ཨེ་མ་ཧོ།
ན་མོ་གུ་རུ་ཧེ་བཛྲ་ཤྲཱིཿཡེ།།
གཤིས་ཀ་ཉིད་དུང་གི་ཟླ་བ་ལ།།
སྤྱོད་ངན་གྱི་སྤྲིན་ནག་མ་གོས་ན།།
ངག་དབང་གི་ཡོན་ཏན་རྒྱ་མཚོ་ལ།།
ཀུ་མུད་གཉེན་མ་འདྲིས་གསལ་བར་སྣང་།།
གྲོགས་ངན་གྱི་མི་ལ་བློ་གཏད་ན།།
དམ་ཆོས་དང་བཟང་སྤྱོད་མེད་པར་བྱེད།།
སྨྱོ་རྫས་དང་སྨྱོ་ཆུ་ལོངས་སྤྱོད་ལས།།
གལ་ཆེན་གྱི་དུས་ཚོད་དོན་མེད་བཟད།།
ཐམས་ཅད་ཀྱི་ཁྱོད་ལ་སྐྱོན་དུ་བལྟ།།
དགའ་གྲོགས་ཀུན་མི་ངན་ཐ་ཤལ་འཕྲད།།
མི་སྲིད་པའི་ལས་ངན་དུ་མ་བསགས།།
ཚེ་སྲོག་ལ་སྙིང་པོ་དབེན་པར་བྱེད།།
བྱ་བྲལ་ལ་ཡིད་སྨོན་ཤོར་སྲིད་ཀྱང་།།
མདོ་ཤོར་དང་མ་ནོར་ཕ་བཟང་བུ།།
འགའ་ཞིག་ལ་སུན་སྣང་སྐྱེ་སྲིད་ཀྱང་།།
སྤྲུལ་མིང་དེ་དོན་དང་ལྡན་པར་དགོས།།
ལ་ལས་ནི་ཕྲག་དོག་བྱེད་ན་ཡང་།།
བདེན་བཞི་འདི་སེམས་ལ་ཡང་ཡང་སྒོམས།།
འགའ་ཞིག་གིས་མཐོང་ཆུང་བྱེད་ན་ཡང་།།
ལོག་འཚོ་ལ་ཞེན་ཆགས་དགོས་འདོད་དབེན།།
ཐམས་ཅད་ཀུན་མགུ་ཐུབ་ཞིག་མི་སྲིད་ཕྱིར།།
ངོ་སྲུང་གི་ཆེད་དུ་མ་འབད་ཅིག།
རང་ཉིད་ཀྱི་མི་གཞི་འཕྲོ་བརླག་ན།།
གཞན་ཞིག་གིས་སྐྱོབ་པ་དཀའ་བས་ཕྱིར།།
དྲན་ཤེས་དང་བག་ཡོད་ཤིན་ཏུ་གཅེས།།
བླ་མ་ལ་དད་གུས་དམ་ཚིག་གཙང་།།
ཡི་དམ་པ་སྒྲུབ་པ་ཚུལ་བཞིན་གནང་།།
མཁའ་འགྲོ་གཅེས་སྲུང་བཀའ་བཞིན་ཉོན།།
ཆོས་སྐྱོང་གི་བསང་གསོལ་རྒྱུན་མ་གཅོད།།
མི་ཁ་ལ་མ་ཉན་རྒྱུ་མཚན་སོམས།།
ཆོས་བརྒྱད་ལ་མ་ཆགས་རྣལ་འབྱོར་འབོད།།
རང་གཤིས་ལ་ཀུན་བཟང་སྤྱོད་པ་དགོས།།
རང་ཉིད་ལ་མདུན་ལམ་མཆིས་པར་མཛོད།།
རང་སེམས་ལ་ལྟ་སྒོམ་ལྡན་པ་ན།།
རང་འབྲས་ལ་རེ་དྭོགས་མི་དགོས་ཐོབ།།
ཐ་མག་འདི་འཆི་རུང་མ་འཐེན་རོགས།།
ཐ་ཆད་ལ་བློ་གྲོགས་མ་བཅོལ་རོགས།།
ཐ་སྤྱོད་ལ་དགའ་སྣང་མ་སྐྱེ་རོགས།།
ཐ་གཅིག་ཏུ་དགེ་སྦྱོར་བརྩོན་པར་མཁྱེན།།
ལྟ་བ་རྟོགས་བཞིན་ཉམས་སུ་མ་བླངས་ན།།
མིག་གཉིས་ཡོད་བཞིན་གཡང་ལ་འཆོངས་དང་འདྲ།།
སྒོམ་པ་ཤེས་བཞིན་རྒྱུན་དུ་མ་གོམས་ན།།
རྐང་བ་ཡོད་ཀྱང་ཞ་ནད་འཐེབ་བཞིན་གནས།།
མདོར་ན་སྤྱོད་ལམ་ལེགས་སུ་བཅོས་པ་དང་།།
འདི་ཕྱི་དོན་ལྡན་མཛོད་ཅིག་སྤྲུལ་པའི་སྐུ།།
སྦས་ཡུལ་ཞིང་ནས་འབོད་པའི་སྐལ་བཟང་ལ།།
རྨི་ལམ་དབང་ཕྱུག་བདག་གིས་དེ་སྐད་ཐལ།།
སྤྱི་ལོ་༢༠༡༩ཟླ༡ ཚེས་༨ ལའོ། །
སྤྲུལ་སྐུ་ངག་དབང་ཡོན་ཏན་རྒྱ་མཚོའི་ངོ་སྤྲོད་གནང་རོགས་