མལ་ཌི་སིན་གྲོང་ཁྱེར་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་སེམས་ཁམས་བདེ་ཐང་ཞིབ་འཇུག་ཁང་ (Center for Investigating Healthy Minds) གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ ༧ གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༥ དང་ ༡༦ ཉིན་གཉིས་རིང་ཞིབ་འའཇུག་ཁང་འདིའི་སྒོ་འབྱེད་རྟེན་འབྲེལ་དང་མཛད་རིམ་གཞན་ཆེད་ཆིབས་སྒྱུར་གནང་རྒྱུ་རེད་འདུག
ཞིབ་འཇུག་ཁང་འདི་ཉིད་ཀླད་པའི་དབང་རྩ་རིག་པ་མཁས་ཅན་ཌོག་ཊར་རི་ཆར་ཌི་ ཌེ་ཝེ་སོན་ (Dr. Richard Davidson) གྱིས་གསར་འཛུགས་བྱས་ཤིང་ཁོང་གིས་
སྒོམ་སྒྲུབ་ཉམས་ལེན་ལ་བརྟེན་ནས་མིའི་རྒྱུད་ལ་བྱམས་དང་སྙིང་རྗེ། བདེ་བ་ཇི་ལྟར་བསྐྲུན་པར་ཞིབ་འཇུག་གཙོ་བོ་བྱེད་ཀྱི་ཡོད་ལ། ཕྱི་ཟླ་ ༥ ཚེས་ ༡༦ ཉིན་རྒྱབ་ཆུ་ཚོད་ ༢།༡༥ ཐོག་མལ་ཌི་སིན་གྲོང་ཁྱེར་གྱི་ཨོ་ཝིར་ཆིར་ལྟེ་གནས་སུ་ ༧ གོང་ས་མཆོག་གཙོ་བྱས་ཌོག་ཊར་རི་ཆར་ཌི་ ཌེ་ཝེ་སོན་དང་ཌོག་ཊར་ཌན་ནེལ་ གྷོ་མན་གསུམ་གྱིས་ ༼སེམས་ཁམས་ བདེ་ཐང་སྐོར་ཞིབ་འཇུག༽ཞེས་པའི་བརྗོད་གཞི་ཐོག་མང་ཚོགས་མདུན་སར་བགྲོ་གླེང་གནང་རྒྱུ་དང་། ཝི་སི་ཀོན་སིན་མངའ་སྡེའི་བློན་ཆེན་ཇིམ་ ཌོ་ཡེལ་གྱིས་བགྲོ་གླེང་ཚོགས་འདུ་ འདིའི་དབུ་འབྱེད་གསུང་བཤད་གནང་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འདིར་མང་ཚོགས་རྣམས་རིན་མེད་ཐོག་འཛུལ་ཞུགས་ཆོག་པ་དང་འདུག་སྟེགས་མངག་ཉར་ ཆེད་ཞིབ་འཇུག་ཁང་ལ་http://www.investigatinghealthyminds.org སྔ་ས་ནས་འབྲེལ་བ་བྱེད་དགོས་ཀྱི་ཡོད། ཉིན་འདིའི་དུས་དཀྱིལ་ཙམ་ལ་ ༧ གོང་ས་མཆོག་གིས་ས་གནས་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་རྒྱུ་གཏན་འཁེལ་བྱས་ཡོད་འདུག