ཁ་བརྡ་དྲ་བར་༧སྐུའི་འཁྲུངས་སྐར་དམིགས་ནས་སྙན་ངག་མང་པོ་བསྐུར་འདུག་སྟབས། འདིར་སྙན་ངག་དུམ་བུ་འགའ་དཀྱུས་གཅིག་ཏུ་བཀོད་ཡོད།
++++++++++++++++++++++++++++++++++++++++++++
ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།
གཅན་འོད་འབར།
—————-
དུས་དེ་རིང།
མི་སེམས་གྲངས་མེད་ཀྱིས་བཏེགས་པའི་སྙིམ་པ།
ཁ་དོག་མི་འདྲ་བའི་དག་གཙང་ཁ་བཏགས་ཀྱིས་རྒྱན་ནས།
འབྱུང་བཞིའི་བར་ཆད་སྟོབས་ཀྱིས་གཤེགས་པའི་མེ་ཏོག་ཅིག
རྟ་ནོར་ལུག་གསུམ་གྱི་ལས་དབང་སྒོམ་ནས།
སྦྲ་ནག་དང་རྩྭ་ཐང་གི་སེམས་ཁོངས་ལ།
མཛེས་སྡུག་གིས་བཞད་པའི་ཉིན་མོ་ཡིན་ན།
ངས་ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།
དུས་དེ་རིང།
ལྷག་བསམ་དང་དད་འདུན་གྱིས་སྦྱར་བའི་ཐལ་མོ།
དབྱངས་རྟ་མི་གཅིག་པའི་སྨོན་ལམ་དང་གསོལ་འདེབས་ཀྱིས་བཀྱགས་ནས།
རི་ཆུ་སྟོང་ཕྲག་རྩལ་གྱིས་བརྒལ་བའི་ལྷ་བྱ་ཞིག
བྱ་ཁྱུའི་རང་དབང་གི་མདུན་ལྗོངས་བསམ་ནས།
ཡུལ་ནས་རྒྱང་དུ་འཕུར་བའི་གཏམ་རྒྱུད་ཡིན་ན།
ངས་ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་འོས།
རེ་བའི་མིག་ལ་བྱམས་བརྩེའི་འཛུམ་མདངས་གླན་ཞིང།
དད་པའི་སེམས་ལ་ཞི་བདེའི་དྲོད་ཐིགས་འཇོག་བཞིན།
ཕྱོགས་བཞི་མཚམས་བརྒྱད་ནས་བཞད་པའི་མེ་ཏོག
ཕྱོགས་བཞི་མཚམས་བརྒྱད་ལ་བབས་པའི་ལྷ་བྱ།
རང་ལ་དབང་བའི་རི་ཀླུང་དང་ཚང་མལ་མེད་ས་ནས།
དུས་བཞིའི་ཕྱིར་མིག་དང་དྲན་ཤིང་སུ་ལ་འཇོག་ཨང།
ལོ་ཟླའི་དྲན་གདུང་དང་སེམས་ངལ་གང་ལ་བཤད་ཨང།
ཞི་བདེའི་གཤོག་ཟུང་ལྡེམ་ལྡེམ།
སྙིང་རྗེའི་འདབ་མ་ལྷབ་ལྷུབ།
ཁེར་རྐྱང་དུ། ཁ་ཆར་བུ་ཡུག་གདོང་གིས་བསུས་ཤིང།
ཁེར་རྐྱང་དུ། བཙག་སེར་རླུང་འཚུབ་འཛུམ་གྱིས་བལྟོལ་ནས།
ངོ་གདོང་ལ་རྒས་གཉེར་བབས་པའི་ངང་ཚུལ་དང།
དབུ་སྐྲ་ལ་ཁ་བ་ཆགས་པའི་སྣང་བརྙན་དེ།
སུ་ཞིག་གིས་ཀྱང་མ་ཚོར་བའི་ཁྱོད་ཁོ་ནའི་ན་ཟུག་ཡིན་ངེས་ལ།
གང་ཞིག་གིས་ཀྱང་མ་རྟོགས་པའི་ཁྱོད་གཅིག་པོའི་ལས་དབང་ཡིད་སྲིད་ན།
དུས་དེ་རིང།
ཁྱོད་ཀྱི་སྐྱེས་སྐར་ལ་ཅིས་ཀྱང་རྟེན་འབྲེལ་ཞུ་དགོས།
དཔྲལ་བའི་མིག་དང་འདྲ་བའི་མེ་ཏོག
ཁོག་པའི་སྙིང་དང་མཚུངས་བའི་ལྷ་བྱ།
འདབ་གཤོག་དབེན་པའི་ཕྱེ་ལེབ་ཚོས།
རྣ་བ་ཀྲོང་ཀྲོང་གིས་རྒྱང་རིང་ནས་ཁྱོད་ལ་ཉན་ཞིང་།
ཁ་ཕྱོགས་བྲལ་བའི་བྱེའུ་ཆུང་ཚོས།
མིག་ཟུང་ཀེམ་ཀེམ་གྱིས་ཐག་ཉེ་ནས་ཁྱོད་ལ་བལྟ་བ།
ཡིད་ཆེས་དང་དད་འདུན་གྱིས་དམ་ཚིག་བསྲུང་སྟངས་ཤིག་ཡིན་ནམ།
ལར་ཞེན་དང་རེ་སྨོན་གྱིས་རྨི་ལམ་རྨི་ཚུལ་ཞིག་ཡིན་ནམ།
གང་ལྟར་མུན་ཁྲོད་ནས་འོད་དུ་འཚེར་བའི་སྐར་ཆེན་ལྟར།
ནམ་ཡང་གཟི་བྱིན་བྲལ་བའི་གངས་རིའི་མཁའ་དབྱིངས་ལ་རྩེན་རོགས།
གང་ལྟར་བྱེ་ཐང་ན་ལྡེམ་མེར་འཁྱིལ་བའི་མཚོ་མོ་བཞིན།
གཏན་དུ་མེ་ཏོག་དབེན་པའི་སྤང་ལྗོངས་ཀྱི་ཉིན་སྲིབ་ལ་བཞད་རོགས།
༢༠༡༢།༧།༥ལ་བྲིས་པ་དགེའོ།
————————————-
མུན་པ་འདིའི་ཕ་རོལ་སང་ཞོགས་རེད།
—– ཕྱི་ལུགས་དགུང་གྲངས་ ༧༧ པའི་སྐུའི་འཁྲུངས་སྐར་བསུ་བའི་སེམས་ཀྱི་དབྱངས།
ཀླུ་འབར་ཞུན།
མུན་པ་འདིའི་ཕ་རོལ་སང་ཞོགས་རེད
འོད་ཟེར་སྟོང་ལྡན་གྱི་ཞོགས་པ་དེ་རེད ཉིན་མོ་དེ་རེད
ཉིན་མོ་འདིར་ དགའ་སྤྲོ་དང་དགོད་སྒྲས་གནམ་ས་འགེངས་ངེས་
ཉིན་མོ་འདིར་ སྐྱོ་སྨྲེང་དང་མིག་ཆུས་ཡིད་སེམས་བརླན་ངེས་
དགའ་སྐྱོ་གཉིས་འཛོམས་ཀྱིས་ སྐྱིད་སྡུག་རེས་མྱོང་གིས་
ང་ཚོས་ཉིན་མོ་འདི་པང་དུ་བསུ་དགོས་ དབྱངས་སུ་གྱེར་དགོས
ཉིན་མོ་དེ་ནི་ང་ཚོར་གཤོག་པ་ཐོགས་པའི་ཉིན་མོ་ཡིན་ལ་
ཉིན་མོ་དེ་ནི་ང་ཚོར་བློ་སྟོབས་རྒྱས་པའི་ཉིན་མོའང་ཡིན
གཉིད་མ་སད་པའི་སྔ་རོལ་ཅིག་ལ་
སང་ཞོགས་ཀྱི་སྐྱ་རེངས་དེ་ འོད་སྣང་འདྲེན་པའི་ལྟས་སུ་ཤར
མིག་ཆུས་སྦངས་པའི་ལོ་ཟླ་དེའི་སྒལ་གཞོངས་ནས་
དགོད་སྒྲ་ཞིག་ག་ལེར་གྲགས་ཤིང་གང་སར་མཆེད་མྱོང་།
ཡུམ་ཆེན་གྱིས་རྨི་ལམ་ཞིག་དྲན་པར་ཐོགས་བཞིན་
ཡབ་ཆེན་གྱིས་བཀའ་བཀོད་ཅིག་ཤར་མར་ཐེན་ཏེ་
ཉིན་མོ་འདིའི་བྱུང་རིམ་འོད་དུ་སྣང་སོང་
ལྗིད་ཏིག་ཏིག་གི་ཁྲེས་པོ་ཞིག་
ཉིན་མོ་འདིའི་ཁུར་དུ་གཏད་པ་ནས་
སང་ཞོགས་ཀྱི་སྐྱ་རེངས་ལ་ རེ་བ་དང་ཡིད་ཆེས་བཅོལ་འགོ་ཚུགས་ཡོད
ཁ་གཡང་དང་སྨོན་འདུན་གྲངས་མེད་བོས་ཡོད
དེ་ནི་ ཁ་སང་ནས་ད་དུང་མཚམས་མ་ཆད་པའི་ལོ་ཟླ་ཞིག་གི་བགྲོད་རིམ་རེད།
ལོ་ཟླ་རྒས་གཉེར་གྱིས་ཟིན་ཀྱང་ རྨི་ལམ་རེ་སྒུག་གིས་ཟད་ཀྱང་
ཉིན་མོ་འདི་ཁོ་ན་ སེམས་ཀྱི་འོད་སྣང་དེ་ཡིན་དགོས་
ཉིན་མོ་འདི་ཁོ་ན་ དྲན་གསོའི་རྡོ་རིང་དེ་ཡིན་དགོས་
ཉིན་མོ་དེ་བྱུང་བས་ འུ་ཚོས་དྲོད་ཀྱི་གདེང་དང་སྤོབས་པའི་ཚོད་རྙེད་པ་རེད
ཉིན་མོ་དེ་བྱུང་བས་ འུ་ཚོར་དཔའ་བའི་གདེང་དང་འཁྱོངས་པའི་ལམ་ཐོབ་པ་རེད
ཉིན་མོ་དེ་ཁོ་ན་འུ་ཚོའི་མིག་གི་འབྲས་བུ་རེད་
ཉིན་མོ་དེ་ཁོ་ན་འུ་ཚོའི་སྙིང་གི་ཕྱེད་ཀ་རེད་
ཉིན་མོ་དེ་མེད་ན་ ཨོ་གླིང་གི་ཁོ་ཚོར་རྐང་བས་སྤོ་ས་མེད་ལ་
ཉིན་མོ་དེ་མེད་ན་ ཡ་གླིང་གི་ང་ཚོར་ལག་པས་འཇུ་ས་མེད་
མདོར་ན་ཉིན་མོ་དེ་མེད་ན་ ང་ཚོར་ཅི་ཡང་མེད་པས་
ང་ཚོས་ཉིན་མོ་དེ་ པང་དུ་བསུ་དགོས་ དབྱངས་སུ་གྱེར་དགོས་འདུག་ཨང་།
༢༠༡༢ ལོའི་ཟླ་ ༧ ཚེས་ ༥ མཚན་མོར་སང་ཉིན་གྱི་ཆེད་དུ་བྲིས།
——————————————
༸གོང་ས༸རྒྱལ་བ་སྐུ་འཕྲེང་བཅུ་བཞི་བ་ཆེན་མོ་མཆོག་གི་སྐུ་གསུང་ཐུགས་ཀྱི་བསྟོད་པ་བློ་དམན་སྐྲ་རྩེས་བླངས་བའི་ཐིགས་པ་ཞེས་བྱ་བ།
ཐོར་རྒོད་པ་སྤྱན་ཆབ།
དམྱལ་བའི་ལྕགས་སྲེག་ལྟ་བུའི་རྒྱ་ཁྲིམས་དམར་པོ་ཞིག་གི་གྲི་ཁར་ལངས་ནས་ཡོད་པའི་ཁྱེད་ཀྱི་གཞིས་ལུས་བོད་འབངས་ཚོ།ཁྱེད་སྐུ་ཉི་མ་ཆེན་པོས་འོད་ཟེར་རེ་རེས་དྲོས་ནས་ཡོད་ལ་སྐྱོར་ནས་ཡོད་པས། ཁྱེད་ནི་བོད་ཀྱིི་མགོན་དང་སྐྱབས་དང་བདག་པོ་ཆེན་མོའོ།། དཔལ་དང་སྟོབས་དང་འོད་དང་བདེན་པོ།། ང་ཡི༸གོང་ས་མཆོགང་ཡི༸ཏཱ་ལའི་བླ་མ།
ཚ་བའི་དུག་རླངས་ལྟ་བུའི་འཐེན་འཁྱེར་ལྟ་བ་རྫོབ་པོ་ཞིག་གི་དཔྱངས་ཐག་མགུལ་དུ་བསྐོན་ནས་ཡོད་པའི་ཁྱེད་ཀྱིི་བྱེས་འབྱོར་མི་དམངས་ཐམས་ཅད། ཁྱེད་གསུང་ཟླ་བ་དཀར་བོའི་བསིལ་ཟེར་གྱིས་བདེ་ནས་ཡོད་ལ་སྐྱིད་ནས་ཡོད་པས། ཁྱེད་ནི་ང་ཚོའི་མགོན་དང་སྐྱབས་དང་བདག་པོ་ཆེན་མོའོ།། དཔལ་དང་སྟོབས་དང་འོད་དང་བདེན་པའོ།། ང་ཡི༸གོང་ས་ མ ཆོགང་ཡི༸ཏཱ་ལའི་བླ་མ།
མཚན་ལྗོངས་སྟུག་པོ་ལྟ་བུའི་མུན་པ་ནག་པོ་ཞིག་གི་ལྕགས་ཀྱུས་ཉེ་བར་བཅིངས་པའི་ཁྱེད་ཀྱི་འཛམ་གླིང་མི་མང་ཡོད་ཚད། ཁྱེད་ཐུགས་ནམ་མཁའ་ཡངས་བོའི་དཀྱིལ་འཁོར་གྱིས་འཁྱུད་ནས་ཡོད་ལ་སྲུང་ནས་ནས་ཡོད་པས། ཁྱེད་ནི་འགྲོ་བའི་མགོན་དང་སྐྱབས་དང་བདག་པོ་ཆེན་མོའོ།། དཔལ་དང་སྟོབས་དང་འོད་དང་བདེན་པའོ།། ང་ཡི༸གོང་ས་མཆོགང་ཡི༸ཏཱ་ལའི་བླ་མ།
————————————–
༸སེམས་པ་ཆེན་པོ།
མི་ཉག་དུང་ཟླ།
དུས་རབས་ཉེར་གཅིག་པའི་ལོ་འགོར
སྙིགས་མ་ལྔ་མདོའི་དུས་མཐར
ཁྱེད་ནི་མེ་རི་བཞིན་བརྗིད
མེ་ལྕེ་བཞིན་མཆེད
མེ་སྟག་བཞིན་འཚེར་ཏེ
ངུར་སྨིག་དཔུང་གིས་རྒྱལ་མཚན་བསྒྲེངས་ཤིང་
བསྟན་པའི་སྲོག་ཤིང་གི་རྩ་བ་ཚུགས
སྙིང་རྗེ་དང་བྱམས་བརྩེའི་ལོ་འདབ་རྒྱས
འཚེ་མེད་ཞི་བདེའི་འབྲས་བུ་གཡུར་དུ་ཟ
སྟོང་ལོ་གསར་པའི་ལོ་སྟོད
རིག་ཚན་གྱི་འཕྲུལ་ལས་དར་བའི་གྲུ་ཁར
ཁྱེད་ནི་རྦབ་ཆུ་བཞིན་འགྱིང་
རྫ་ཆུ་བཞིན་མཆོངས་ཏེ
ས་སྒང་གི་འཇིགས་པ་ཡོད་ཚད
ཚེ་སྲོག་གི་ཉམས་ཉེན་ཡོད་ཚད
རྨེག་མེད་དུ་བཏང་
སྐྱེ་འགྲོའི་སེམས་རྒྱུན་ཐམས་ཅད་བདེ་ནས་བདེ་བའི་ཞིང་ལ་འགོད
ཁ་སང་དང་དེ་རིང་
ཤར་གླིང་དང་ནུབ་གླིང་ན
ཁྱེད་ནི་སེར་གྱི་རི་བོ་བཞིན་ཉམས་དགའ་ལ
སེར་གྱི་ཉི་མ་བཞིན་དྲོན་ཆེ་བའི
གོ་ལ་འདི་ཡི་ཡབ་ཆེན་ལགས
ཁྱེད་ཀྱི་སྤྱིར་བཏང་མ་ཡིན་པའི་རྣམ་དཔྱོད་དང་
ཐུན་མིན་གྱི་གསང་བའི་མན་ངག་འདིས
ས་སྒང་འདིའི་མི་བུ་ཚོར
ལེགས་ཉེས་ཀྱི་སྤུ་རིས་འབྱེད་པའི
སྨིན་གྲོལ་ལམ་བཟང་འདི་གསར་བཏོད་བགྱིས
༸ཁྱེད་ཀྱི་འཁྲུངས་སྐར་ལ་བཏེགས་པ།
མཚན་དཔེ་མེ་ཏོག་གི་ལང་ཚོ་སྣུམ་པོ།།
ས་ཡི་ཡང་ཐོག་ནས་མངོན་པར་བཞད་དུས།།
འཚོ་བའི་གོ་རིམ་ལ་གནས་ལུགས་བརྡར་བཞིན།།
ས་སྒང་ཆེན་པོ་དེར་བརྡ་ཞིག་བྱས་ཡོད།།
རྡོ་བའི་གཤིས་ཀ་དེ་ཕར་ལ་གཡུགས་ནས།།
དོན་དངོས་ངོ་མ་ཞིག་ཕྱག་ཏུ་མནམས་ནས།།
ཞལ་རས་དྭངས་མོ་ལ་འཛུམ་དཀར་དགོད་ཀྱིན།།
རྒྱལ་སྲས་སེམས་དཔའ་ཡི་རིང་ལུགས་བཞེས་ཡོད།།
འཚོ་བ་ཆུ་ཟླ་ཡི་གནས་ལུགས་གཟིགས་མོད།།
སྣང་བ་མཐོན་པོ་ཞིག་གནམ་དུ་མ་བཞག།
མཐའ་བརྒྱད་སྤྲོས་བྲལ་གྱི་གནས་མལ་དེ་ནས།།
ཐུབ་པ་ཆེན་པོ་དེ་བཞེངས་པ་མིན་ནམ།།
རྡོག་ཀ་འཇོག་ས་དེར་རྡོ་ཟོར་བརྩིགས་འདུག།
གནམ་ལ་ལྟ་ས་དེར་དུད་སྤྲིན་འཁྲིགས་འདུག།
ཁྱེད་ཀྱི་ཕེབས་ལམ་འདི་བདེ་མོ་མིན་པ།།
ལྷ་སྲུང་མི་དགོས་པར་ཤེས་ཚོད་འདུག་གོ།།
གངས་རི་དཀར་པོ་འདིའི་ངོ་མདངས་མ་འགྱུར།།
ཁྱེད་ཐུགས་མཁའ་ཀློང་ལ་སྤྲིན་པ་མ་འཁོར།།
བྱུང་རིམ་ཀྱོག་པོ་ཞིག་དྲང་བོར་སྲོང་བཞིན།།
“ཐུབ་པའི་གཞོན་རབས་”ཁྱེད་གཡུལ་ལས་རྒྱལ་འདུག།
ས་ཡི་རྩེ་ཐོག་གི་རུ་སྡེ་ཆུང་ཆུང་།།
གྲངས་ཀྱི་རིག་གནས་ཀྱིས་བལྟས་ན་ཆུང་མོད།།
ཁྱེད་ཀྱི་ཕྱག་མཐིལ་ནས་ཚུར་ལ་བསྐོར་ན།།
དོན་དུ་ཆུང་ཆུང་ཞིག་མིན་པ་ལོས་ཤེས།།
ཉི་ཤུའི་སྨག་ཁྲོད་ཀྱི་སྐར་མ་འོད་ཆེན།།
བྱང་མཐའི་རི་སུལ་ནས་རྡོག་འགོ་སྤོ་དུས།།
རྡོག་སྣེ་འབབ་ས་དེ་གཟིགས་པ་མིན་ན།།
བློ་ཁོག་དེ་འདྲ་ཞིག་དཔེ་ལ་མི་སྲིད།།
ཁྱེད་ཉིད་དེང་ཐོག་གི་ལམ་ཁ་དེ་ནས།།
མི་ཡི་ཆེན་པོ་ཚོས་རིག་མྱོང་མེད་ལ།།
བྱིས་པའི་ན་ཚོད་དང་འཛམ་གླིང་བསྡུར་ན།།
དངོས་དོན་སྨྲ་བ་དག་ཁས་ལེན་ཨེ་སྲིད།།
ཁ་རྩང་དེ་རིང་གི་འཛམ་གླིང་ཤར་ནུབ།།
གདོང་གི་ཐལ་བ་ཡང་ཕྱག་གིས་འཕྱི་དུས།།
ཁྱེད་ཀྱི་བྱམས་བརྩེ་ཡིས་རབ་ཏུ་འཕྲོག་ནས།།
གུས་འདུད་མཚོན་བྱེད་ལ་གྲངས་ཀ་བོར་སོང་།།
དབྱངས་ཀྱི་རིག་བྱེད་ལ་ཁ་ཡ་ཡོད་ན།།
རྩལ་ཁ་འགྲན་ས་ཞིག་འདི་ན་ཡོད་པས།།
མཚན་གྱི་སྙན་པ་དག་ཡི་གེར་ཕྲིས་དང་།།
གཏམ་གྱི་དྭངས་མ་ཞིག་མིན་པ་ཨེ་སྲིད།།
༢༠༡༢ ༧ ༦ཉིན།
ང་ཚོས་ཐལ་མོ་སྙིང་གར་སྦྱར།
པུས་མོ་ས་ལ་བཙུགས་ནས་ནི།
མིག་གཉིས་གནམ་ལ་ལྟ་བཞིན་དུ།
ཤུགས་དྲག་ཆེན་པོས་གསོལ་བ་འདེབས།
ནང་པའི་ལྷ་རྣམས་ཐམས་ཅད་དང་།
ཡེ་ཤུ་མཆོག་དང་མ་ཧ་མ།
ཁྱབ་འཇུག་ཚངས་པ་མ་རི་ཡ།
གསོལ་བ་འདེབས་སོ་གྲོགས་མཛོད་ཅིག
གངས་ཅན་མགོན་པོ་གོང་ས་མཆོག
སྐུ་ཚེར་བར་ཆད་མི་ཡོང་ཞིང་།
ཐུགས་བཞེད་ཐམས་ཅད་མྱུར་གྲུབ་པར།
ལྷ་རྣམས་ཁྱེད་ཚོས་གྲོགས་མཛོད་ཅིག
ང་ནི་ཁོང་ལ་དད་དྲག་ནས།
ཕྱི་ནང་ཆོས་ཀྱང་ཁྱད་པར་མེད།
གལ་ཏེ་ཁོང་ལ་ཕན་གདགས་ན།
ཐམས་ཅད་ང་ཡིས་གསོལ་བར་གྱུར།
རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག
ཆོས་ལུགས་མཚོ་ལས་འདས་པ་ཡིས།
ཁོང་གི་དགོངས་པ་བསམ་མི་ཁྱབ།
ཁོང་ནི་འཇིག་རྟེན་མགོན་པོ་དངོས།
ཁོང་ལ་དད་ན་བྱང་སེམས་འཕེལ།
ཁོང་ལ་གསོལ་བ་འདེབས་གྱུར་ན།
གཞན་དོན་ཐམས་ཅད་བདེ་ལགས་ཡོང་།
ཁོང་དང་འདྲིས་ན་ཀུན་དང་འདྲིས།
བསྟན་འཛིན་རྒྱ་མཚོ་སྐུ་ཚེ་རིང་།
ཁྱེད་ཀྱི་བཞེད་དོན་འགྲོ་བའི་སྙིང་།
ཁྱེད་ཀྱི་མཛད་པ་རྒྱས་འགྱུར་ན།
ཀུན་ལ་བདེ་ལེགས་ཡོང་བར་འགྱུར།
དེས་ན་ཁྱེད་ཀྱི་དགོངས་ཞེས་དང་།
ལྷག་དོན་ཉམས་ཐག་དོན་རྣམས་ནི།
ཁོང་གི་ཐུགས་ལ་རྟག་གནས་པས།
བླ་མ་ཁྱེད་ཀྱི་མཛད་པ་རྒྱས།
མཁྱེན་ནོ་ནང་པའི་ལྷ་རྣམས་དང་།
དཀར་པོའི་ལྷ་རྣམས་ཐམས་ཅད་དང།
ཡེ་ཤུ་ཁ་ཆེ་ཧིན་རྡུ་སོགས།
ནུས་ལྡན་ཐམས་ཅད་དགོངས་སུ་གསོལ།
བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་རིང་།
བཞེད་དོན་ཐམས་ཅད་གྲུབ་པ་དང་།
བར་ཆད་ཞི་ཞིང་གྲོགས་ཀུན་འཕྲད།
འགྲོ་བ་ཐམས་ཅད་བདེ་པར་ཤོག
ཅེས་པ་འདི་རིས་མེད་ཀྱི་སྨོན་ལམ་ཡིན་པས།། ཅི་ནས་ཁ་བརྡར་དགོས་རོགས་མཛོད། སྔོན་མ་ཡེ་ཤུའི་ཆོས་དཔོན་རྣལ་མ་ཞིག་གིས་བཀའ་བསྩལ་བ། གོང་ས་མཆོག་དང་ནམ་མཇལ་ཡང་། མ་ཤི་ཀ་དང་མཇལ་བ་རྨིས། མ་ཤི་ཀ་ལ་གསོལ་བ་སྙིང་ནས་འདེབས་པའི་ཚེ། གོང་ས་མཆོག་གི་རྨི་ལམ་འོང་ཟེར་བ་དང་། ད་དུང་། གོང་ས་མཆོག་སི་པན་ལ་ཆོས་ཁང་ཞིག་ལ་ཕེབས་སྐབས། མ་རི་ཡའི་འདྲ་སྐུ་དེས་ཁོང་ལ་གཟིགས་ནས་མཛུམ་དམུལ་དམུལ་བྱེད་པ་གཟིགས་གསུངས། དེ་ནི་ཆོས་ལུགས་ཀྱི་ཕ་རོལ་ན་ཞེས་པའི་གོང་ས་མཆོག་གི་དེབ་ནང་ལ་ཡང་ཁོད་འདུག