འབྲོང་དཀར་པོ།
“གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
༧སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།’’ཞེས་པའི་ཚིགས་བཅད་ཀྱིས་སྔོན་བསུ་བ་དང་སྦྲགས་ཞུ་དོན་ལ། བསྟན་དགྲ་རྒྱ་མི་དམར་པོས་བོད་ལ་འཇབ་རྒོལ་བྱས་པ་ནས་བཟུང་། གཞིས་བྱེས་གཉིས་ཀྱི་དཀའ་སྡུག་ཐམས་ཅད་ཕྲག་པར་བཞེས་ནས་འཛམ་གླིང་གང་སར་ཕྱག་ཟུང་གཉིས་སྙིང་ཁར་སྦྱར་ཏེ་བོད་དོན་ཞུ་འབོད་གནང་བར་གཞིགས་ཚེ། ངའི་ཡ་ཆུང་ཧ་ཅང་འཁྱགས་ལ་ཧ་ཅང་འཕར་ལྡིང་གིས་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་མཆིས། ༧སྐྱབས་མགོན་ལགས། སྐྱབས་སུ་མཆི།
ཆིག་དགུ་ང་དགུ་ལོར་རྒྱ་གར་འཕགས་ཡུལ་དུ་བྲོས་བྱོལ་ཕེབས་པ་ནས་བཟུང་། བརྒྱད་ཅུ་གྱ་གྲངས་དབར་སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་བཅོས་མིན་སྙིང་རྗེ་སྐྱེས་གནང་ནས་སྡུག་བསྔལ་གྱི་ཁུང་བུའི་ནང་ཚུད་པའི་སྐྱབས་བཅོལ་བོད་མི་ཚོར་སློབ་གྲྭ་གསར་འཛུགས་དང་ཆོས་སྡེ་གསར་བཞེངས། དེ་བཞིན་བོད་མི་འདུས་སྡོད་བྱེད་སའི་གཞིས་ཆགས་གསར་འཛུགས་སོགས་རླབས་ཆེན་མཛད་རྗེས་འཇོག་གནང་མཛད་ཀྱང་། དྲིན་བྱས་དྲིན་དུ་མ་བསམ་པའི་བོད་རིགས་མང་པོས་ཁྱེད་ཐུགས་དཀྲུགས་ཏེ། ཚོགས་ཁག་བཅོ་གསུམ་དང་ཐེ་ལྦན་བོད་སོག་ལས་ཁུངས། ཆུ་བཞི་སྒང་དྲུག གདོལ་རྒྱལ་བསྟེན་གསོལ། དེ་བཞིན་རང་བཙན་དང་དབུ་མའི་ལམ་གྱི་རྩོད་རྙོག་སོགས་ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནད་ཡམས་བཞིན་ཁྱབ་དུས་ཁྱེད་ཐུགས་ལ་ཐུགས་ཕམ་བཟོས་ཤིང་དཀའ་སྡུག་ཀྱང་གྲངས་མེད་བསྐྲུན་ཡོད།
འོན་ཀྱང་ཁྱེད་ཀྱིས་གཞིས་ལུས་རྒྱ་ཆེའི་སྤུན་ཟླ་ཚོའི་དམྱལ་ཁམས་ལྟ་བུའི་སྡུག་བསྔལ་ལ་གཟིགས་ནས་དཀའ་སྤྱད་འཁུར་དུ་བཞེས་ཏེ་མདུན་བསྐྱོད་ཀྱི་རྐང་ལམ་ཕྲ་མོར་བསྐྱོད་གནང་བར་བརྟེན། བཙན་བྱོལ་སྤྱི་ཚོགས་འདི་འཛམ་གླིང་ནང་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ཞིག་ཡིན། ༧སྐྱབས་མགོན་ལགས། སྐྱབས་སུ་མཆི།
འོན་ཀྱང་དགའ་ལྡན་ཕོ་བྲང་གི་སྲིད་དབང་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། དུང་དཀར་གཡས་འཁྱིལ་ལྟ་བུའི་ཆབ་སྲིད་ལམ་ལུགས་ལ་ལྷད་ཞུགས་ཏེ་སྐྱུག་བྲོ་བའི་ཟློས་གར་གྱི་འཁྲབ་ཚན་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དར་ཁྱབ་འགྲོ་བཞིན་འདུག དེ་ཡང་དབྱིན་ལན་གྱི་སྙན་གྲགས་ཆེ་བའི་མཁས་དབང་དང་ལྟ་གྲུབ་སྨྲ་མཁན་ཇོན་གྲལ་ཀྲོན་(John Daldron) གྱིས་བརྗོད་པ་ལྟར་”མི་མང་གི་བདེ་སྡུག་ལས་བརྒལ་ཏེ་རང་གི་ཁེ་ཕན་རྩོད་པ་”ཞེས་པའི་བརྗོད་ཚིག་འདི་རྒྱུན་འཁྱོངས་བྱས་ནས་མདུན་བསྐྱོད་བྱེད་བཞིན་པ་འདི་ཡིན།
དེ་ངས་བརྗོད་དགོས་དོན་ནི་གངས་ཅན་སྐྱིད་གཤོིངས་སུ་ལས་ཀ་བྱས་ཏེ་སྡོད་པ་ལས་ཕྱི་རྒྱལ་དུ་འགྲོ་བ་མང་བ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་ཡོང་ཁུངས་གང་ནས་ཡོང་མིན་བསམ་གཞིགས་མ་བྱས་པར། འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་བརྒྱ་ཆ་༢༥ ཉམས་རྒུད་ཕྱིན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་བརྒྱ་ཆ་༢༥ འཕར་སྣོན་བྱུང་རབས་ཤོད་པ། དེས་མ་ཟད་བོད་མིའི་སྤྱི་ཚོགས་ནང་ལས་ཀ་ཏོག་ཙམ་ལས་མ་བྱས་ཀྱང་རི་བོ་འབིགས་པར་ནུས་ཞེས་རི་བོང་ཅལ་འདྲོགས་ཀྱི་འུད་སྒྲོག་བྱས་ཏེ། མཚན་སྙན་ཐོབ་ཐབས་བྱེད་པ་སོགས་དེ་སྔོན་མགོན་པོ་གང་ཉིད་དང་ཟམ་གདོང་རིན་པོ་ཆེས་གཉག་ཕྲའི་བོད་མིའི་བདེ་སྡུག་ཆེད་སྐུ་ངལ་ག་ཚོད་བསྐྱོན་ཀྱང་ཟུར་ཙམ་གསུངས་མྱོང་མེད་པ་དེ། དུས་ད་ལྟ་ཁ་ཤོབ་ཆེ་བའི་(Lalu Prasad) ནང་བཞིན་ང་ཚོའི་ཆབ་སྲིད་པས་བརྗོད་བཞིན་འདུག ༧སྐྱབས་མགོན་ལགས། སྐྱབས་སུ་མཆི། ཁྱེད་སྐུ་ཚེ་ཡུན་རིང་བརྟན་པར་སྨོན།
“ཕྱིའིི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་”ཞེས་པ་འདི་དེ་སྔོན་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིང་ཐོའོ་(Hua Jing Tao)ཡི་བརྗོད་ཚིག་”འཆམ་མཐུན་གྱི་སྤྱི་ཚོགས་”ནང་བཞིན་སྙན་འཇེབས་ལྡན་ལ་ཡིད་དུ་འོང་བའི་གཏན་ཚིག་ཅིག་ཡིན་ཀྱང་དོན་དངོས་ལག་བསྟར་བྱེད་དུས་ཁ་ཞེ་མི་མཐུན་པའི་བརྗོད་ཚིག་ཅིག་ཡིན་པ་མཐོང་ཆོས་ཤིག་ཡིན། དེ་ཡང་ཧར་ལྦ་ཀྲི་(Harvard)གཙུག་ལག་སློབ་ཆེན་ནང་རྒྱལ་སྤྱིའི་ཁྲིམས་ལུགས་རིག་པའི་ཐོག་འབུམ་རམས་པའི་ལག་ཁྱེར་ལེན་མྱོང་མཁན་གྱི་གང་ཟག་གིས་མི་ལོ་༢༠ ལྷག་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་ནས་བསྡད་ཡོད་པའི་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པའི་ལས་བྱེད་འདེམས་སྒྲུག་གིས་ཨ་རིའི་དོན་གཅོད་ལ་མ་བསྐོས་པར། ཁོའི་འོས་བསྡུ་ཁྱབ་བསྒྲགས་ཐོག་རྒྱབ་སྐྱོར་བྱེད་མཁན་གྱི་བྱས་རྗེས་མེད་པའི་མི་དབུ་དཀར་ཚང་སྐལ་རྡོར་དོན་གཅོད་དུ་བསྐོས་པ། ༧གོང་ས་མཆོག་དང་གཞིས་བྱེས་བོད་མི་ཚོས་འཛིན་པའི་དབུ་མའི་ལམ་ལ་ཉན་འཇོག་མི་བྱེད་མཁན་གྱི་རང་བཙན་འཐབ་རྩོད་པ་དོན་གྲུབ་ལྷ་དར་ལ་རྒྱབ་གཉེར་ཡི་གེ་སྤྲད་དེ་ཨ་རིར་འགྲོ་བསྐྱོད་བྱེད་ཆོག་བཟོས་པ། དེ་བཞིན་ཁོང་གི་ཆབ་སྲིད་འཛིན་སྟངས་ཐད་ལེགས་སྤེལ་ཉེས་འགོག་གི་རྩོམ་ཡིག་སྤེལ་མཁན་ཚོ་སུ་ཡིན་མིན་རྩད་གཅོད་བྱེད་པ། མདོེར་ན་ཁྲིམས་ལུགས་སྐྱོང་མཁན་ཞིག་གིས་མང་གཙོའི་ཐོབ་ཐང་གལ་ཆེ་ཤོས་སྟེ་སྨྲ་བརྗོད་ཀྱི་རང་དབང་བཀག་སྡོམ་བྱེད་བཞིན་འདུག
འོ་ན་འདི་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་དེ་རེད་དམ། ང་ཚོའི་སྤྱི་ཚོགས་ནང་འདི་ལྟ་བུའི་གནད་དོན་མང་པོ་ཞིག་འཁོར་བསྐྱོད་བྱེད་བཞིན་འདུག ༧སྐྱབས་མགོན་ལགས། སྐྱབས་སུ་མཆི། ཁྱེད་སྐུ་ཚེ་བརྟན་པར་སྨོན།
ཉེ་དུས་མང་གཙོའི་དུས་དྲན་ཉིན་ལྷར་བཅས་སྲིད་གཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་རྣམ་འདྲེན་ཐམས་ཅད་མཁྱེན་པ་ཁྱེད་ཀྱིས་སྲི་ཞུ་བའི་ལས་བྱེད་གང་མང་ཞིག་ལ་གསུང་གི་བདུད་རྩི་སྐོམ་པ་ཆུ་འདོད་ལྟར་མ་གསང་དྲང་གཏམ་གྱི་བཀའ་སློབ་བསྩལ་བ་གོ་ཐོས་བྱུང་། དེ་དུས་ཁྱེད་ཀྱི་གསུང་སྒྲོས་ཤིག་ལས་མགོ་བཀའ་བློན་ནས་དེ་ཡོད་ལས་བྱེད་ཡོངས་ངུ་འབོད་བྱས་པ་གོ་ཐོས་བྱུང་། འོན་ཀྱང་༧སྐྱབས་མགོན་ལགས། དེང་སང་མི་མང་པོ་ཞིག་གིས་གནད་ཡོད་ལས་བྱེད་མང་པོས་ཁྱེད་ཀྱི་སྐུ་མདུན་དུ་ཞི་མི་ནང་བཞིན་བྱེད་པ་དང་སྐུ་རྒྱབ་ཏུ་སྟག་ནང་བཞིན་བྱེད་ཀྱི་འདུག་ཟེར་བ་དང་། ཡང་རེ་
འགས་ཁ་ནས་སྲི་ཞུ་དང་ཞབས་འདེགས་ཡིན་ཟེར་བ་མ་གཏོགས་ཐོབ་ཐང་དང་གླ་ཆ་རྩོད་པ་ལས་ལྷག་བསམ་རྣམ་དག་ངང་ཞབས་ཞུ་སྒྲུབ་མཁན་ཤིན་ཏུ་དཀོན་པོ་འདུག་ཟེར་གྱི་འདུག
ད་དུང་མང་པོ་ཞིག་གིས་རྒྱལ་སྒོ་མ་འཛུལ་བར་ལྟག་སྒོ་འཛུལ་ནས་ལས་བྱེད་ནང་ཞུགས་མཁན་མང་པོ་ཡོད་རབས་ཤོད་པ་དང་སྦྲགས་གླ་ཆ་དང་ཐོབ་ཐང་ལ་བལྟས་ཏེ་འཛུལ་གྱི་འདུག་ཅེས་ཤོད་ཀྱི་འདུག མདོར་ན་མི་མང་གི་བདེ་སྡུག་ཞུ་དུས་ཚིག་ངན་དང་རྣམ་འགྱུར་ངན་པ་སྟོན་ཏེ་གཏོང་གི་འདུག་ཟེར་གྱི་འདུག
༧སྐྱབས་མགོན་ལགས། ཁྱེད་མེད་པ་ཡིན་ན། མང་ཚོགས་ཀྱི་བདེ་སྡུག་སུ་ཡིས་བལྟ་ལ་སུ་ཡིས་གཅེས་སྐྱོང་བྱེད། ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན།
༧སྐྱབས་མགོན་ལགས། “ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་”ཞེས་པའི་གཏམ་ཚིག་འདི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན་ཀྱང་། ཁྱེད་ཀྱི་ཉི་འོད་ལྟ་བུའི་གཟི་སྦྱིན་དེ་མེད་པ་ཡིན་ན། གཏམ་ཚིག་འདི་རུས་སྦལ་གྱི་སྤུ་དང་མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག་ལས་མ་འདས། མདོར་ན་༧སྐྱབས་མགོན་ལགས། ཁྱེད་མེད་པ་ཡིན་ན་འཛམ་གླིང་སྟེང་ད་ལྟའི་ང་ཚོའི་གནས་བབ་འདི་ཡོང་མི་སྲིད་ལ་བོད་ཀྱི་བདེན་པའི་འཐབ་རྩོད་ག་ལ་རྩོད་ཐུབ། ༧སྐྱབས་མགོན་ལགས། ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན།……………
༧སྐྱབས་མགོན་ལགས། འདི་ནི་ཁྱེད་ཀྱི་ཐུགས་རྗེའི་གཟི་དཔལ་འོག་མང་ཐོས་ཤེས་བྱའི་ལྡུམ་རྭར་བརྩོན་འགྲུས་ཀྱི་ཀོ་གྲུར་བཞོན་རྒྱུའི་གོ་སྐབས་ཐོབ་ནས་གནའ་དེང་ཟུང་གི་སློབ་སྦྱོང་ཕྲན་ཙམ་ཡོད་མཁན་གྱི་གཞོན་སྐྱེས་ཤིག་གི་མཐོང་ཐོས་མྱོང་གསུམ་གྱི་ཞུ་ཚིག་ཅིག་ལས། སྤྱི་ཚོགས་ནང་བརྡབ་གསིག་གཏོང་ཆེད་ཀྱི་གཏམ་འཆལ་ཞིག་ནམ་ཡང་མིན་ཞེས་དགོངས་སེལ་ཞུ་བཞིན་ཡོད། མདོར་ན། ཁྱེད་མེད་པ་ཡིན་ན་གཞིས་བྱེས་གཉིས་ཀྱི་མཐུན་སྒྲིལ་གྱི་ཟམ་པ་དེ་ཡོང་མི་སྲིད་ལ་རྒྱ་འདྲེར་ཚ་ཚ་འུར་འུར་ངང་བོད་དོན་རྩོད་ཐབས་དབེན། ༧གོང་ས་མཆོག བོད་མི་སྤྱི་དང་སྒོས་སུ་ཁྱེད་ཀྱི་ཞལ་མཇལ་རྒྱུ་བྱུང་ན་བསམ་ནས་རེ་
སྒུག་བྱེད་བཞིན་པའི་རི་བོ་ཧི་མ་ལ་ཡའི་རྒྱབ་ལྗོངས་སུ་ལུས་པའི་གཞིས་ལུས་རྒྱ་ཆེའི་མི་མང་ཆེད་སྐུ་ཚེ་བརྟན་པར་སྨོན། ༧སྐྱབས་མགོན་ལགས། ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན།……༧སྐྱབས་མགོན་ལགས། སྐྱབས་སུ་མཆི………
ཞོ་ལྟར་ཆགས་པའི་སྤྱི་ཚོགས་སུ་ཁྲག་ལྟར་དཀྲུགས་རྒྱུར་རེ་སྟོང་མཁན་ཞིག་འདི་ན་འདུག། ཁྱེད་ལ་བློ་དང་མགྱོན་ཐང་ཡོད་ན་ངོ་གདུང་ཕྱིར་ཐོན་ནས་སྐད་ཆ་ཤོད་དང་ད་ཟད་ཁྱེད་ཀྱི་བསམ་འདུན་ཇི་ཡོད་གསལ་གསལ་ཐིག་ཐིག་ཏུ་ཐོན་ཡོང་རྒྱུ་རེད། ངོ་གདུང་མེད་པའི་མིའི་སྐད་ཆར་འཆར་གཏམ་ལས་དེང་སྐབས་མཐོང་སྤྲོད་ཀྱི་མ་རེད་ལོ།
སྲིད་སྐྱོང་གི་རང་གཟུགས་དམར་རྗེན་བསྟན་འདུག། ཤོག་སེང་གི་རང་གཟུགས་མེ་ཡིས་བསྲེགས་འདུག།
ཅོལ་ཆུང་གི་བུ་ཡིས་སྲིད་ཁྲི་བསྐྱངས་པའི།། བྱབ་ཆུང་གི་ལས་རྣམས་ལོ་རྒྱུས་ཆགས་འདུག། ཧཧཧཧཧ
གང་ཡིན་ཡང་ཕྱེད་བདེན་དང་བསམ་བློ་གཏོང་དགོས་ཡ་ཞིག་འདུག་་་་
སྐྱག་བཤད་མ་མང་། གོང་ས་མཆོག་གིས་ཡིད་ཆེས་བློས་འགེལ་གནང་ནས་སྲིད་དབང་བརྩིད་སྤྲོད་གནང་སའི་སྲིད་སྐྱོང་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་གོང་ས་མཆོག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་གསལ་པོ་རེད། ད་དུང་གོང་ས་མཆོག་ལ་བསྟོད་ཁུལ་གྱིས་ཁོང་གི་དགོངས་གཞི་ལ་རྒྱབ་འགལ་བྱེད་པ་ནི་སྐབས་འཚོལ་བའི་བྱེད་སྟངས་སྐྱུག་བྲོ་བ་ཞིག་རེད།
ཨ་ལས་དེ་འདྲ་ཡིན་པ་རེད། འདི་འབྲོང་སྔོན་མའི་རྩོམ་གཤིས་དང་ཁྱོན་ནས་འདྲ་གི་མིའདུག་བསམས་བྱུང། དེ་རང་རེད་འདུག
མཁྱེན་ཡངས་ཀློག་པ་པོ་ལྷན་རྒྱས་མཆོག་ལ།
དེ་རིང་འདིར་ཁ་བརྡ་དྲ་བའི་སྟེང་དུ་འབྲོང་དཀར་པོའི་སྨྱུག་མིང་སྤྱད་དེ་(སྐྱབས་མགོན་ལགས། སྐྱབས་བསུ་མཆི། )ཞེས་པའི་ཁ་བྱང་འཁོད་པའི་རྩོམ་ཡིག་ཅིག་བྲིས་འདུག་པ་འདི་བཞིན་དེ་སྔོན་དུས་བབ་དྲ་བའི་སྟེང་དུ་(འབྲོང་གི་གཏམ་གླེང་དྲི་ལན་དྲུག་མ།)དང་། (རང་བཙན་ཚོགས་འདུ་དང་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་ལས་འཕྲོས་པའི་གཏམ།)དང་། (ལྟ་གྲུབ་ཀྱི་གླེང་གཞིའི་ཁྲོད་དུ་མྱུལ་མའི་གསང་ལམ་འདུག) དང་། (འཇམ་དབྱངས་ནོར་བུ་རང་བཙན་འཐབ་རྩོད་པ་ཡིན་པའི་སྒྲུབ་བྱེད་ག་ཚོད་ཡོད་དམ།) ཞེས་སོགས་འབྲོང་དཀར་པོ་ཞེས་པའི་སྨྱུག་མིང་འོག་རྩོམ་ཡིག་འབྲི་མཁན་གྱི་གང་ཟག་དེ་ཉིད་གཏན་ནས་མིན་ཞེས་གསལ་བསྒྲགས་བྱེད་ཀྱི་ཡོད་པས་མཁྱེན་ཡངས་ཀློག་པ་པོ་རྣམས་ནས་དེ་དོན་དགོངས་འཇགས་འཚལ།།
འབྲོང་དཀར་པོ་གཉིས་ཀྱིས་རྭ་རྩེད་ཞིག་མ་བྱས་ན་ཡོང་ནི་མ་རེད། གཡག་གི་རྭ་རྩེད་ལ་ལྟད་མོ་ཡོད་ས་ན། འབྲོང་ད་བཤད་ཅི་དགོས། གསལ་བཤད་འདྲ་བྱས་ནས་འདུག་ཚུལ་ཞིག་གང་ན་ཡོད། ད་ཧར་ཡ་ཧར་ཡ།