀྱང་ཁྱོད་ཀྱིས་བཤད་པ་ལ་ཆོས་ཀྱིས་པགས་ཆགས་མ་ཡིན་པར་དོན་དངོས་དང་མི་མཐུན་པའི་ནོར་འཁྲུལ་ཚབ་ཆེན་འདུག།།
འོ་དགོང་ད་ གྲོགས་ཞེས་བའི༼ར་བཏགས༽དང་ཡར་རྒྱས་ཞེས་བའི༼རྒྱས༽ཡང་ཆད་འདུག།
ཁང་སར་རྡོ་རྗེ་ལགས་ཀྱི་རྩོམ་ཡིག་སྔོན་མ་རྣམས་ཀློག་རྒྱུ་མ་བྱུང་བས་བཤད་ཚོད་དཀའ་ཡང་རྩོམ་ཡིག་འདི་ལས་རགས་ཙམ་དཔོག་ཐུབ་ཀྱི་འདུག
ཐོག་མ་ཁང་སར་རྡོ་རྗེ་ལགས་ལ་ཆེད་དུ་ཞུ་རྒྱུར་བསམ་ཚུལ་དང་ལྟ་ཚུལ་ཅི་ཞིག་ཡོད་ན་རང་དབང་དང་དྲང་བདེན་གྱི་ལམ་ནས་བརྗོད་ཐུབ་མཁན་ཞིག་ན་ངས་ཁྱེད་ལ་དགའ་བསུ་ཞུ། འོན་ཀྱང་རང་གིས་རང་ལ་ང་དྲང་བདེན་པ་དང་རང་དབང་གིས་གཏམ་བརྗོད་པ་ཞིག་ཡིན་བསམ་པ་དེས་ཅི་གང་ཡང་འགྲིག་མི་ཐུབ། དེར་བརྟེན་ཁྱེད་ཉིད་རང་དབང་གིས་དཔྱད་བརྗོད་པ་ཞིག་ཡིན་ན་དཔྱད་འབྲས་དེའང་རིན་ཐང་ལྡན་པ་ཞིག་ཐོན་དགོས་པ་དང་དེ་ལ་བརྟེན་ནས་ཕན་འབྲས་ལྡན་པའི་བསླབ་བྱ་ཞིག་ཐོབ་དགོས། དེ་ལྟར་མ་བྱུང་ན་བསྐྱར་དུ་རང་གིས་རང་ལ་ཞིབ་འཇུག་བྱ་དགོས།
རེད་ཡ་ཁྱེད་ཀྱིས་ལོ་ངོ་༣༦༠རིང་ལ་དགའ་ལྡན་ཕོ་བྲང་བས་བྱས་ཉེས་ཀྱིས་བོད་འདི་ཆེས་མུན་ནག་གི་ཁྲོད་དུ་བཏུམ་ཞེས་པ་དེ་དོན་དངོས་ལ་རྒྱ་ནག་གིས་ད་ལྟའི་བརྗོད་སྟངས་དང་གཅིག་མཚུངས་རེད། ཁྱེད་ལྟར་ན་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བོད་ཡུལ་ན་གནས་པའི་སྐབས་སུ་བོད་དུ་སློབ་གྲྭ་བཙུགས་ཐུབ་མེད་པ་དང་དེ་རྗེས་རྒྱ་དམར་གྱིས་སློབ་གྲྭ་མང་བོ་བཙུགས་པའི་ཕན་ཁེ་ཆེ་བར་ཌྷའདོད་དམ།
སྤྱིར་ལོ་རྒྱུས་སྤྱི་གནས་བབས་ལ་བལྟ་རྒྱུ་གལ་ཆེ། དགའ་ལྡན་ཕོ་བྲང་གཅིག་ཁོ་ནར་བལྟས་པ་ཙམ་མ་ཡིན་པར་ལོ་ངོ་བརྒྱ་ཡན་གྱི་ཤར་གླིང་སྤྱི་འཕོ་འགྱུར་ལ་གཟིགས་དང་གཞི་ནས་ཁྱེད་ཀྱིས་སེམས་ངོར་གཞན་ཞིག་རྙེད་སྲིད། དེ་དང་ལྷན་དུ་བོད་ཀྱི་ཁོར་ཡུག་གི་གནས་བབས་ཆ་ལ་ཡང་བསམ་བློ་གཏོང་དགོས། གཞི་ནས་ཡང་བསྐྱར་དཔྱད་བརྗོད་ཅིག་སྤེལ་རོགས།
ཁང་གསར་རྡོ་རྗེས་གསུང་པ་རྒྱུ་མཚན་ཡང་དག་འདུག མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དགའ་ལྡན་ཕོ་བྲང་གིས་ད་བར་གང་ཡང་འཇོན་མེད་པ་ལོ་རྒྱུས་ཕྱིར་བལྟས་ན་ཤེས་ངེས།
ཁང་གསར་རྡོ་རྗེ་ལགས་ ཐུགས་རྗེ་ཆེ་ཁྱེང་ཀྱིས་སྐད་ཆ་ཁྲ་ཁྲ་དང་རིང་པོ་རྣམ་འགྱུར་ཡིན་མདོག་ཁ་
བོ་བཅས་བཤད་འདུག་འོན་ཀྱང་མདའ་བརྒྱབ་དགོས་ན་འབེན་ཆ་ཚང་མཐོང་ན་མཚམས་པོ་ཡོད་རེད་དེ་མིན་བརྒྱབ་མི་དགོས་སར་བརྒྱབ་ན་དེ་ནི་ཞར་མཆོངས་བརྒྱབ་པ་རང་རེད། བྱས་ཙང་ད་ཐེངས་ཁྱེད་ཀྱིས་ཞར་
མཆོངས་བརྒྱབ་འདུག་ག་་་་ཧ་་་་་ཧ་་་་ཧ་་་་་་་
ཁྱེད་ཀྱིས་སྐུ་ཕྲེང་རིམ་བྱོན་ལ་བོད་མིའི་མུན་ནག་གི་ཞཱ་མོ་དེའི་ཁག་འཁྲི་བྱས་ན་འོ་ན་༧རྒྱལ་དབང་སྐུ་ཕྲེང་
༡༣པས་བོད་ཕྲུག་ཕྱི་རྒྱལ་དུ་སློབ་ལ་བཏང་བ་དང་དེ་བཞིན་༧སྐུ་ཕྲེང་༡༤སྐུ་ན་ཕྲ་དུས་ནས་བསྒྱུར་བཅོས་
བྱེང་འགོ་ཚུགས་པ་དག་ཁྱེད་ཀྱིས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་དེ་མཇལ་མ་བྱུང་བས་
དེང་སང་སྤྱི་ཚོགས་ནང་འཇམ་ནོར་སོགས་སྐྱེ་བོ་རེ་འགས་ཁ་བདེ་པོ་རྐྱང་རྐྱང་བྱས་མི་སེམས་དཀྲུག་གིན་
འདུག་ཐུགས་རྗེ་གཟིགས་སྨྱུ་གུ་འཇུས་ན་དངོས་ཡོད་དང་མཚམས་པ་བྱེད་ དེ་མིན་ན་ལམ་སྟེང་དུ་སྐད་
འབོད་ལ་ཕེབས་ཤོག།།། སེམས་ཤུགས་ཡོད་ན་དེ་ཡང་གོ་སྐབས་གཅིག་ཡིན།།།།
ཉིད་ལ་ཡི་རངས་དང་བརྩི་བཀུར་ཡོད།
ཁང་གསར་རྡོ་རྗེ་ལགས་ཀྱི་སྲུང་མའི་སྐོར་གྱི་འབྲི་རྩོམ་འདི་ནི་བེད་མེད་སྟོང་བཤད་ཅིག་རེད་འདུག
ཀརྨ་རྡོ་རྗེ་ལགས་རྒྱུ་མཚན་ལྡན་པའི་སྒོ་ནས་དགག་བ་རྒྱོབས་དང་། དེ་མིན་ཚིག་རྩུབ་དེ་འདྲ་ཞིག་གིས་དག་སེལ་བྱེད་ཐུབ་ཀྱི་མ་རེད་དོ།
རྩོམ་འདི་ཁ་བརྡའི་ཐོག་འདྲེན་འགོད་གནང་ཡོད་པ་ད་རེས་མ་གཏོགས་ཤེས་མ་བྱུང་བས། དྲི་བ་དང་གནད་དོན་ཁག་ལ་ལན་འབུལ་རྒྱུ་བྱུང་མི་འདུག འདིར་བཀོད་པའི་དྲི་བ་ཕལ་མོ་ཆེའི་ལན་དུས་བབ་ཐོག་ལ་ཕུལ་ཡོད་པས་དེ་ག་རང་ལ་གཟིགས་རོགས་གནང་། འདིར་བཀོད་པའི་དགོངས་འཆར་ཡོངས་རྫོགས་བཀླགས་པ་ཡིན། ཐུགས་རྗེ་ཆེ།
རིན་ཆེན་ལགས། དགག་པ་བརྒྱབ་ཡིན་དགག་ལེན་མེད་པ་བཐོང་བགྱིད་མི་འདུག་གེ། ང་ཚོ་བོད་པར་ཚིག་རྩུབ་ཤོད་མཁན་ཁང་གསར་ཁྱོད་་གཉིས་རེད་མ་གཏོགས་ང་ཚོ་མ་རེད། ད་ཁྱོད་གཉིས་སྲོང་བཙན་སྒམ་པོ་དང་ཉག་ཁྲི་བཙན་པོ་གཉིས་ལ་སྐྱོན་བརྗོད་བྱེད་ཡ་མ་གཏོགས་ལྷག་ཡོད་མ་རེད།
ཁང་གསར་རྡོ་རྗེ་ལགས་ཀྱི་གསུངས་བབ་ལ་གཞིགས་ན། རྒྱ་དམར་གྱིས་དེ་སྔོན་ཞིང་བྲན་ལམ་ལུགས་དང༌། གྲལ་རིམ་སྔ་བདག་རིང་ལུགས་པ། ཆེས་མུན་དང་ཆེས་ཀླ་ཀློ་ཞེས་པའི་ལས་འགུལ་མནར་གཅོད་འོག་འདས་པའི་ངའི་ཕ་མེས་རྣམས་དྲན་བྱུང་། འོན་ཀྱང་ངས་ཚོད་གམ་བྱས་པ་ནོར་མེད་ན་ཁང་རྡོར་ལ་དར་དམར་འོག་ནས་འཚར་ལོངས་བྱུང་ཞིག་རྟན་རྟན་རེད་འདུག་ དྲ་གྲོགས་ཨེ་རེད།
སྔ་བདག་ཞེས་པ་མངའ་བདག་ལ་བཅོས་རོགས།
ཁང་རྡོར་ཁྱོད་ཀྱི་སྲུང་མ་གསར་པ་འདི། དོད་རྒྱལ་མཉམ་དུ་བཞག་ནས་འཕྲིན་བཅོལ་འདྲ་བཏང་ནས་ཁ་བཙུམ་བསྡད་ན་གཞན་ལ་ཕན་པ་འདུག