ཁ་བའི་རྣམ་ཤེས།
ཕྱག་ན་པདྨོ་སྐུ་ཕྲེང་རིམ་བྱོན་གྱི།།
མི་ཟད་རྣམ་ཐར་རྒྱ་མཚོ་ཆེན་མོ་ལས།།
ཆུ་ཐིགས་ཙམ་ཞིག་གླུ་རུ་ལེན་འདོད་ན།།
སྨྲ་བའི་རམ་འདེགས་མཛོད་ཅིག་ལྷ་ཡི་ཚོགས།།
བཀྲ་ཤིས་དཔལ་གྱིས་མཛེས་པའི་ལྷུན་པོ་རུ།།
ཟུང་འཇུག་མངོན་གྱུར་བློ་བཟང་ཆོས་རྒྱན་སོགས།།
དགེ་འདུན་མཁས་གྲུབ་འདུས་པ་རྒྱ་མཚོ་ལས།།
ཐོས་བསམ་སྒོམ་པའི་རླབས་ཕྲེང་ཆི་ལི་ལི།།
དགའ་བ་བརྒྱ་ལྡན་ཕོ་བྲང་ནོར་བུའི་འོད།།
རྨད་བྱུང་གྲུ་འཛིན་གཉིས་པའི་རྒྱན་དུ་འབར།།
རྒྱལ་བའི་ཡང་སྤྲུལ་དགེ་འདུན་རྒྱ་མཚོ་ལས།།
འཆད་རྩོད་རྩོམ་པའི་རླབས་ཕྲེང་ཆི་ལི་ལི།།
བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་ཀྱི་སྒྲ།
གྲགས་སྙན་ཆེན་པོ་ཧོར་གྱི་རྣ་བར་དགོད།།
ཁ་བ་ཅན་པའི་བསོད་ནམས་རྒྱ་མཚོ་ལས།།
མཁས་བཙུན་བཟང་པོའི་རླབས་ཕྲེང་ཆི་ལི་ལི།།
ཁ་བའི་ལྗོངས་ནས་རབ་གནས་མེ་ཏོག་ཐོར།།
ཙི་ནའི་ཡུལ་དུ་བབ་པའི་ངོ་མཚར་བརྙེད།།
ཐུགས་རྗེ་ཆེན་པོའི་ཡོན་ཏན་རྒྱ་མཚོ་ལས།།
མངོན་འགྱུར་གྲུབ་རྟགས་རླབས་ཕྲེང་ཆི་ལི་ལི།།
ལུགས་གཉིས་འཁོར་ལོས་བསྒྱུར་བའི་རྒྱལ་ཐབས་སུ།།
རིས་མེད་སྐྱེས་ཆེན་དམ་པའི་སྐུར་བཞེངས་ཏེ།།
བཅུ་ཕྲག་རིག་པའི་བློ་བཟང་རྒྱ་མཚོ་ལས།།
ཆོས་སྲིད་མཛད་པའི་རླབས་ཕྲེང་ཆི་ལི་ལི།།
འཐོབ་དང་གོ་ས་སྲེག་ཟའི་ཞལ་དུ་ཕུལ།།
གཏམ་དང་སྙན་གྲགས་གཙང་པོའི་ཆུ་ལ་བསྐུར།།
རིག་འཛིན་གྲུབ་པའི་ཚང་དབྱངས་རྒྱ་མཚོ་ལས།།
དམ་ཆོས་མགུར་མའི་རླབས་ཕྲེང་ཆི་ལི་ལི།།
སྤྱན་རས་གཟིགས་དབང་རྒྱལ་བ་རྒྱ་མཚོ་དང་།།
དབྱེར་མེད་དྲིན་ཅན་བླ་མའི་སྐུར་བཞེངས་ཏེ།།
མཁས་ཤིང་གྲུབ་པའི་སྐལ་བཟང་རྒྱ་མཚོ་ལས།།
ཆབ་དཔལ་རིག་གནས་རླབས་ཕྲེང་ཆི་ལི་ལི།།
ཡོངས་འཛིན་ཆེན་མོ་ཡེ་ཤེས་རྒྱལ་མཚན་ལས།།
སྙན་བརྒྱུད་མན་ངག་རྣམ་དཔྱོད་ཧུབ་ཀྱིས་བཏུང་།།
སྒྲུབ་བརྒྱུད་མཁྱེན་པའི་འཇམ་དཔལ་རྒྱ་མཚོ་ལས།།
རྨད་བྱུང་དད་པའི་རླབས་ཕྲེང་ཆི་ལི་ལི།།
སྔོན་གནས་རྗེས་དྲན་གོང་མའི་རྒྱལ་ས་འཛིན།།
ཁ་བ་རི་པའི་རང་སྡེ་གཙིགས་སུ་བཟུང་།།
སྙིང་རྗེའི་གཏེར་ཆེན་ལུང་རྟོགས་རྒྱ་མཚོ་ལས།།
ཞི་རྒྱས་དབང་དྲག་རླབས་ཕྲེང་ཆི་ལི་ལི།།
བདག་འཛིན་གདོན་གྱིས་སྨྱོས་པའི་དཔོན་ཆེན་དང་།།
གདུལ་བྱའི་རྟག་འཛིན་རླུང་ལ་སྐུར་བའི་ཕྱིར།།
མཆོག་སྤྲུལ་གཞོན་ནུ་ཚུལ་ཁྲིམས་རྒྱ་མཚོ་ལས།།
མི་རྟག་དྲན་སྐུལ་རླབས་ཕྲེང་ཆི་ལི་ལི།།
གདན་ས་ཆེན་མོ་སེ་འབྲས་དགའ་གསུམ་དུ།།
དམ་ཆོས་བདུད་རྩིའི་དཔལ་ལ་རོལ་དང་ལྷན།།
རྒྱལ་མཆོག་གཞོན་ནུ་མཁས་གྲུབ་རྒྱ་མཚོ་ལས།།
མཆོད་སྦྱིན་གཏོང་ཕོད་རླབས་ཕྲེང་ཆི་ལི་ལི།།
རྒྱལ་བའི་གསུང་རབ་རྣམ་དཔྱོད་ཧུབ་ཀྱིས་བཏུང་།།
ལུགས་གཉིས་ཀུན་ལ་དབང་བའི་རྒྱལ་ས་བཟུང་།།
ཡང་སྤྲུལ་གཞོན་ནུ་འཕྲིན་ལས་རྒྱ་མཚོ་ལས།།
གསང་གསུམ་མཛད་པའི་རླབས་ཕྲེང་ཆི་ལི་ལི།།
བསྟན་པ་རིན་ཆེན་ཡུན་དུ་གནས་པའི་ཕྱིར།།
སྙིང་སྟོབས་ཆེན་པོས་དཀའ་བ་ལྷུར་བཞེས་ཏེ།།
རྣམ་འདྲེན་བཞི་པའི་ཐུབ་བསྟན་རྒྱ་མཚོ་ལས།།
བསྙེན་རྫོགས་བསྟན་པའི་རླབས་ཕྲེང་ཆི་ལི་ལི།།
ཆོས་དང་ཚན་རིག་ཟུང་དུ་འབྲེལ་བའི་ལམ།།
འཇིག་རྟེན་ཡོངས་ལ་ཞི་བའི་ལྟ་གྲུབ་སྤེལ།།
རྒྱལ་བའི་ཡང་རྩེ་བསྟན་འཛིན་རྒྱ་མཚོ་ལས།།
འཛམ་གླིང་ཞི་བདེའི་རླབས་ཕྲེང་ཆི་ལི་ལི།།
ཆེམ་ཆེམ་ཞི་བདེའི་འོད་ཀྱིས་འཛམ་གླིང་ཁྱབ།།
བསིལ་བསིལ་འཕྲིན་ལས་ཟེགས་མས་འགྲོ་རྣམས་སྐྱོང་།།
དུང་དུང་སྙིང་གི་ནོར་བུ་ཆུ་ཤེལ་ཅན།།
དཀར་དཀར་ཁ་བའི་ལྗོངས་སུ་འཆར་བར་སྨོན།།
རིགས་གསུམ་གཅིག་བསྡུས་མི་ཡི་སྒྱུ་འཕྲུལ་གར།།
སྲིད་གསུམ་དབང་བསྒྱུར་གྲུ་འཛིན་གཉིས་པའི་མགོན།།
རྣམ་གསུམ་མཆོད་སྤྲིན་རྒྱ་མཚོ་ཁྱེད་ལ་འབུལ།།
སྟོང་གསུམ་འགྲོ་བའི་མགོན་དུ་བཞུགས་གསོལ་འདེབས།།
འོད་གསལ་བདེ་བ་ཆེན་པོའི་གཞལ་ཡས་ནས།།
འཇིག་རྟེན་དབང་ཕྱུག་མི་ཡི་རྣམ་པར་བྱོན།།
འཕགས་མཆོག་ཕྱག་ན་པདྨོ་རིམ་བྱོན་ལ།།
མཐའ་དང་འཛད་དུ་མེད་པའི་དགེ་མཚན་གྱིས།།
འཇིག་རྟེན་སྤྱི་དང་ཁྱད་པར་ཁ་བའི་ལྗོངས་།།
ནད་མུག་འཁྲུག་རྩོད་ནམ་ཡང་མི་འབྱུང་ཞིང་།།
བོད་རིགས་ཕུ་ནུ་བཞིན་དུ་མཐུན་པ་དང་།།
རང་དབང་བདེ་དགའི་དཔལ་ལ་སྤྱོད་གྱུར་ཅིག།།
དེ་ལྟར་རྒྱལ་བའི་དབང་པོ་རིམ་བྱོན་གྱི།།
མི་ཟད་རྣམ་ཐར་རྒྱ་མཚོ་ཆེན་མོ་ལས།།
ཆུ་ཐིགས་ཙམ་ཞིག་ཡིད་ལ་བསྐྱིལ་བས་ཀྱང་།།
བྱིན་རླབས་ངག་གི་རླབས་ཕྲེང་ཆི་ལི་ལི།།
ལྷག་བསམ་གངས་ཀྱི་རི་ལ་གནས་བཅས་ཤིང་།།
ཉམས་འགྱུར་ཡན་ལག་བརྒྱད་ལྡན་གངྒཱའི་ཆབ།།
རྣམ་དཔྱོད་རལ་པའི་ཁུར་འཆང་ཆབ་བྲག་བ།།
གང་གི་བཀའ་དྲིན་དྲན་བཞིན་འདི་ཡང་བྲིས།
ཁ་བའི་རྣམ་ཤེས་ལེགས་ཀྱིས། རྒྱལ་བའི་དབང་པོ་སྐུ་འཕྲེང་རིམ་བྱོན་གྱི་མཚན་ནས་གླུ་གཞས་མཛད་པར་
བཀའ་དྲིན་ཆེ།
ཕྲེང་ཆི་ལི་ལི། མིང་ཚིག་དང་པོར། འ་སྔོན་འཇུག་ཡོད་མེད་གཉིས་ཀ་མཐོང་བས་ཡོད་པ་གཙོ་ཆེའོ།
ལ་དྭགས་འཇམ་དཔལ་ལགས་ཀྱིས་སློབ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ།
ཁ་བའི་རྣམ་ཤེས་ལགས་ཀྱིས་སྙན་པོ་བྲིས་འདུག
སྐུ་ཕྲེང་རིམ་བྱོན་སྐོར་ལ་ཁ་བའི་རྣམ་ཤེས་ལགས་ནས་བརྩམས་གནང་བ་
སྙན་པོ་གང་ལེགས་སུ་འདུག་པ་ཐུགས་རྗེ་ཆེ།
བཀྲིས་བདེ་ལེགས་ཡོད།
ད་ང་ཚོ་བོད་པ་ཚོ་གཉིད་ཐུག་པོ་དེ་ལས་སད་ན་ཆོག་གི། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་ལ་བོད་ཀྱི་སྲིད་དབང་བླ་མས་བཟུང་བའི་སྐྱོན་གྱིས་རང་བཙན་ཤོར་བ་རེད།་ད་དུང་དེ་ཧ་མི་གོ་མཁན་ཚོ་ལྐུག་པ་རེད། ཁྱིམ་མཚེས་འབྲུག་ལ་ལྟོས་དང་ཤེས་སླ། འཛམ་གླིང་གི་རུལ་སུངས་ཆེ་ཤོས་ཏེ་རྒྱལ་དབང་ལྔ་བ་ཡིན་པ་གསལ་པོ་རེད། འོན་ཀྱང་ད་དུང་ང་ཚོས་ལྔ་ཆེན་པོ་ནི་ཆོས་སྲིད་གཉིས་ལ་འགྲན་ཟླ་བྲལ་བ་རེད་ཅེས་བཤད་ཀྱི་ཡོད་པ་རེད། ལྐུག་རྟགས་ལ། སེམས་པ་ཧ་ཅང་སྐྱོ་ཀི་འདུག
རང་བྱུང་རིག་པའི་རྡོ་རྗེ་ལགས་ཀྱིས་རང་གི་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།འོན་ཀྱང་༧གོང་ས་ལྔ་པ་ཆེན་པོ་ལ་ཚད་ལས་བརྒལ་བའི་མཚན་དམས་ཞུས་པ་ནི་སྙིང་རྗེའི་ཡུལ་ལས་མ་འདས།སྐད་ཆ་འདི་ལ་ཕྱི་རྒྱལ་བའི་གཏམ་དཔེ་ཞིག་གིས་འཇུག་བསྡོམས་རྒྱག་ཐུབ།འོ་མ་ཕོས་པའི་ཐོག་ལ་ངུ་འབོད་མ་བྱེད(don’t cry over spilt milk)ཅེས་ཟེར།རང་གི་རིགས་ཤ་ཚ་ཡོད་ན་ཐབས་ལམ་འཚོལ་དགོས་པ་ལས་དུས་ཚོད་འདས་ཟིན་པའི་ལས་ནོར་འཆད་ཀྱིན་བསྡད་ན་ཕན་ཐོགས་མེད་སྙམ།དེ་ནི་རང་ཉིད་ཀྱི་བསམ་ཚུལ་ཡིན།
སྐུ་ཞབས་ཁ་བ་ལགས། མཆོག་ནས་རྒྱལ་དབང་ལྔ་བའི་བྱས་རྗེས་ཤིག་གསུང་དང་དེ་ནས་ངས་བཤད་དགོས། ངས་ནམ་ཡང་མི་སྐྱོན་མེད་ལ་ཞིག་ལ་སྐྱོན་བརྗོད་གཏན་ནས་མི་བྱེད། ཁྱེད་ཀྱིས་རྨོངས་དད་ཀྱི་དབང་གིས་རྒྱལ་དབང་ལྔ་བ་སྐྱོན་མེད་པ་ཞིག་ངོས་འཛིན་བྱས་ཡོད་པ་རེད། ཁྱེད་ཀྱིས་ཞིབ་འཇུག་ལེགས་པོ་ཞིག་བྱོས་དང་རྟོགས་སླ། །
རང་བྱུང་ལགས།༧རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་དང་།དེའི་སྐབས་སུ་ཁོང་དང་འབྲེལ་བ་དངོས་སུ་བྱུང་བའི་བླ་ཆེན་ཁག་གི་རྣམ་ཐར།བོད་ཀྱི་སྲིད་དོན་རྒྱལ་རབས་སོགས་བློ་གཟུ་བོར་གནས་པའི་སྒོ་ནས་ཀློགས་དང་།ད་གཟོད་ཁྱེད་ཀྱི་སྐད་ཆ་ལ་ཆ་འཇོག་ཡོད་མེད་ཀྱི་རིན་ཐང་ཤེས་ཀྱི་རེད།འོ་ན་ཁྱོད་ཀྱིས་ལོས་རྒྱུས་དེ་དག་ཁུངས་མེད་དུ་བསྒྲུབས་ཏེ་དེབ་ཐེར་གསར་པ་ཞིག་བརྩམས་ནས་ང་ལ་སྐུར་ཤོག།དེ་ལྟར་མེད་ན་ཀླན་ཀ་འཚོལ་བའི་དགོས་པ་ཅི་ཡོད་དམ།
ཁ་བས་ལན་གནང་བ་ཐུགས་རྗེ་ཆེ་ཞུ། དེ་དུས་ཀྱི་བླ་ཆེན་ཚོའི་རྣམ་ཐར་ལ་ཆ་འཇོག་གང་ཡང་ཡོད་པ་མ་རེད། དེ་དུས་བོད་པ་ཚོས་འཛམ་གླིང་གི་གནས་ཚུལ་གང་ཡང་ཤེས་ཀྱི་ཡོད་པ་མ་རེད་ལ། ཤེས་འདོད་ཀྱང་ཡོད་པ་མ་རེད། ད་ལྟ་ང་ཚོས་སྔ་མ་ཚོའི་ནོར་འཁྲུལ་ངོས་འཛིན་བྱེད་རྒྱུ་ལས་སླ་བོ་རེད། རྒྱུ་མཚན་ནི་ང་ཚོས་ས་ཆེན་པོ་གོ་ལ་འདི་སོ་སོའི་ལག་མཐིལ་ལ་བལྟས་པ་ནང་བཞིན་མཐོང་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་རྨོངས་དད་ཀྱིས་དབང་གིས་དེའི་སྐོར་ལ་ཞིབ་འཇུག་བྱེད་འདོད་ཡོད་པ་མ་རེད། ངས་འདིར་རྒྱལ་དབང་ལྔ་བའི་སྐྱོན་ཆ་ཅུང་ཟད་ཅིག་གླེང་གི་ཡིན། ལྔ་བ་ཆེན་པོ་དང་སྡེ་སྲིད་གཉིས་ཀ་མཁས་པ་ཡིན་མིན་ནི་ང་ལྟ་བུ་ཞིག་གིས་བཤད་མ་དགོས་པ་རེད། འོན་ཀྱང་བོད་ཀྱི་མ་འོངས་པའི་འདུན་ལམ་ལ་གཏན་ནས་བསམ་གཞིགས་བྱས་མེད་པ་གསལ་པོ་རེད། ཁོང་ཡབ་སྲས་གཉིས་ཀས་བོད་ཀྱི་སྲིད་དབང་ལོ་ངོ་དྲུག་ཅུ་ལྷག་ལ་དབང་བསྒྱུར་བྱས་པ་རེད། དེའི་རིང་ལ་བོད་འདི་རང་སྐྱ་ཐུབ་པའི་རྒྱལ་ཁབ་ཅིག་ཏུ་བསྐྲུན་རྒྱུའི་ཐུགས་འདུན་གཏན་ནས་མེད་པ་རེད། དེ་མིན་ལོ་ངོ་དྲུག་ཅུ་དུས་ཚོད་ཐུང་ཐུང་མ་རེད། ཇིང་གུར་རྒྱལ་པོས་ལོ་ཉི་ཤུའི་རིང་ལ་འཛམ་གླིང་དབང་བསྒྱུར་བྱས་པ་རེད། ཁོང་ཡབ་སྲས་གཉིས་ཀས་བོད་འདི་རྒྱལ་ཁབ་སྲ་བརྟན་ཞིག་གཏོང་རྒྱུའི་ཚབ་ཏུ་དགེ་ལུགས་ཀྱི་ཆོས་རྒྱུད་ཡར་རྒྱས་གཏོང་རྒྱུ་དང་ཕོ་བྲང་ཆེན་པོ་པོ་ཏ་ལ་གཉིས་ཀར་ཤུགས་རྒྱབ་པ་རེད། པོ་ཏ་ལ་ནི་འཛམ་གླིང་གི་རྒྱལ་ཁང་རྫིག་ཤོས་གཉིས་པ་དེ་རེད། དེ་དུས་བོད་ཡུལ་ནི་ཧ་ཅང་གི་སྐྱོ་བོ་རེད། ཆེས་དབུལ་བོ་ལུང་པ་ཞིག་ནས་རྒྱལ་ཁང་འཛམ་གླིང་གི་ཡང་རྩེར་སླེབས་པ་ཞིག་བརྩིགས་པ་དེ་ལྔ་བ་ཆེན་པ་རུལ་སུངས་ཡིན་པ་དང་གླེན་པ་ལུག་ལྟ་བུ་ཞིག་ཡིན་པས་བདེན་དཔང་ཡང་བྱས་པ་རེད། ད་ཧ་གོ་སོང་ངམ། མང་པོ་མི་བཤད། དེ་ཙམ་གྱིས་རྟོགས་སླའོ། །
རང་བྱུང་ལགས།གུང་ཁྲན་སྲིད་གཞུང་གིས་བོད་མི་རིགས་འདི་ནི་ཆེས་རྗེས་ལུས་ཅན་དང་།ཆེས་རྨོངས་དད་ཅན།ཆེས་ཞིང་བྲན་ཅན་ཞིག་ཡིན་པར་ཁྱབ་བསྒྲགས་ཤུགས་ཆེར་བྱས་དང་བྱེད་བཞིན་པ་རེད།ཁྱེད་རང་གིས་དེའི་ཐོག་ཏུ་ཤུགས་སྣོན་བརྒྱབས་ཏེ་རྨ་ཐོག་ཏུ་ཚ་འདེབས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།མི་ལོ་སུམ་བརྒྱའི་སྔོན་གྱི་འཛམ་གླིང་གི་སྤྱི་ཚོགས་ནང་དུ་མི་ཤ་བཟས་ཏེ་འཚོ་བ་སྐྱེལ་མཁན་མང་པོ་ཡོད་རེད།
ང་ཚོ་རྗེས་ལུས་ཡིན་བཞིན་དུ་མིན་ཞེས་དུང་ཕྱུར་ཙམ་བགྲང་རུང་ཕན་གྱི་མ་རེད། དེ་ནི་དངོས་ཡོད་གནས་ཚུལ་རེད། ཉི་མ་སྤར་མོས་ནམ་ཡང་འགབ་མི་ཐུབ། ལྷག་པར་དུ་བོད་མི་མང་ཆེ་བ་ཡིག་རྨོངས་ཡིན་པ། ཁྱེད་ཀྱིས་ཡིག་འཁྱོག་ཅིག་འབྲི་ཤེས་ཀྱི་འདུག འོན་ཀྱང་རྣམ་དཔྱོད་ཧ་ཅང་སྐྱོ་བོ་རེད། ད་བཤད་འདོད་མི་འདུག གནས་སྐབ་ས་རིང་བདེ་མོ་བྱོས། །
ལགས་སོ།ངེད་ཀྱིས་བོད་མི་རིགས་ལ་ཡིག་རྨོངས་མང་ཡང་ཡིད་རྨོངས་ཉུང་བའི་སྤྱི་ཚོགས་ཞིག་ཡིན་པར་སེམས།དེ་གཉིས་ཀྱི་ཁྱད་པར་འབྱེད་ཤེས་ན།ངས་ཁྱེད་ལ་རྣམ་དཔྱོད་ཕྲན་བུ་ཡོད་པར་ངོས་འཛིན་ཞུ་ཆོག
ངས་ཡིག་རྨོངས་ཟེར་དགོས་པའི་རྒྱུ་མཚན་རྒྱལ་དབང་ལྔ་བ་ནས་བཟུང་དགའ་ལྡན་ཕོ་བྲང་གིས་བོད་མི་སྤྱི་ལ་ཕན་པའི་སློབ་གྲྭ་གསར་འཛུགས་བྱས་ཡོད་པ་མ་རེད་ལ། ལྔ་བའི་རིང་ལ་སྐུ་དྲག་གི་ཕྲུག་གུ་ཚོར་དམིགས་ནས་སློབ་གྲྭ་ཞིག་གསར་འཛུགས་བྱས་པའི་ལོ་རྒྱུས་ཤིག་བཀླགས་པ་དྲན་སྣང་དུ་འདུག དེ་མིན་ཇོ་ནང་དང་བོན་སོགས་རྩ་མེད་དུ་བཏང་ནས་དགེ་ལུགས་ལ་བསྒྱུར་ཅི་ཐུབ་བྱས་ནས་སྤྱི་ཚོགས་ཀྱི་འཆམས་མཐུན་དཀྲུགས། དེ་ནི་བྱས་རྗེས་ཤིག་ལ་རྩིས་མི་སྲིད་དོ། གལ་ཏེ་རྒྱལ་དབང་ལྔ་བའི་ཉེས་པར་གཟུགས་ཡོད་ན་ནམ་མཁར་ཤོང་གི་མ་རེད། འོན་ཀྱང་བོད་བླུན་ཚོས་ཁོང་ལ་ལྷའི་འདུ་ཤེས་འཇོག་གི་ཡོད་པའི་སྐྱུག་བྲོ། །
རང་བྱུང་ལགས།ཁྱེད་ཀྱིས་ཆོས་ཁས་་བླངས་ཀྱང་རུང་།མ་བླངས་ཀྱང་རུང་།དེ་ནི་གང་ཟག་སྒེར་གྱི་གནད་དོན་ཞིག་རེད།དེ་གཉིས་གང་རུང་ལ་ཧམ་རྫུན་བཤད་ན་མི་འགྲིག ༧རྒྱལ་མཆོག་ལྔ་པ་ནས་ཐོག་དྲངས་ཏེ་ལོ་རྒྱུས་ལ་ཞིབ་འཇུག་རོབ་ཙམ་གྱིས་དང་།བོད་ལ་སློབ་གྲྭ་མང་པོ་བཙུག་ཡོད།དེ་ནི་ཁྱེད་ཀྱིས་ཉམས་ཞིག་བྱེད་དགོས།དེ་བས་ཁྱོད་ཀྱི་ཧམ་རྫུན་ལ་ཕྱི་རྒྱལ་བའི་གཏམ་གཏམ་དཔེ་ཞིག་གིས་མཇུག་བསྡོམས་རྒྱག་རྒྱུ་ཡིན་པས་འདི་ལྟར།empty vessel more noise)སྣོད་སྟོང་པས་སྐད་སྒྲ་ཆེ་བ་སྒྲོག་ཅེས་པ་ནང་བཞིན་རེད་ལགས།དགོངས་པ་མ་འཚོམས།
ཆེས་ཡར་ཐོན་དུ་རློམ་པའི་ཕྱི་རྒྱལ་བའི་གཏམ་དཔེ་ལ་དག་བཅོས་དང་ལེགས་བཅོས།་བསྐྱར་བཅོས་བྱས་ཏེ་ཁྱེད་ལ་ཕུལ་ན་འདི་ལྟར་(Emty vessel makes most noises)སྣོད་སྟོང་གིས་སྐད་སྒྲ་ཆེ་ཤོས་སྒྲོག་ཅེས་པ་འདི་ཡིན།
ངས་ཉིས་སྟོང་གསུམ་ཡས་མས་ཤིག་རྒྱལ་བ་ལྔ་བར་སྐྱོན་བརྗོད་ཅིག་དྲ་ཐོག་ཏུ་སྤེལ་བ་ཡིན། དེ་དུས་ང་ལ་རྒོལ་མཁན་མང་པོ་བྱུང་། མང་ཆེ་བ་ཡིག་འཁྱོག་ཙམ་འབྲི་ཐུབ་པ་ཙམ་རེད། ཤུགས་ལྡན་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་སོང་། ལོ་ཤས་རྗེས་སུ་སྐྱར་དུ་སྔོན་ལྟར་བརྗོད་པ་ཡིན། ང་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་ཤིག་བྱུང་སོང་། དེ་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད། ཁ་བ་ལགས་ཁྱེད་ལ་ད་དུང་ལོ་མང་དགོས་ས་རེད། ངས་བཤད་པ་འདི་ཚང་མ་མ་བརྗེད་པ་གྱིས། རྗེས་སོར་ཁྱེད་ཀྱིས་རྟོགས་ངེས་རེད། ཁྱེད་ཀྱིས་བོད་མི་མང་ཆེ་བ་ཡིག་རྨོངས་ཡིན་པར་ཁས་བླངས་ནས་སློབ་གྲྭ་མང་པོ་བཙུགས་པར་བཤད་ཀྱི་འདུག ང་གད་མོ་ཞིག་རང་དབང་མེད་པར་ཤོར་གྱི་འདུག ཕྱི་རྒྱལ་གྱི་གཏམ་དཔེ་དྲངས་ནས་ཕྱི་རྒྱལ་ཞིག་ན་བསྡད་མདོག་བསྟན་འདུག འོན་ཀྱང་ད་དུང་ཕྱི་རྒྱལ་བའི་ལུགས་སྲོལ་ཡག་པོ་ཤེས་ཀྱི་མེད་ཚོད་རེད། ང་ཉིས་སྟོང་གཉིས་ནས་ཨ་རིར་གནས་སྤོར་བྱས་པ་ཡིན། །
དང་པོ་གཉིས་པ་གསུམ་པ་དང་། །
བཞིམ་པ་ལྔ་པ་བཙུན་གཟུགས་ཕེབས། །
དྲུག་པ་སྔགས་པ་བདུན་བརྒྱད་དགུ །
བཅུ་པ་བཅུ་གཅིག་བཅུ་གཉིས་དང་། །
བཅུ་གསུམ་བཅུ་བཞི་དགེ་སྦྱོང་ངོ་། །
དང་པོ་སྤྱན་རས་གཟུགས་སྤྲུལ་ནས། །
གཉིས་པ་གསུམ་པ་བཞི་པར་སྤྲུལ། །།
ལྔ་པ་ཆེན་པོས་ཆོས་སྲིད་བསྐྱངས། །
དྲུག་པས་བཙུན་ཟུར་སྔགས་གཟུགས་ཀྱིས། །
མགུལ་གླུ་ཁྱད་དུ་འཕགས་པ་བརྩམས། །
བདུན་པས་དུས་འཁོར་བསྟན་པ་བསྐྱངས། །
བརྒྱད་དགུ་བཅུ་གཅིག་བཅུ་གཉིས་རྣམས། །
སྐུ་ཚེ་ཐུང་བས་མཛད་ཆེན་ཉུང་། །
བཅུ་གསུམ་བདག་ཉིད་ཆེན་པོ་དེས། །
རང་བཙན་ཁྱབ་སྒྲོག་བོད་དོན་མང་། །
༸བཅུ་བཞི་ཀུན་ལས་ཁྱད་དུ་འཕགས། །
ཛམ་གླིང་ཞི་བདེར་བསྐྲུན་ཞོར་དུ། །
ཆོས་དང་མ་འབྲེལ་བཟང་སྤྱོད་སྤེལ། །
ཚན་རིག་པ་ལ་ནང་ཆོས་བསླབས། །
རྒྱ་གར་ནང་ཆོས་སླར་གསོ་གནང་། །
མདོར་ན་དང་པོ་བཟང་སྤྱོད་སྤེལ། །
གཉིས་པ་ཆོས་ལུགས་མཐུན་འབྲེལ་དང་། །
གསུམ་པ་ཁོར་ཡུག་བོད་དོན་མཛད། །
བཞི་པ་རྒྱ་གར་སླར་གསོ་མཛད། །
ཀུན་ཀྱང་༸པད་དཀར་འཆང་བ་ཉིད། །
་
སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བའི་ལམ། །
ཆེ་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞད་དོན་ལྷུན་འགྲུབ་ཤོག །
རང་བྱུང་རིག་པའི་རིག་རྡོ་རྗེ་ལགས།ཁྱེད་ཤུགས་ལྡན་པ་ཡིན་ཀྱང་ཆོག ཆོས་མེད་སྨྲ་བའི་ལྟ་གྲུབ་འཛིན་མཁན་ཡིན་ཀྱང་ཆོག དེའི་སྐོར་ལ་ངས་ནམ་ཡང་ཇུས་གཏོགས་མི་བྱེད།གང་ལགས་ཞུས་ན།དེ་ནི་ཁྱེད་རང་ལ་དབང་བའི་མི་སྒེར་གྱི་འཐོབ་ཐང་ཞིག་ཏུ་བརྩི་འཇོག་ཐུབ་པའི་ཡར་ཐོན་གྱི་ལྟ་བ་ཕྲན་ཙམ་ཞིག་ང་ལ་ཡོད་པའི་རྐྱེན་གྱིས་རེད།འོན་ཏང་ཁྱེད་ཀྱིས་ཡ་ལ་ནང་ལ་འདེད།ངོ་སོ་ཕྱི་ལ་བསྟོད་དེ་ངའི་རྩོམ་ཡིག་ལ་ཇུས་གཏོགས་གནང་སྟངས་འདིར་སྣང་བ་འགྲོ་མ་སོང་།ལྷག་དོན་དུ་ལོ་རྒྱུས་ལ་འཁྱོག་བཤད་བྱེད་སྟངས་འདི་ལ་ཞེན་ལོག་སྐྱེས་སོང་།
ངས་དུས་ནམ་ཡང་རང་གི་རིགས་ལ་སྨད་ར་དང་འཁོན་ར་མི་བྱེད་པའི་དམ་བཅའ་བརྟན་པོ་ཞིག་ངའི་ཤ་དང་རུས་པའི་གསེབ་ལ་ཐིམ་ཡོད་པས།དེ་ལ་ཁྱེད་ཀྱིས་བརྒྱ་བཤད་སྟོང་ལ་གླེང་ཡང་འགྱུར་བ་གཏོང་མི་ཐུབ་པར་མཁྱེན་དགོས།ད་ཡིག་ཡི་ཉོག་འབྲི་འདོད་མེད།བདེ་མོ་བྱོས།
király Tenzin
13 Jul 2020, 16:12
to me
༄༄།། གང་གིས་རྟེན་ཅིང་འབྲེལ་བ་འབྱུང་།། གསུངས་པས་སྤྲོས་ཀུན་གཞིལ་མཛད་པ།།
སྟོན་མཆོག་དོན་ཀུན་གྲུབ་པ་ལ།། སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།
དེང་འདིར་གནམ་ལོའི་དུས་སྟོན་ལ།། མ་གཅིག་སྲིད་པའི་རྒྱལ་མོ་མཆོག།
དུང་བས་རྩེ་གཅིག་དྲན་བཞིན་དུ།། ཀུན་བཟང་མཆོད་པ་སྤྲིན་དུ་སྤྲོས།།
མོས་ཁམས་རྒྱ་མཚོར་ཤར་བ་ཡིས།། བདེ་སྟོང་མཉམ་ཉིད་ཆུ་ཟླའི་གར།།
འཕྲིན་ལས་རྣམ་བཞིའི་ལྷ་མོ་ཡིས།། བདག་ཅག་ལས་འདི་འགྲུབ་པར་མཛོད།།
སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་རྒྱུགས་པས།།
ཞི་མཛད་ཞི་བའི་ལྷ་མོ་ཡིས།། ཆགས་སྡང་ཉོན་མོངས་ཞི་བར་མཛོད།།
འཕྲལ་ཡུན་གཏན་བདེ་མངོན་འདོད་ཀྱང་།། རང་ཉིད་གཅེས་འཛིན་གྱིས་ཕུང་པས།།
རྒྱས་མཛད་རྒྱས་པའི་ལྷ་མོ་ཡིས།། གཞན་ཕན་བྱམས་བརྩེ་རྒྱས་པར་མཛོད།།
སྐྱེ་འགྲོ་དབང་དུ་བསྡུ་འདོད་ཀྱང་།། རང་ཉིད་མ་དུལ་གནས་མིན་པས།།
དབང་མཛད་དབང་གི་ལྷ་མོ་ཡིས།། རང་སེམས་དབང་དུ་བསྡུ་བར་མཛོད།
མི་མཐུན་ཕྱོགས་ཀུན་བཟློག་འདོད་ཀྱང་།། ཆགས་སྡང་བློ་ཡིས་ཕུང་བྱས་པས།།
དྲག་མཛད་དྲག་པོའི་ལྷ་མོ་ཡིས།། ཐབས་ཤེས་ལམ་གྱིས་སེལ་བར་མཛོད།།
མ་ཧཱ་ཙི་ནའི་སྐྱེ་འགྲོ་ཀུན།། ཡང་དག་ལམ་དུ་འགོད་པ་ཡི།།
བདག་གི་སྲས་བཅས་རྒྱལ་བའི་ལས།། མྱུར་དུ་སྒྲུབས་ཤིག་མ་གཅིག་ཀྱེ།།
གངས་ཅན་བསྟན་སྲིད་སླར་གསོའི་སླད།། ལུས་སྲོག་ལོངས་སྤྱོད་ཡོངས་བཏང་པའི།།
ཁ་བ་རི་པའི་སྐྱེ་འགྲོ་རྣམས།། ཐུགས་རྗེའི་ཕྱག་གིས་གཏོང་ཕོད་དམ།།
རྣལ་འབྱོར་བདག་གི་མ་གཅིག་ཀྱེ།། སྔར་བཅོལ་ལས་རྣམས་ཇི་བཞིན་དུ།།
ད་བཅོལ་ལས་ཀྱང་འགྲུབ་པ་དང་།། བྱང་ཆུབ་བར་དུ་མི་འབྲལ་མཛོད།།
ཅེས་པ་འདི་བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་ཚེས་པར་མ་གཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མར་གསོལ་འདེབས་སྨོན་ཚིག་ཏུ། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ས་ཕག་ཟླ་ ༡༢ ཚེས་ ༢༥ ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༨ ཉིན་སྦྱར་བའོ།།
ཀརྡོར་རབ་འབྱམས་པ་ལགས་སུ་ཐུགས་རྗེ་ཆེ་ཞུ།