དྷི་ལྷ་ལྡན།
འཛམ་གླིང་སྤྱི་དང་ལྷག་པར་རིས་སུ་མེད་པའི་བོད་མི་སྤྱི་ཡི་སེམས་ནང་གི་འདྲེན་མཆོག་དམ་པ་གོང་ས་ལྷ་མིའི་རྣམ་འདྲེན་གང་གི་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་ཞིང་། དེ་དག་གང་ཞིག་བཀོལ་ན་ལེགས་ཚུལ་གྱི་ཐད་བགྲོ་གླེང་ཡང་འབྱུང་བཞིན་འདུག འོན་ཀྱང་ཏཱ་ལའི་བླ་མ་ཞེས་པའི་མཚན་འདི་སྐྱབས་མགོན་རིན་པོ་ཆེ་གང་ཉིད་ཀྱིས་ཀྱང་རྒྱུན་པར་བཀོལ་བ་དང་། དེང་གི་འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་མང་ཆེ་བར་ཡང་མཚན་འདི་ཡོངས་སུ་གྲགས་པ་དང་། མི་རིགས་གཞན་གྱིས་ཕུལ་བ་ཡིན་ཡང་དེ་ཉིད་བཀོལ་ན་འགལ་ཚབས་སུ་འགྱུར་བའི་རྒྱུ་གང་ཡང་མ་དམིགས་པ་སོགས་ཀྱིས་ཕྲན་གྱིས་མཚན་འདི་ཞུས་པ་ཡིན། འགྲོ་བ་མིའི་རིགས་ཀྱི་ཞི་བདེ། རང་དབང་དང་། འདྲ་མཉམ། ཐོབ་ཐང་། བརྩི་མཐོང་སོགས་ཡོངས་ཁྱབ་རིན་ཐང་དེ་དག་ལ་ངེས་པ་དོན་གྱིས་སྲུང་སྐྱོབ་བྱེད་པའི་སྲིད་ལུགས་བླ་མེད་ཅིག་འཇོག་དགོས་པའི་དབང་དུ་བཏང་ན། དེ་ནི་དུས་ད་ལྟའི་བར་དམངས་གཙོ་ཞེས་པའི་སྲིད་ལུགས་འདི་ལས་རྙེད་མེད་པར་གྲགས་ཤིང་། དམངས་གཙོ་ནི་འགྲོ་མི་ཡོངས་ཁྱབ་ཀྱི་རིན་ཐང་མཐའ་དག་སྨིན་ཞིང་རྒྱས་སུ་རུང་བའི་སྐྱེད་ཚལ་མཛེས་པོ་ཞིག་སྟེ། གནས་འདི་ནས་ད་གཟོད་འགྲོ་བ་མིའི་རིགས་ཡོངས་ལ་མཁོ་བའི་རྒྱུ་འབྲས་དྲང་སྙོམས་དང། ཞི་བདེ་བག་ཕེབས། རང་དབང་འདྲ་མཉམ་སོགས་ཀྱི་འཚོ་བ་ཚུལ་ལྡན་ཞིག་རྙེད་ཐུབ་པར་ལྟ། ལོ་རྒྱུས་བརྒྱུད་ལམ་ཁག་ལ་ཕྱི་མིག་ཅིག་འཕངས་ན་དེ་ལྟའི་ལམ་ཆེན་དུ་ཞུགས་ཚུལ་ནི་གཉིས་སུ་ངེས་ཏེ། གཅིག་ནི་འོག་ནས་དམངས་ཀྱི་རྟོགས་པ་སད་དེ་ཡོད་ཚད་ལ་དབང་བསྒྱུར་བར་རྔམ་པའི་དབང་སྒྱུར་བ་དང་དབང་སྒྱུར་བའི་ཁྱུ་ཚོགས་དག་རྩ་རྫོགས་བྱས་པ་དེ་རེད་ལ། གཅིག་ནི་ངེས་པ་དོན་གྱི་རླབས་ཆེ་བའི་མི་རིགས་ཀྱི་དབུ་ཁྲིད་པའི་སྐྱེས་བུ་ཆེན་པོ་དག་གིས་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་དམངས་ལ་དམངས་གཙོ་ཡི་བདེན་པ་ནན་གྱིས་ངོ་སྤྲད་པ་དེའོ།། ཨ་རིའི་རྒྱལ་ཡབ་ཏུ་འབོད་པའི་སྲིད་འཛིན་ཐོག་མ་ཝ་ཧྲིན་ཐོན་ནི་ཕྱི་མ་ཡི་མཚོན་དཔེ་རུ་འཇོག་འོས་ཤིང། ཁོང་ནི་འཛམ་གླིང་མིའི་རིགས་ཀྱི་ཁྲོད་ནས་ངེས་པ་དོན་གྱི་དམངས་གཙོ་ཡི་སློབ་དཔོན་ཞིག་ཏུ་གྱུར་ཡོད།
༢༠༡༡ལོར་འཛམ་གླིང་གི་རླབས་ཆེ་བའི་ཞི་བདེའི་དེད་དཔོན་ཆེན་པོ་བོད་མིའི་སེམས་ནང་གི་བླ་ན་མེད་པའི་དབུ་ཁྲིད་དམ་པ་རྒྱལ་བའི་དབང་པོ་གང་གིས། ཁོང་གིས་དངོས་སུ་སྣེ་ཁྲིད་པའི་བོད་རིགས་ནས་མགོ་བརྩམས་ཏེ་ད་ལྟ་ད་དུང་དམངས་གཙོ་ཚད་ལྡན་གྱི་ལམ་དུ་མ་སོང་བའི་མི་རིགས་དང་རྒྱལ་ཁབ་སྤྱི་ལ་དམངས་གཙོ་ཡི་བདེན་པ་གསལ་བོར་ངོ་སྤྲད་པར་བྱས་པ་དེས། ཁོ་བོའི་སེམས་སུ་དབང་མེད་དུ་ཨ་རིའི་རྒྱལ་ཡབ་ཏུ་འབོད་པའི་སྐྱེས་བུ་ཝ་ཧྲིན་ཐོན་ལགས་དྲན་དུ་བཅུག་སོང་། འདི་འདྲའི་རླབས་ཆེ་བའི་སྐྱེས་བུ་དམ་པ་དག་གིས་མགོ་བརྩམ་སའམ་དབུ་འཛུགས་ས་དེ་མི་རིགས་ཤིག་གམ་རྒྱལ་ཁབ་གཅིག་ཡིན་པ་འདྲ་ནའང་། ཁོང་ཅག་གི་མཛད་རྗེས་ཀྱི་དྲོད་ཁོལ་ནི་དེ་འདྲའི་ཕྱོགས་རེ་བ་ཙམ་མིན་པར་འཛམ་གླིང་འགྲོ་མི་ཡོངས་ཀྱི་སྤྱོད་སྐལ་ཞིག་སྟེ། ཁོང་ཅག་ལྟ་བུའི་སྐྱེས་བུ་དག་གི་མཛད་རྗེས་ལ་བརྟེན་ནས་ད་གཟོད་འཇིག་རྟེན་འདིར་རྒྱུ་འབྲས་དྲང་སྙོམས་དང་ཞི་བདེ་འཆམ་མཐུན་ཞེས་པ་དེ་བྱུང་བ་རེད། སྐྱེས་བུ་དམ་པ་དེ་དག་གི་རང་བཞིན་ལ་ནི་དུས་ལས་ཡོལ་བ་དང་ཚད་ལས་འདས་པ་སོགས་གང་ཡང་ཡོད་མི་སྲིད་པས་གཏན་ནས་གཏན་དུ་མིའི་རིགས་ཀྱི་དབུ་ཁྲིད་བྱེད་པར་རིགས། དེ་བས་ད་ལོ་ཁོང་གིས་བགྲེས་ཡོལ་གནང་སྐབས་སུ་གཞིས་བྱེས་བོད་མི་སྤྱི་ཡི་སེམས་སུ་མྱ་ངན་དང་སེམས་འཚབ་ཀྱི་འཁུར་གྱིས་ནོན་པར་གྱུར་མོད། ཞིབ་ཏུ་བསམ་ན་སྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ཀྱང་བོད་མིའི་དབུ་ཁྲིད་དུ་མཚན་མིང་བཀོད་མིན་ཙམ་ལ་མ་ལྟོས་པར་དུས་ནམ་ཡང་བོད་མི་སྤྱི་ཡི་སེམས་ནང་གི་དབུ་ཁྲིད་གཅིག་པུ་རུ་གྱུར་ཡོད་པར་མ་ཟད། མི་རིགས་ཤིག་གམ་རྒྱལ་ཁབ་གཅིག་ཙམ་མིན་པར་འཛམ་གླིང་འགྲོ་མི་སྤྱི་ཡི་དབུ་ཁྲིད་དུ་འཚོ་ཞིང་བཞུགས་པས་དེ་ཙམ་སེམས་འཚབ་བྱེད་དགོས་སུའང་མ་མཆིས་ཏེ། ཁོང་གིས་བགྲེས་ཡོལ་གནང་སྐབས་ཀྱི་ཐ་མའི་གསུང་འཕྲིན་ནང་དུ“ང་ག་དུས་ཡིན་ནའང་འདིར་ཡོད་བསྡད་ཡོད་པ་རེད”ཅེས་པ་ནི་ང་ཚོའི་སེམས་ལ་དྲོད་ཁོལ་སྦྱིན་པའི་གསུང་གི་རིལ་བུ་གཅིག་ཏུ་ངེས།
གཅིག རྣམ་རིག་མཆོག་ཏུ་བཀྲ་བའི་བྱིས་པ་གཉིས།
ཝ། དུས་རབས་བཅོ་བརྒྱད་པའི་དུས་ཏེ། ཡོ་རོབ་རྒྱལ་ཁབ་ཀྱི་མི་སེར་སྤེལ་མཁན་དག་གིས་མེ་གླིང་ལྷོ་བྱང་ཀུན་མི་སེར་སྤེལ་ཡུལ་དུ་བསྒྱུར་ཞིང་། གཉའ་གནོན་དང་བཙན་འཛུལ་གྱི་བྱ་བ་ཁོ་ན་ལག་ཏུ་བསྟར་ཏེ་ཉམ་ཆུང་བའི་མི་སེར་རྣམས་སྡུག་གི་མཆི་མའི་རྒྱ་མཚོ་རུ་བྱིངས་བཞིན་པའི་སྒང་དེར། ཨ་རིའི་གཞིས་སྡོད་ཀྱི་ཁྱིམ་ཚང་ཞིག་ཏུ་བློ་དཀར་གཞུང་དྲང་གི་བྱིས་པ་ཡ་རབས་ཤིག༡༧༣༢-༡༧༩༩སྐྱེས་ཤིང་། བྱིས་པ་དེས་ཤེས་བྱ་གང་ཡང་ཤེས་འདོད་ཀྱི་བློ་མིག་ཧྲིག་ཧྲིག་ཏུ་འགུལ་གྱིན་གང་སར་བག་ཡངས་རྩེད་མོར་རྒྱུགས་ཀྱིན་འདུག ཐེངས་ཤིག་བྱིས་པ་དེས་རང་གི་ཕ་རྒན་གྱིས་རྒྱུན་དུ་བཀོལ་བའི་སྟ་རེ་ཆུང་ཆུང་ཞིག་ལག་ཏུ་བཟུང་ནས་གང་སར་གཡུག་གིན་རྩེད་མོ་བྱས་ཤིང་། བར་སྐབས་ཤིག་ཁོས་སྟ་རེ་དེ་བཟུང་ནས་སིལ་སྡོང་ཞིག་གི་འགྲམ་དུ་ཐོན། ཁོས་སིལ་སྡོང་ལ“གྲོགས་པོ་ལགས། ཤོག་ཡཱ། དེ་རིང་ངས་ཁྱོད་ཀྱི་ལུས་སྟེང་ནས་སྟྭ་རེ་འདིའི་རྣོ་ཚད་ལ་ཚོད་ལྟ་ཞིག་བྱ”ཟེར་བཞིན་གཡུག་ཐེངས་ཤིག་གིས་སྡོང་བོ་དེ་དུམ་བུ་གཉིས་སུ་ཕྱེས་ཏེ་ས་ལ་བསྒྱེལ། འདི་ལ་ཤོད་ལུགས་མི་འདྲ་འགའ་མཆིས། སྐབས་ཤིག་ཁོའི་ཨ་ཕ་ཕྱི་རོལ་ནས་ཁྱིམ་དུ་ལོག ཕ་ཡིས་རང་གི་སྡོང་བོ་དེ་མཐོང་བས་ཁོང་ཁྲོ་རབ་ཏུ་ལངས་ཏེ། “ངའི་སྡོང་བོ་སུས་བཅད་པ་རེད། ངས་དེ་ལ།” ཟེར་བཞིན་ཡར་རྒྱུགས་མར་རྒྱུགས་བྱེད་བཞིན་བསྡིགས་མོ་བྱས། བྱིས་པ་དེས་སེམས་ལ་སྐྲག་དངངས་ཤིག་བྱུང་མོད། འོན་ཏེ་ཁོས་ཕ་ལ་གནས་ཚུལ་ཡོད་ཚད་བཤད་དེ། “ཨ་ཕ་ལགས་ང་ལ་ཆད་པ་གཅོད་རོགས། ནོར་འཁྲུལ་འདི་ངས་བྱས་པ་ཡིན། ངས་སྟ་རེ་ཡི་རྣོ་སོ་ལ་ཚོད་ལྟ་བྱེད་འདོད་པས་ཡིན།” ཞེས་བཤད། ཕ་ཡིས་རང་གི་བུ་ཡི་གཤིས་དྲང་དང་བློ་སྤོབས་ལ་ཡིད་རབ་ཏུ་མགུ་ནས། ཁོང་ཁྲོ་དེ་མ་ཐག་ཏུ་ཞི། བུ་ཆུང་དེ་རང་གི་པང་དུ་བླངས་ནས“ཨ་ཕ་སིལ་སྡོང་འདི་ལས་བུ་ཡི་རང་གཤིས་དྲང་མོ་འདི་ལ་ཧ་ཅང་དགའ”ཞེས་སྨྲས། གཞུང་རྒྱུད་དྲང་ཞིང་རྣམ་རིག་བཀྲ་བའི་བྱིས་པ་ཆུང་ཆུང་དེ་ནི་ཕྱིས་སུ་ཨ་རིའི་སྲིད་འཛིན་ཐོག་མའི་ཁྲི་ལ་ཕེབས་མཁན་གྱི་སྐྱེས་བུ་ཆེན་པོ་ཝ་ཧྲིན་ཐོན་རེད།
ཏཱ། དུས་རབས་ཉི་ཤུ་བའི་དུས་ཏེ། རྒྱ་ནག་གི་སྐུ་དྲག་དང་དམག་དཔོན་དག་གིས་ཧམ་སེམས་ཀྱི་མིག་མདངས་དམར་པོར་གྱུར་ཞིང་། བོད་ས་སྟོད་སྨད་ཀུན་མི་སེར་སྤེལ་ཡུལ་དུ་སྒྱུར་བའི་སྟ་གོན་བགྱི་བཞིན་པའི་སྐབས་ཤིག་ན། མདོ་སྨད་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་བརྩེ་བ་དང་རྣམ་རིག་ལྷན་སྐྱེས་སུ་མངའ་བའི་བྱིསཆ་པ་ཡ་མཚན་ཞིག་འཁྲུངས་ཤིང་། ཁོང་གིས་རྩེད་གྲོགས་བྱིས་པ་དག་གི་གྲལ་ནས་གསོད་ལ་ཉེ་བའི་སྲོག་ཆགས་ཕྲ་མོ་རེ་ནན་གྱིས་བསྐྱབས་ཏེ་དབེན་སར་བཞག་ཅིང་། དགེ་རྒན་གྱིས་བཤད་པ་དང་གཞུང་ཐོག་ཏུ་བྲིས་པ་ཡོད་ཚད་ལ་ཅི་ཕྱིར་སྙམ་པའི་འདྲི་རྟགས་རྣོན་པོ་ཞིག་ཁྱེར་ཏེ་རྣམ་རིག་རྒོད་པོ་དེ་ཨ་མདོ་ནས་དབུས་གཙང་ཕྱོགས་སུ་རྒྱུ་བཞིན་འདུག བྱིས་པ་དེས་ནམ་རྒྱུན་རང་ཉིད་སྡོད་སའི་ཁང་པ་དེའི་ནང་དུ་སྐྱེས་བུ་གོང་མ་ཞིག་གིས་བཞག་པའི་ཆ་མེད་པའི་འཕྲུལ་ཆས་དག་གཏོར་བ་དང་སྒྲིག་པ་སོགས་བྱེད་ཅིང་། ཡུལ་གྲུ་གཞན་ནས་འཁྱེར་ཡོང་བའི་འཕྲུལ་ཆས་འགའ་རེ་ཡོད་ནའང་དེ་ཉིད་བཀོལ་སྤྱོད་གང་ཡང་མི་ཤེས་པར་བསྐྱུར་བ་ལས། འཕྲུལ་ཆས་ལ་ཆ་རྒྱུས་ཡེ་ནས་མེད་པའི་ཡུལ་གྲུ་ཞིག་ནས་ཀྱང་བྱིས་པ་ཆུང་ཆུང་དེས་རྒྱང་མཐོང་སོགས་ཀྱང་དཀའ་ཚེགས་མེད་པར་བཀོལ་ཤེས་ཀྱིན་ཡོད། ནམ་རྒྱུན་བྱིས་པ་དེས་རྒྱང་མཐོང་ཞིག་བེད་སྤྱོད་བྱས་ཏེ་རང་ཉིད་སྡོད་ཁང་དང་འདབས་འབྲེལ་དུ་གནས་པའི་གྲོང་ཁྱེར་ནང་གི་མི་ཚོགས་ཀྱི་བྲེལ་ཟིང་། སྤྱི་ཚོགས་གནས་སྟངས། ད་དུང་སྲང་ལམ་ཡར་མར་དུ་རྒྱུགས་ཀྱིན་པའི་རང་དང་ན་མཉམ་བྱིས་པ་དག་གི་བག་ཡངས་རྩེད་མོ་ལ་ལྟ་བ་དང་། སྐབས་འགར་ནམ་མཁའི་སྐར་མའི་ཚོགས་ལ་ལྟ་བཞིན་དེ་དག་གི་ཆགས་སྟངས་དང་རྣམ་གཞག་སོགས་ལ་འདྲི་བ་དང་རྟོག་དཔྱོད་བྱེད་ཀྱིན་ཡོད། ཉིན་ཞིག་ཁོང་གིས་རྒྱང་ཤེལ་དེ་ལས་ཟླ་བར་ཡུན་རིང་ཙམ་བལྟས་མཐར། དགའ་སྤྲོ་སྐྱེ་བཞིན། “དགེ་རྒན་ལགས་འདི་ན་ཤོག ཟླ་བའི་སྟེང་ན་ལྟོས་དང་། འདི་ནི་གྲིབ་མ་ཞིག་མ་རེད་དམ།” ཞེས་འུར་བརྒྱབས་བྱུང་ལ། དགེ་རྒན་གྱིས་བལྟས་རྗེས། བྱིས་པ་དེས་སླར་ཡང་འདི་ལྟར། “ཏག་ཏག་རེད། འདི་ནི་གྲིབ་མ་ཞིག་རེད། ས་ཐོག་འདིར་ཉི་འོད་འཕྲོས་པའི་རྐྱེན་ལས་གྲིབ་མ་བྱུང་བ་བཞིན། ཟླ་བའི་སྟེང་དུའང་ཉི་འོད་རྒྱག་གིན་ཡོད་ངེས་རེད།” ཅེས་ཚན་རིག་ལ་རྣ་ཐོས་ཙམ་ཡང་དཀོན་པའི་ཡུལ་གྲུ་དེ་ནས་བྱིས་པ་ཆུང་ཆུང་དེས་འདི་འདྲའི་སྡོམ་ཚིག་བརྒྱབས་ཤིང་། རང་གི་ཕ་མེས་ནས་བརྒྱུད་ཡོང་བའི་ཤོད་སྲོལ་ཞིག་སྟེ། “ཟླ་བའི་སྟེང་ན་ཡོད་པ་དེ་རི་བོང་གི་གཟུགས་རིས”ཤིག་ཡིན་པར་བཤད་པ་སོགས་ལ་ལྡོག་འདྲི་བྱས། འོན་ཏེ་ཁོང་གི་དགེ་རྒན་གཉིས་ནི་ད་དུང་ཅུང་མ་གོ་བའི་སོམ་ཉིའི་ར་བར་ཚུད་ཅིང་ལན་མེད་དུ་འདུག བྱིས་པ་དེ་ནི་རང་ཅག་གི་དབུ་ཁྲིད་བླ་ན་མེད་པ་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན་དུ་བསྔགས་ཀྱིན་པའི་སྐྱེས་བུ་ཆེན་པོ༧རྒྱལ་དབང་ཏྰ་ལའི་བླ་མ་གང་ཉིད་རེད།
གཉིས། མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དར་མ་གཉིས།
ཝ། ཡུན་རིང་མ་འགོར་བར་མི་སེར་སྤེལ་མཁན་གྱི་ཡོ་རོབ་རྒྱལ་ཁབ་ཁག་གིས་མི་སེར་སྤེལ་ཡུལ་གྱི་ཨ་རི་འཕྲོག་རྩོད་བྱས་ཤིང་། ལྷག་པར་ཧྥ་རིན་སི་དང་དབྱིན་ཇི་གཉིས་ཀྱིས་ལོ་ངོ་བདུན་རིང་གཡུལ་འཐབ་བྱས། ༡༧༦༣ལོར་དབྱིན་ཇི་བ་ཡོངས་སུ་རྒྱལ་ནས་ང་རྒྱལ་གྱིས་སུ་ཡང་མིག་ལམ་དུ་མེད་པར་གྱུར། དུས་དེ་ཤེད་དུ་དབྱིན་ཇིའི་མི་སེར་སྤེལ་མཁན་དག་གི་ཧམ་སེམས་ཆེ་ནས་ཆེ་རུ་ཕྱིན་ཞིང་། ཨ་རིའི་མི་སེར་ཡོད་ཚད་གྲགས་མེད་མངོན་མེད་དུ་ཧམ་ཟས་བྱེད་པར་རྔམ་གྱིན་པའི་སྒང་ཡིན་ཞིང་། ཨ་རི་གྲགས་མེད་མངོན་མེད་དུ་དབྱིན་ཇི་བའི་ཁ་ཟས་སུ་འགྱུར་མིན་ནི་མི་དམངས་ཀྱི་སྙིང་སྟོབས་དང་ཆིག་སྒྲིལ་ཆོད་སེམས་སོགས་ལས་གཞན། ལམ་སྟོན་དང་ཐབས་འདོན་བྱེད་མཁན་གྱི་དབུ་ཁྲིད་ཅིག་ལའང་རག་ལས་པ་རེད། དེ་བས་སྐབས་དེར་ཨ་རི་པ་ལ་རླབས་ཆེ་བའི་དབུ་ཁྲིད་ཅིག་ཧ་ཅང་མཁོ་བར་གྱུར། ༡༧༧༥ལོའི་ཟླ༥བར་འཇོན་རྩལ་ལྡན་ཞིང་དར་ལ་བབས་པའི་སྐྱེས་བུ་ཞིག་ཨ་རིའི་དམག་སྤྱི་ཆེན་མོར་འདེམས་བསྐོ་བྱས་ཤིང་རེ་བས་བཀུར། སྐྱེས་བུ་གང་དེས་ཀྱང་དམངས་ཀྱི་རེ་བ་དང་རང་གི་ཕོ་རུས་གཙང་མ་དེ་ཡི་སླད་དུ་བློ་ཐག་རྦད་ཆོད་ཀྱིས་ཨ་རི་པའི་དབུ་ཁྲིད་མཛད་དེ་ལོ་ངོ་དྲུག་གི་རིང་ལ་དབྱིན་ཇི་དང་གཡུལ་སྤྲད། མཇུག་མཐར་ཨ་རི་གྲགས་མེད་མངོན་མེད་དུ་དབྱིན་ཇི་བར་ཁ་ཟས་བྱེད་དུ་མ་བཅུག་པར་འཛམ་གླིང་ལ་ཨ་རི་ཞེས་པ་ཞིག་ཡོད་པ་ངོ་སྤྲད་པར་མ་ཟད། སྐབས་དེའི་དབྱིན་ཇི་བའི་མི་སེར་སྤེལ་མཁན་དག་གི་ངན་གཤིས་དང་རྩུབ་སྤྱོད་དེ་འཛམ་གླིང་ལ་ངོ་སྤྲད་ཅིང་། ཨ་རི་བའི་བདེན་པ་དང་རང་དབང་ལའང་བདེན་དཔང་རླབས་ཆེན་ཞིག་བགྱིས་སོ། །སྐྱེས་བུ་དེ་ནི་ཨ་རིའི་གཞིས་ཁྱིམ་ཞིག་ཏུ་བློ་དཀར་གཞུང་དྲང་གི་བྱིས་པ་ཡ་རབས་ཤིག་སྐྱེས་ཡོད་པ་དེ་དར་ལ་བབས་པའི་དུས་ཏེ། སྐུ་ཞབས་ཝ་ཧྲིན་ཐོན་ལགས་སོ། །
ཏཱ། དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་སྟེ། ༡༩༤༩ལོར་རྒྱ་ནག་རྒྱལ་ཁབ་ཀྱིས་ཕྱོགས་ཁག་གང་ཞིག་ཡོངས་སུ་ཕམ་པར་བྱས་ཤིང་། ཁོ་ཚོས་ལོ་མང་ཉམས་མྱོང་བསགས་ཤིང་དྲག་པོའི་མདུང་རྩེར་ཁྲག་དྲི་མ་ཡལ་བའི་དམག་དཔུང་སྟོབས་ཆེན་དེས། ཉམས་མྱོང་དང་གོ་མཚོན་སོགས་ཅི་ཡང་མེད་ཅིང་། “ཆོས་ཀྱི་བྱ་བ་གཙོར་འདོན་ལས། སྲིད་ཀྱི་འདུ་འགོད་ལ་དོ་སྣང་མེད”པའི་ཉམ་ཆུང་བོད་རིགས་ཀྱི་སྟེང་དུ་དྲག་པོའི་མདུང་རྩེ་གཏད་ཅིང་། དེ་ཡི་ཁྲོད་ཀྱི་མི་སྐོར་ཞིག་གིས་ལྐོག་ལྐོག་སུད་སུད་དུ་ལས་སླ་མོའི་སྒོ་ནས་བོད་མི་རིགས་ཀྱི་སྣོད་བཅུད་ཡོད་ཚད་ཁ་ཟས་བྱེད་པར་རྔམ་གྱིན་ཡོད། དུས་དེར་བོད་མི་ཡོངས་ཀྱི་རེ་བའི་མིག་ཟུང་གཏོད་ས་ནི་ལོ་ན་ཆེས་གཞོན་པའི་སྐྱེས་བུ་ཞིག་ཡིན་ལ། གདུག་ཅན་གྱི་དམག་དཔུང་ཐོན་ལ་ཉེ་བའི་སྐབས་དེར་གཞོན་ནུ་ཁོང་ནི་བོད་མི་ཡོད་ཚད་ཀྱིས་གཞན་གང་ལས་ཀྱང་ཆེས་སེམས་ཁྲལ་བྱ་ཡུལ་དེའང་རེད། དེ་བས་གཞུང་སྒེར་ཀུན་གྱིས་མ་བགྲོས་ཐུན་མོང་གིས་ཁོང་དབུ་ཁྲིད་ཀྱི་གསེར་ཁྲིར་མངའ་གསོལ་ཞིང་། སྐྱེས་བུ་དེས་ཀྱང་ཀུན་གྱི་རེ་བ་ལྕི་མོ་ཕྲག་ཏུ་བླངས་ཏེ་ཤིན་ཏུ་སྐུ་ངལ་ཆེ་བའི་ལམ་བུ་དེར་ཞུགས། ཁོང་གིས་གདུག་ལྡན་འགའ་ཞིག་གིས་གྲགས་མེད་མངོན་མེད་དུ་བོད་ཀྱི་སྣོད་བཅུད་ཡོངས་ཁ་ཟས་བྱེད་པར་རྔམ་ཞིང་། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སུས་ཀྱང་མ་གོ་བར་ལྐོག་ལྐོག་སུད་སུད་དུ་དབང་བསྒྱུར་ཆོག་པའི་འདོད་བློ་དེར་ལྡོག་ཕྱོགས་ཀྱི་ལན་ཞིག་བཏབ་སྟེ། འཛམ་གླིང་འདིར་བོད་ཞེས་པའི་མི་རིགས་ཤིག་ཡོད་པ་བདེན་པར་ངོ་སྤྲད་པར་མ་ཟད། ཁོ་ཚོས་ཁྲིམས་མེད་ལུགས་མེད་དུ་ལྐོག་ཟ་བྱེད་པར་རྔམ་པའི་ངོ་གདོང་ཕྱིར་བཏོན་ཞིང་། བོད་ཀྱི་བདེན་པ་དང་བོད་ཀྱི་གནས་བབ་འཛམ་གླིང་ལ་ངོ་སྤྲད་པར་བྱས་ཏེ་བོད་དོན་འཛམ་གླིང་རང་བཞིན་ཅན་དུ་བསྒྱུར། སྐྱེས་བུ་དེ་ནི་མདོ་སྨད་ཀྱི་བོད་ཁྱིམ་དཀྱུས་མ་ཞིག་ཏུ་བརྩེ་བ་དང་ཤེས་རབ་ལྷན་སྐྱེས་སུ་མངའ་བའི་བྱིས་པ་ཞིག་འཁྲུངས་པ་དེ་ཉིད་གཞོན་ནུར་གྱུར་བའི་དུས་ཏེ། སྐྱེས་ཆེན་རྒྱལ་དབང་ཏཱ་ལའི་བླ་མ་མཆོག་གོ །
གསུམ། དམངས་གཙོ་ཡི་བདེན་པ་སྟོན་པའི་སྐྱེས་བུ་ཆེན་པོ་གཉིས།
ཝ། ༡༧༨༣ལོའི་ཟླ༩བར་དབྱིན་ཇི་བས་ཨ་རི་རང་བཙན་ཡིན་པར་ཁས་མི་ལེན་ཐབས་མེད་བྱུང་ཞིང་། ཕ་རི་སིའི་གྲོས་ཆིངས་བཞག དམག་སྤྱི་ཆེན་མོ་ཝ་ཧྲིན་ཐོན་ལགས་ཀྱིས་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་རླབས་ཆེ་བའི་མཛད་རྗེས་བསྐྲུན་ཏེ་ཨ་རི་བ་གཞན་གྱི་བཙན་འོག་ནས་ཐར་བར་བྱས། སྐབས་དེར་མི་མང་པོ་ཞིག་གིས་ཁོ་ལ་སྐབས་དེའི་ཡུལ་ལུང་གཞན་དག་དང་མཚུངས་པར་ཨ་རིར་ཡང་སྒེར་གཅོད་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་འཛུགས་རྒྱུ་དང་། ཝ་ཧྲིན་ཐོན་དེ་ཡི་རྒྱལ་བོར་འདུག་རྒྱུར་སྐུལ་མ་བྱས་མོད། ཝ་ཧྲིན་ཐོན་གྱིས་དེ་དག་གཏན་ནས་དང་ལེན་མ་བྱས། དེ་ཡང་དཔེར་མཚོན་ཙམ་དྲངས་ན། མི་ཞིག་གིས་ཝ་ཧྲིན་ཐོན་ལ་ཡི་གེ་ཞིག་བསྐུར་ཏེ་ཝ་ཧྲིན་ཐོན་རྒྱལ་བོའམ་སྒེར་གཅོད་པ་ཞིག་བྱས་ཏེ། དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྒྱུའི་རེ་བ་ཞུས་པར། ཝ་ཧྲིན་ཐོན་ཁོང་ཁྲོ་འབར་གྱིན་ལན་དུ་འདི་ལྟར་བྲིས། “ཁྱོད་ཀྱིས་བདག་ལ་བསྐུར་བའི་འཕྲིན་དེར་བདག་གིས་བལྟས་པ་ཡིན། དེ་ཡིས་ཁོ་བོ་ཡ་མཚན་དུ་བཅུག་བྱུང་། རྒྱལ་པོ་དང་སྒེར་གཅོད་སོགས་ཀྱི་ཐ་སྙད་འདི་དག་ཁོ་བོས་ངོ་ཚ་ཆེན་པོ་ཞིག་ཏུ་བཟུང་ཡོད”ཅེས་བཤད། ༡༧༨༩ལོར་ཁོ་ཨ་རིའི་སྲིད་འཛིན་དུ་བདམས། དེ་ནི་ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་ཐོག་མ་དེ་རེད། ༡༨༩༣ལོར་ཁོ་ཡང་བསྐྱར་ཐེངས་གཉིས་པར་སྲིད་འཛིན་དུ་བདམས། དེ་ནས་ཁོང་གིས་མི་གཅིག་གིས་སྲིད་འཛིན་ཐེངས་གསུམ་མུ་མཐུད་དེ་འཁུར་རྒྱུ་དང་ཚེ་གང་སྲིད་འཛིན་དུ་འདུག་རྒྱུར་ངོ་རྒོལ་བྱས་ཤིང་། ༡༨༩༦ལོར《གྱེས་བྲལ་གཏམ་བཤད》སྤེལ་ཏེ་ཕྱིར་གཞིས་གར་ལོག ཁོང་གིས་སྲིད་འཛིན་ཐེངས་གཉིས་ལས་མ་འཁུར་བའི་མིག་དཔེ་དེས་ཨ་རིའི་སྲིད་འཛིན་ཀུན་གྱིས་ཐེངས་གཉིས་ཡན་མི་འཁུར་བའི་སྲོལ་དར། ཁོང་གི་ལོ་རྒྱུས་ནང་ནས་བདག་སེམས་གཡོ་བར་བྱེད་པའི་རླབས་ཆེན་གྱི་མཛད་པ་ཞིག་ངོས་འཛིན་དགོས་པའི་དབང་དུ་ན་དེ་ནི་གཡུལ་འགྱེད་པ་དང་། དབང་བླངས་པ་སོགས་གང་ཡང་མིན་པར་ཁོང་གི་ཐུན་མིན་གྱི་མཛད་སྤྱོད་ཐ་མ་འདི་དག་སྟེ། ཀུན་གྱིས་དབང་བསྒྱུར་དང་གོ་གནས་རྩོད་ཀྱིན་པའི་དུས་ཚོད་དེར་ཁོང་གིས་རང་གི་ལག་ན་ཡོད་པའི་ཆེས་མཐོའི་གོ་གནས་དེ་དོར་ནས། ཨ་རིའི་མི་དམངས་ལ་དམངས་གཙོ་ཞེས་པའི་བདེན་པ་ངོ་གསལ་བོར་སྤྲད་པ་དེ་རེད། དེ་ཡང་ཁོང་གི་དང་ཐོག་དབང་ཆ་ཡོད་ཚད་དམངས་ལ་སྤྲད་པ་དེ་དང་། གཉིས་པར་ཁོང་གིས་ཐེངས་གསུམ་པའི་སྲིད་འཛིན་གྱི་འགན་མ་བླངས་བར་ཕྱིར་གཞིས་གར་ལོག་པ་དེའོ།། ཁོང་གི་རླབས་ཆེ་བའི་མཛད་རྗེས་དེ་ཡི་རྒྱུ་དང་། དམངས་ཀྱི་སད་རྟོགས་དང་ཕྱིས་འབྱུང་གི་མི་སྣ་རླབས་ཆེན་འགའ་རེའི་ལེགས་མཛད་ཀྱི་རྐྱེན་ལས། ཨ་རི་རྒྱལ་ཁབ་ལ་དམངས་ཀྱིས་བདག་སྐྱོང་བྱས་ཤིང་ངེས་པ་དོན་གྱིས་དམངས་ལ་དབང་བར་གྱུར། ཁོ་ཚོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་གོ་གནས་ཀྱང་“རིགས་དང་རུས་མི་གཙོ”བར་བུ་གང་འཇོན་གྱི་ལག་ཏུ་ལེན་ཆོག་ཆོག་ཏུ་གྱུར་ཞིང་། དུས་རབས་ཉེར་གཅིག་པའི་དུས་མགོར་ཨ་རིའི་གྲངས་ཉུང་མི་རིགས་ཏེ། ཨ་རིའི་མི་ནག་རིགས་རྒྱུད་ཨོ་པ་མ་སྲིད་འཛིན་གྱི་ཁྲིར་འཁོད་པ་དེས་ཡང་བསྐྱར་དེ་ལ་བདེན་དཔང་སྟོབས་ཆེན་ཞིག་བགྱིས་སོ།།
ཏཱ། ༡༩༤༩ལོ་ནས་རིམ་གྱིས་རྒྱ་ནག་གི་དྲག་དམག་བོད་ཡུལ་དུ་སླེབས་ཤིང་། ༡༩༥༨ཡས་མས་ནས་ཁོ་ཚོའི་བསམ་སྦྱོར་གྱི་ངན་འབྲས་དག་མངོན་དུ་གྱུར་ཞིང་དྲག་སྤྱོད་སྤེལ། ཆེས་ཆ་རྐྱེན་ལྡན་ཞིང་སྟོབས་ཆེ་བའི་དམག་དཔུང་དེས། “ཆོས་དོན་ཁོ་ན་གཙོར་འདོན་ལས”གོ་མཚོན་དང་ལག་ཆ་མེད་ཅིང་། སྲིད་ཀྱི་འགྲོ་སྟངས་ལ་ཉམས་མྱོང་བྲལ་བའི་ཉམ་ཆུང་བའི་མི་རིགས་དེར་འཇིགས་སྐུལ་དང་བཙན་འདུལ་བྱས་ཤིང་། ཁོང་ཚོས་སྲོལ་རྒྱུན་དང་ཆོས་ལུགས། གནས་གཞིས་ཡོད་དགུ་བཙན་གྱིས་གཏོར་འཕྲོག་གི་བགྱི་བ་མངོན་དུ་བསྟར། རྐྱེན་དེ་དག་གིས་ཁོང་ཉིད་ཀྱི་ཐུགས་ཀྱིས་མ་བཟོད་དེ་བོད་ཀྱི་བདེན་པ་དང་། བོད་ཀྱི་ལས་དབང་། བོད་ཀྱི་འཇིག་ཉེན་སོགས་ཀྱི་སླད་དུ༡༩༥༩ལོར་འཕགས་ཡུལ་དུ་བསྐྱོད། དེ་ནས་བགྲང་བྱ་གང་འཚམ་རིང་ཁོང་གིས་དབུ་ཁྲིད་དེ་དུས་རབས་གསར་བའི་ལམ་ཁར་གོམ་ཁ་འདོར་མ་མྱོང་བའི་མི་རིགས་འདི་ཉིད། ཨ་ཙེ་གོམ་ཙེ་ནས་བསླབས་ཏེ་རིམ་གྱིས་ནར་སོན་དུ་བཅུག་ཅིང་འཛམ་གླིང་གི་མི་གྲལ་དུ་བཙུད་པར་བྱས་ཤིང་། འཛམ་གླིང་འགྲོ་མི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་དང་། དམངས་གཙོ་ཡི་བདེན་པ་དག་གི་རང་ངོ་གསལ་བོར་སྤྲད་དེ་བོད་དོན་དམངས་ཀྱིས་སྐྱོང་དགོས་པའི་ལམ་ལུགས་གསར་དུ་བཏོད་པར་བྱས་ཤིང་། བོད་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱང“རིགས་མི་གཙོ་རུས་མ་གཙོ”བར་དམངས་ཀྱི་མོས་ཕྱོགས་ཁོ་ནར་བསྟུན་དགོས་པའི་བཀའ་གནང་།
སྐབས་འདིར་ཝ་ཧྲིན་ཐོན་ལ་མང་པོས་རྒྱལ་བོ་བྱེད་པ་དང་ཚེ་གང་སྲིད་འཛིན་སོགས་དགོས་པའི་སྐུལ་མ་གནང་བ་ནང་བཞིན་ཁོང་ལའང་དེ་ལྟར་བྱས་ཏེ། ཡུན་རིང་གི་བག་ཆགས་དང་དད་འདུན་གཙང་མ་དེ་ཡི་ངོས་ནས་བོད་མི་ཡོངས་ཀྱིས་ཐུན་མོང་གིས་རེ་ཞུ་ཡང་ཡང་བརྒྱབས་མོད། ཁོང་གི་གསུམ་བཅུའི་དུས་དྲན་ཐོག་ཏུ། “མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པ་ཡོང་ཆེད་ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་འཛིན་སྐྱོང་གི་འགོ་ཁྲིད་བྱེད་མ་དགོས་པར་བོད་མིའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་མང་ཚོགས་ཀྱིས་རང་དབང་གི་སྒོ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་བྱེད་ཐུབ་པ་དགོས་རྒྱུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནས་བཟུང་ཡང་ཡང་སྐུལ་འདེད་ལམ་སྟོན་བྱེད་བཞིན་པ་ལྟར་ད་ཆ་དེ་དག་དངོས་སུ་ལག་བསྟར་བྱ་རྒྱུའི་དུས་ཚོད་སྨིན་པར་མཐོང་སྟེ། ད་རེས་འདི་ཟླའི་ཕྱི་ཚེས༡༤ ནས་འགོ་འཛུགས་བྱ་རྒྱུའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན། གནས་ཚུལ་འདི་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་བྱུང་བ་ནས་བཟུང་བོད་ཕྱི་ནང་གང་སར་གནས་པའི་མང་ཚོགས་དང༌། སྒྲིག་འཛུགས་ཁག མི་སྒེར་མང་པོ་བཅས་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བྱེད་དགོས་པའི་རེ་སྐུལ་ནན་པོ་བྱུང་ཡང༌། ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་།”ཞེས་གསུངས་ཡོད་པ་ལྟ་བུའོ།། བོད་མི་རྣམས་ཀྱི་བློ་ཡུལ་དུ་ཆུད་དཀའ་བ་བྱུང་བ་འདི་ནི་དམངས་གཙོ་ཡི་གོ་རྟོགས་མེད་པ་དང་། གནས་ལུགས་ཁྱོན་ནས་མེད་པ་ཞིག་ཅིས་ཀྱང་ཡིན་མི་སྲིད་དེ། ཨ་རིའི་སྲིད་འཛིན་ཐོག་མ་སྐུ་ཞབས་ཝ་ཧྲིན་ཐོན་དང་། སྐྱབས་མགོན་ཏྰ་ལའི་བླ་མ་བཅུ་བཞི་པ་གང་ཉིད་ལྟ་བུའི་སྐྱེས་བུ་དག་ནི་དུས་ནམ་ཡང་དམངས་ཀྱི་མགོ་ཁྲིད་དུ་འོས་པ་སྟེ། རླབས་ཆེ་བའི་སྐྱེས་བུ་དག་ནི་ནམ་ཡང་དེ་ལྟར་ཡིན་པ་ལས། དེ་ལ་དུས་ཀྱིས་བསྒྱུར་བ་དང་ངོས་ནས་འགྱུར་བ་གང་ཡང་ཡོད་མི་སྲིད་པས་སོ། །འོན་ཀྱང་སྐྱབས་མགོན་ཏྰ་ལའི་བླ་མ་གང་ཉིད་ཀྱིས “རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན”ཞེས་གསུངས་པ་ལྟར་དང་། སྐྱེས་བུ་དམ་པ་དག་ཀྱང་བསྐལ་བ་མ་སྟོང་བར་དུ་རྟག་ཅིང་བརྟན་པ་ཞིག་མི་སྲིད་པའི་རྒྱུ་མཚན་གྱིས་ང་ཚོས་གྲྭ་སྒྲིག་གཞན་ཞིག་མི་བྱེད་པའི་འོས་མ་མཆིས་པ་རེད།
དེས་ན་སྐྱབས་མགོན་དམ་པ་གང་གིས་ང་ཚོའི་སྔ་སྲོལ་གྱི་ལམ་ལུགས་འདིས་བོད་མི་རིགས་ལ་དམངས་གཙོ་དང་འདྲ་མཉམ་ངོ་མ་ཞིག་ཆགས་མི་ཐུབ་པར་དགོངས་ཏེ་ཐུགས་ཀྱིས་མ་བཞེས་ཤིང་། ༢༠༡༡ལོའི་ཟླ་༣པའི་ཚེ༡༤ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་བསྩལ་བའི་གསུང་འཕྲིན་དུ། “རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན་རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པ་དང༌། དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱི་ནང་ནས་གུ་ཡངས་མང་གཙོའི་རིང་ལུགས་བཟང་ཤོས་ཡིན་པ་བཅས་ལ་བརྟེན་གཞན་གྱི་ལད་མོ་དང་མཛེས་ཆོས་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་རང་ལ་དམིགས་ཏེ་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་ཀྱིས་བསྒྱུར་བཅོས་ལག་ལེན་སྒོ་དུ་མ་ནས་བརྩམས་ཏེ།”ཞེས་དང་། “མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།” ཅེས་ཝ་ཧྲིན་ཐོན་གྱི་གྱེས་བྲལ་གཏམ་བཤད་ལྟ་བུ་སྤེལ་ཏེ་བོད་དམངས་ཡོངས་ལ་འདྲ་མཉམ་དམངས་གཙོ་སོགས་ཀྱི་ཆོས་ཉིད་ཀྱི་བདེན་པ་ངོ་ཞིག་ངོ་སྤྲད་པར་བྱས། ཁོང་གི་ལེགས་པར་མཛད་པ་འདི་ལ་བརྟེན་ནས་བོད་རིགས་དག་ཀྱང་ཨ་རིའི་མི་རིགས་ནང་བཞིན་གྱི་རྟོགས་པ་སད་ཐུབ་མིན་དང་། དམངས་གཙོ་ཚད་ལྡན་གྱི་ལམ་དུ་བསྐྱོད་ནུས་མིན་ནི་བོད་མི་རིགས་ཀྱི་གོ་རྟོགས་དང་མི་གཤིས་ལ་རག་ལས་པ་ཁོ་ན་ཞིག་གོ །
མཇུག་སྡོམ།
སྤྱིར་མི་རིགས་ཀྱི་སྣེ་ཁྲིད་པའི་སྐྱེས་བུ་དག་ལ་རང་རང་གི་ལམ་སྲོལ་རེ་རེ་ཡོད་ན། དེ་ཡི་ཆ་ནས་ནི་ཁོང་གཉིས་ཆེས་ཆེར་འདྲ་བ་མ་ཡིན་ཏེ། ཝ་ཧྲིན་ཐོན་གྱིས་དམག་གི་སྣེ་ཁྲིད་དེ་དྲག་པོས་དྲག་པོ་འདུལ་བའི་ལམ་ལུགས་ཤིག་བསྐྱངས་པ་ཡིན་ན། ཏྰ་ལའི་བླ་མ་མཆོག་གིས་ནི་བརྩེ་བ་དང་བདེན་པ་ཟུང་སྲོག་ཏུ་བྱས་པའི་ཞི་བ་ཡིས་དྲག་པོར་ཁ་གཏད་གཅོག་པའི་འཚེ་མེད་ཞི་བའི་ལམ་མཆོག་རྩལ་དུ་འདོན་པས་སོ། །དེ་ལྟར་ཡིན་ཡང་འོས་ཏེ། སྐྱེས་བུ་དམ་པ་གཉིས་ཀྱི་སོ་སོའི་དུས་ཀྱི་བབས་དང་ཁོར་ཡུག་གི་རྐྱེན། ད་དུང་སྣེ་ཁྲིད་བྱའི་མི་རིགས་སོ་སོའི་ཆ་རྐྱེན་གྱི་གནས་སྟངས་དང་། མི་གཤིས་ཀྱི་རྣམ་པ་སོགས་གང་ནས་བལྟས་ཀྱང་རྣམ་པ་དེ་དག་སོ་སོར་ཤིན་ཏུ་འཚམ་པས་སོ། །དེ་བས་འདི་ཡི་ཕྱོགས་ནས་གླེང་བར་བྱས་ན་ཏྰ་ལའི་བླ་མ་མཆོག་གི་མཛད་ཕྱོགས་དེ་རྒྱ་གར་གྱི་བླ་ན་མེད་པའི་དབུ་ཁྲིད་ཆེན་པོ་མ་ཧ་གན་དྷི་ལགས་དང་། ཨ་རིའི་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་པ་ཆེན་པོ་མར་ཐིན་ལུ་སིར་ཁེན་སོགས་དང་མཚུངས་པ་ཞིག་རེད། འོན་ཏེ་ཁོ་བོས་འདིར་གླེང་འདོད་པ་ནི་དེ་དག་མ་ཡིན་པར། རླབས་ཆེ་བའི་མཛད་རྗེས་ཕྱི་མ་འདི་ཉིད་ཡིན། དེ་ཡང་ཁོ་བོས་གོང་དུ་བཤད་པ་ལྟར་ཝ་ཧྲིན་ཐོན་གྱི་ཚེ་གང་གི་བྱ་བཞག་དག་ལས་ཆེས་རླབས་བ་ཆེ་གཅིག་ངོས་འཛིན་དགོས་པའི་དབང་དུ་ན་དམག་བརྒྱབས་པ་དང་དབང་བླངས་པ་སོགས་གང་ལའང་མཛུབ་མོ་མི་འཛུགས་པར། ཁོང་གི་མཛད་རྗེས་ཐ་མ་དེར་ངོས་འཛིན་རྒྱུ་ཡིན་ཞེས་བཤད་པ་ལྟར། སྐྱབས་མགོན་རིན་པོ་ཆེ་ཡི་སྐུ་ཚེ་གང་གི་མཛད་པ་དག་ནི་གཅིག་ལས་གཅིག་ལྷག་མཆོག་ཏུ་མང་ནའང་། གལ་ཏེ་གཉིས་འདེམས་དགོས་པའི་དབང་དུ་བཏང་ན། ༡ བོད་རིགས་འཛམ་གླིང་ལ་ངོ་སྤྲད་ཅིང་བོད་དོན་འཛམ་གླིང་རང་བཞིན་དུ་བྱས་པ་དེ་དང་། ༢ ངེས་པ་དོན་གྱིས་དམངས་གཙོ་དང་འདྲ་མཉམ་ཞེས་པ་དེ་ཕྱག་ལེན་དངོས་ཀྱི་སྟེང་ནས་ངོ་སྤྲད་པ་དེ་གཉིས་ལ་ངོས་འཛིན་བྱེད་ངེས་ཡིན།
བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རང་གི་འདོད་ཕྱོགས་དང་ཆགས་སྡང་འཁྱོག་བཤད་ཀྱི་དྲི་མས་མ་སྒྲིབ་སྟེ་ལོ་རྒྱུས་རིག་པའི་གཞུང་ལུགས་དང་མཐུན་པའི་ཞིབ་འཇུག་རྣལ་མས་འདས་ཟིན་པའི་བྱུང་བའི་རང་བཞིན་སོར་གནས་བརྗོད་རྒྱུ་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ལྡོག་ཏུ་མེད་པའི་འགན་འཁྲི་དོན་པོ་དེ་ཡིན། ལྟ་བར་མི་མཐུན་པ་དུ་མ་དང་རྩོད་པ་ཡང་རང་རང་གིས་རྣམ་དཔྱོད་དང་རིགས་ལམ་གྱིས་བློ་ངོར་གྲུབ་པའི་མཐའ་མི་འདྲ་གང་ཡང་ཡོང་ཆོག་པ་ཞིག་རེད། འོན་ཀྱང་ལོ་རྒྱུས་ནི་གང་བྱུང་ཟིན་པ་རྣམས་ཡིན་པས་དེ་ལ་གཅིག་རང་ལས་མེད་ལ་རྣམ་དཔྱོད་མི་འདྲ་བ་དང་རིགས་ལམ་ཕྲ་མོས་མི་མཐུན་པ་འགྲེལ་ཁུལ་བྱས་པ་ནི་ལོ་རྒྱུས་སྨྲ་བའི་ཁྲིམས་དང་འགལ་བ་ཞིག་ཡིན་པ་ཤེས་དགོས།།
དི་རིང་འཛིན་གྲྭར་འགྲོ་མི་དགོས་པས དྷི་ལྷ་ལྡན་ལེགས་ཀྱི་རྩོམ་ཡིག་ཕུལ་དུ་བྱུང་བ་འདི་ཉིད་བཀླགས་པས་བདག་ལ་བློ་བསྐྱེད་བཟང་པོ་བྱུང་། འཇིག་རྟེན་གནས་ལུགས་ཤེས་པར་འདོད་པ་རྣམས་ཀྱིས་བློ་ལ་མ་ངེས་བར་དུ་རྩོམ་ཡིག་འདི་ཡང་དང་ཡང་དུ་ཀློག་དགོས་པར་མཐོང་། འབྲི་བ་པོ་གང་གི་བློ་ལྷའི་རྫིང་བུ་ལས་འཁྲུངས་པའི་བློ་གཏེར་པདྨ་དཀར་པོ་འདི་ཉིད་གངས་ཅན་བློ་གསལ་དབང་པོ་རྣམས་ཀྱི་རྒྱན་དུ་གྱུར་ཅིག ཅེས་སྨོན་ཚིག་བཅས་རྩོམ་ཡིག་འདིར་བཀའ་བསྟན་གསུང་འབུམ་བཅས་ཀྱི་དག་ཆ་བཞིན་བདག་རང་གི་འདོད་ཚུལ་དང་མཐུན་པར་གླེང་བར་བྱ་སྟེ།
ཉི་ཤུ་བ། ཞེས་པར་ ཉི་ཤུ་པ། ཡོང་བ། ཞེས་པར་འོང་བ། བསྔགས་ཀྱིན་པ། ཞེས་པར་བསྔགས་བཞིན་པ། དབྱིན་ཇི། ཞེས་པར་ཨིན་ཇི། ཨ་རི་པ། ཞེས་བདག་སྒྲ་ལ་པ་ཡིག་ཕོ་བཀོལ་པ་དག་པ་མཆིས། དབྱིན་ཇི་བའི། ཞེས་པར་ཨིན་ཇི་པ། རྒྱལ་བོ། ཞེས་པར་རྒྱལ་པོ། གསལ་བོ། ཞེས་པར་གསལ་པོ། འཚམ། ཞེས་པར་འཚམས། བཅུ་བཞི་པ། ཞེས་པ་གང་གི་ཞེ་འདོད་ལྟར་བ་ཡིག་དགོས་ཀྱང་། དེ་ལྟར་མ་ཡིན་པ། པ་ཡིག་ཡོད་པ་ཤིན་དུ་འཐད། བསྐལ་བ། ཞེས་པར་བསྐལ་པ། བསྩལ་བའི། ཞེས་པར་སྩལ་པའི། ཞེས་བདག་གིས་འབྲི་བ་ཡོད། འོན་ཀྱང་། སེམས་ཅན་མོས་པ་སྣ་ཚོགས་པ། རྒྱལ་བ་ཡིས་ཀྱང་མགུ་བར་དཀའ། གསུངས་པ་ལྟར་རོ།།
བོད་པ་ཚོས་༼ རྒྱལ་བ་རིན་པོ་ཆེ་དང་། ཡང་ན་སྐྱབས་མགོན་རིན་པོ་ཆེ་ ༽ཞེས་འབོད་ན་འོས་ཤིང་འཚམ་པ་ཡིན་ལ།
གཞན་བོད་པ་ཚོས་་ ༧ཏྰ་ལའི་བླ་མ་ ཞེས་འབོད་པ་ནི་མ་གུས་པ་དང་བརྩི་འཇོག་མ་བྱས་པ་ཞིག་རང་བཞིན་གྱིས་ཚོར་ཡོང་གི་འདུག
བསམ་ཚུལ་ཙམ་ཡིན
གཞན་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ།
ཐབས་ཇུས་ཅན་གྱི་བསམ་ཚུལ་དེ་ང་ལ་ཡང་སྔ་ནས་ཡོད།
ལ་དྭགས་བློ་བཟང་ལ་ཞུ་རྒྱུར། གོང་དུ་དྲངས་པའི་མིང་མཐའ་འདྲེན་ཚུལ་དག་ནི་གཅིག་མཐུན་མེད་པའི་རིགས་རེད། གང་བྱས་ཀྱང་ནོར་ཡོད་པར་བཤད་དཀའ། ཅི་ཞེ་ན། བདག་སྒྲ་ལ་བ་འདོད་པ་དང་མི་འདོད་པའི་རིང་ལུགས་ཆེན་པོ་མི་འདྲ་བ་གཉིས་དང་། མིང་མཐའ་འདྲེན་ཚུལ་ལ་ཡང་རྟགས་མཚུངས་ལ་བསམ་ནས་་་་གསལ་བོ་་་ཞེས་འབྲི་བ་དང་། ཡུལ་སྐད་ལྟར་་་་གསལ་པོ་་་ཞེས་འབྲི་མཁན་འདུག གཞན་རྣམས་ཀྱང་དེ་མཚུངས་རེད། མིང་མཐའ་འདྲེན་ཚུལ་གཅིག་གྱུར་ཅིག་མེད་པ་ནི། བརྗོད་བདེ་འདྲེན་པ་ཞེས་པ་འདི་ལ་ཐུག་འདུག དེ་ཡང་སོ་སོའི་ཡུལ་སྐད་དང་བསྟུན་ཏེ་མིང་འདི་བྱ་བའི་རྗེས་ལ་མིང་མཐའ་འདི་དང་འདི་འཇུག་ཅེས་སོ་སོའི་ཡུལ་སྐད་ཀྱི་གདངས་དང་བསྟུན་ནས་བྲིས་ཙམ་ལས་རྒྱུ་མཚན་གཞན་མེད། དེ་ཕྱིར་གོང་གི་མིང་མཐའ་དག་ནོར་བར་མི་སེམས་སོ།།
མང་ཐོས་ལ་ལན་ཞུ་བ།
བདག་ནི་བཀའ་བསྟན་གསུང་འབུམ་རྣམས་ཀློག དེ་དག་དང་མཐུན་པར་གོང་གསལ་ཚིག་ཀུན་བཏུས། སླར་ཡང་ནན་ཏན་ཆེད་དུ། རྒྱལ་བ་ཙོང་ཁ་པའི་གསུང་འཐོར་བུ་ལས། སྐུ་འབུམ་བྱམས་པ་གླིང་སྤར་མ་ནས་གཤམ་གསལ་ཚིག་རྣམས་བཏུས།
གསེར་གླིང་པ། དགོན་པ་པ། སྣེའུ་ཟུར་པ། ཐག་མ་པ། རྒྱལ་སྲས་བཟང་པོ། །ཆད་ཁ་པ། སྤྱིལ་བུ་པ། མཚོ་སྣ་པ། མོན་གྲ་པ། ཐར་པ། ཤར་ཙོང་ཁ་པ། རེད་མདའ་པ། ཡི་གེ་པ། ནམ་མཁའ་རྒྱལ་པོ། གངས་རིའི་དབང་པོ། སྙིང་པོ།
སྤྱིར་བཏང་དམིགས་བརྩེ་མ། ཞེས་ཡོངས་གྲགས་ལྟར། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། ཞེས་སོགས་བསྒྱུར་ཏེ། རེད་མདའ་པས་རྗེ་རིན་པོ་ཆེ་ལ་སླར་བཟློགས་ནས་སྩལ་ཏོ། །ཞེས་ཐོས་ཀྱང་རྗེ་རིན་པོ་ཆེས་ཇི་ལྟར་བརྩམས་ཡོད་པ་རྒྱུས་མེད་ཀྱང་། འོག་གི་ཚིགས་བཅད་འདི་དངོས་མ་ཡིན་འདུག
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།
ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།
གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་པ།
གཞོན་ནུ་བློ་གྲོས་ཞབས་ཀྱི་པདྨོར་འདུད།
ཐར་འདོད་བུང་བ་བདག་ཀྱང་བསྐྱབ་ཏུ་གསོལ།།
ཅེས་པ་འདི་ཡང་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཉིད་ཀྱིས་མཛད་པའོ།།
བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་ཞེས་པ་དེ། ཆོས་སྐད་ལ་ཁ་སྐད་མང་པོ་ཤོར་ནས། དེ་སྐད་བཤད་དགོས་པར་མཐོང་། (གསལ་བོ་་་ཞེས་འབྲི་བ་དང་། ཡུལ་སྐད་ལྟར་་་་གསལ་པོ་་་ཞེས་)འདིར་དང་པོ་དེ་ཁ་སྐད་དམ། གཉིས་པ་དེ་ཁ་སྐད་རེད་འདུག ཁྱེད་ཀྱིས་བཀའ་བསྟན་གསུང་འབུམ་གྱི་དཔེ་ཆེ་དག་པ་ཞིག་གཟིགས་ན། མཁྱེན་ངེས་སོ།།
ལོག་སྨྲ་ཚར་གཅོད་བདེན་པ་རེད། ལོ་རྒྱུས་ལ་འཁྱོག་དང་རྟོག་སྒྲུང་བཟོས་ན་ཧ་ཅང་གི་ཉེས་འགལ་དང་མི་ལོག་པ་ཡིན། ཝཱ་ཤུན་ཁྲིན་ལོ་བཅུ་གཅིག་སྐབས་ཕ་གྲོངས་པ་རེད། དེ་ནས་ཨ་མས་གསོ་བསྐྱངས་བྱས་པ་ཞིག་ཡིན། ཨ་རིའི་སློབ་ཕྲུག་ཚུན་ཆད་ཀྱི་ཝཱ་ཤུན་ཁྲིན་བྱིས་པ་ཡིན་དུས་སེའུའི་སྡོང་པོ་བཅད་པ་རེད་ཟེར་བ་དེ་Mason Locke Weems (1759–1825་ཀྱིས་ཁོང་གི་ལོ་རྒྱུས་རྟོག་སྒྲུང་ལྟར་བཟོས་པ་ཧ་མི་གོ་མཁན་ཡོད་མ་རེད། མི་རིགས་གཞན་གྱི་ལོ་རྒྱུས་ཇི་བཞིན་མི་རྟོགས་པར་རང་རིགས་ཀྱི་ཆེ་བ་བརྗོད་པས་གཞི་རུ་བསྒྲུབ་མདོག་བྱེད་པ་ཇི་འདྲའི་དགོད་བྲོ་བ་ཞིག་མ་རེད་པས། དེ་བཞིན་དུ་ཝཱ་ཤུན་ཁྲིན་གྱིས་དམག་སྤྱི་བྱས་ཏེ་དམག་འཁྲུགས་ཀྱི་རྒྱལ་ཁ་བླངས་པ་དང་ང་ཚོའི་རང་བཙན་དང་རང་དབང་ཚང་མ་ཤོར་བ་གཉིས་མི་མཚུངས་པ་མཚུངས་བསྡུར་བྱེད་པ་ནི་འཕོངས་ཤ་བཤད་ནས་སྣ་ལ་ཀླན་པོ་བརྒྱབ་པ་བཞིན་མ་གཏོགས་ངོམས་སོ་བྱེད་རིན་ཡོད་པ་ཞིག་མཐོང་མ་བྱུང་།
རྗེ་ཙོང་ཁ་པས། ཚིགས་བཅད་བསྟོད་འདི་ཡར་ཕུལ་དུས།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་པ། །
གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས། །
རྗེ་རེད་མདའ་པས།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཚིག་སྣེ་བསྒྱུར་ནས་འདི་ཁྱོད་ལ་འོས་པ་འདུག་གསུངས་ནས། མར་སྩལ་པ་རེད་ཅེས་གསུང་ཆོས་ཅིག་ལ་གོ་མྱོང་ཐོས་མྱོང་ཅིག་འདུག་པས་དཔྱད་པར་འཚལ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། ཞེས་པ་དེ་མ་གཏོགས་ཚིག་བཞི་པ་འདི་ཕྱིས་སུ་ཁ་སྣོན་བྱས་པ་ཞིག་ཡིན་པར་གྲགས།
ཐུ་མའི་རྩ་བ་ལས།
གང་མིང་གི་ནི་མ་མཐའ་རུ། །
པུ་ལིངྒ་ཡི་སྒྲ་མེད་པ། །
དེ་ལ་པུ་ལིངྒ་སྦྱར་ན། །
བདག་པོའི་སར་༼སྒྲ་༽ནི་ཤེས་པར་བྱ། །
ཞེས་གསུངས་པ་ལ་གང་ཁུངས་ཐུབ་ཐུབ་བྱས་ན་མི་བཟང་ངམ།
བདག་སྒྲ་པ་དང་པོ་ཡིས་མི་འཐུས་པ་མེད་དེ།
དཔེར་ན། བོད་པ། གཡག་པ། རྟ་པ། བྱང་པ། ཤར་པ། འབྲོག་པ། རོང་པ། ཞིང་པ། ལྷ་ས་པ། གཞིས་ཀ་རྩེ་པ། དུས་པ། ཨ་མདོ་པ། ཁམས་པ། རྙིང་མ་པ། བཀའ་རྒྱུད་པ། ས་སྐྱ་པ། དགེ་ལུགས་པ། འབྲི་གུང་པ། འབྲུག་པ། མོན་པ། ཇ་པ། རྒྱ་ནག་པ། རྒྱ་དཀར་པ། རྒྱ་གར་པ། ཉི་ཧོང་པ། སི་ལིང་པ། སིངྒ་ལིང་པ། ཨ་རི་པ། འཇར་མེན་པ། སུད་སི་པ། ཧང་གྷ་རི་པ། ལ་སོགས་དང་།
བྱེད་པ་པོ། སྒྲུར་བ་པོ། འཆད་པ་པོ། གསུང་པ་པོ། ཉན་པ་པོ། རྩོམ་པ་པོ། མཁན་པོ། འཁྲབ་མཁན་ལ་འཁྲབ་པ་པོ། ལྟ་མཁན་ལ་ལྟ་བ་པོ། སྟོན་མཁན་ལ་སྟོན་པོ། ཉན་པོའམ་ཉན་མཁན་ལ་ཉན་པ་པོ། སོགས་ལ་གཟིགས་དང་།
གང་ལྟར་དོན་སྙིང་ལྡན་པའི་རྩོམ་ཡིག་ཅིག་བྲིས་འདུག དགའ་བསུ་ཡོད།
ལ་དྭགས་བློ་བཟང་ལ་བསྐྱར་དུ་ཞུ་རྒྱུར། གནའ་དཔེ་ཞིག་ན་གོང་བཞིན་ཡོད་པས་དེ་ལྟར་དུ་འདོད་དགོས་པའི་ངེས་པ་གཏན་ནས་མེད། རྩ་བ་ལས། པུ་ལིངྒ་ཡི་སྒྲ་མེད་པ།།དེ་ལ་པུ་ལིངྒ་སྦྱར་ན།།ཞེས་པའི་དགོངས་པ་ལེན་ཚུལ་མི་མཐུན་པའི་རིང་ལུགས་ཆེན་པོ་གཉིས་བྱུང་ཡོད། ཞ་ལུ་ལོ་ཆེན་དང་། རྗེ་ཞྭ་དམར་བ། པྲ་ཏིརིན་ཆེན་དོན་གྲུབ་སོགས་ཀྱིས་བ་བདག་སྒྲར་བཞེད། སི་ཏུ་པཎ་ཆེན་དང་། རྗེས་འབྲང་འགས་བ་བདག་སྒྲ་མི་བཞེད། དེས་རྐྱེན་གྱི་བོད་ཁམས་སུ་ལུགས་ཐ་དད་པ་གཉིས་བྱུང་སྟབས། ཤིང་པར་སོགས་ཀྱི་པར་གཞི་འདེབས་པ་བོ་གང་གི་ལུགས་འཛིན་ཡིན་པ་དཔོག་ཐུབ་ལས་བདག་སྒྲ་ལ་་་བ་་་མི་རིགས་པའི་རྒྱུ་མཚན་དུ་འགྲོ་དཀའ། གོང་ནས་་་ཐརད་པ་་་ཞེས་པ་དཔེ་མཚོན་བཀོད་འདུག་ཀྱང་འདི་ཡི་མིང་མཐའ་ལ་ལུགས་གང་ཡིན་ཡིན་ཡང་་་པ་་མིང་མཐའ་ཅན་ཡིན། གང་ཞེ་ན། ཐརད་པ་ཞེས་པ་ལ་ནམ་པ་ཀུན་ཏུ་ད་དྲག་གམ་ད་ཡང་འཇུག་ཡོད་པར་ངེས་པ་ཡིན།
མང་ཐོས་ལ་ཞུ་ལན། བདག་གིས་བརྟག་དཔྱད་བྱས་པ་ལྟར་ན། སྤྱི་ལོ་བརྒྱ་རབས་༡༥འམ། ༡༦བར་དུ། བདག་སྒྲ་པ་ལ་ཆེས་འགྱུར་བ་མེད་ཀྱང་། དེའི་རྗེས་ཁ་སྐད་འགྱུར་བའི་དབང་གིས། བདག་སྒྲ་པ་ཡང་། བོད་ལུང་པ་འགའ་ཞིག་གི་སྐད་དུ། རྗེས་འཇུག་ང་འ་ར་ལ་དབྱངས་མཐའ་རྣམས་ཀྱི་རྗེས་བདག་སྒྲ་པ་ཡང་། བ་ལ་གྱུར། དེའི་དབང་གིས་དེ་ལྟར་འདོད་མཁན་གྱི་སུམ་རྟགས་འགྲེལ་པ་འབྲི་བ་པོ་རྣམས་ཀྱང་འདོད་པ་མི་མཐུན་པར་གྱུར། ཞ་ལུ་ལོ་ཆེན་དང་། རྗེ་ཞྭ་དམར་བ། པྲ་ཏིརིན་ཆེན་དོན་གྲུབ་སོགས་མང་དུ་བྱུང་ཡང་། བོད་ཀྱི་ཆོས་སྐད་དེ་ལ་མི་མཐུན་པ་མང་དུ་བྱུང་སྟེ། བོད་སྔ་འགྱུར་གྱི་སྐད་བཞིན་དུ་ལེགས་པ་ཞིག་བྱུང་་མི་འདུག་པ་སྔ་འགྱུར་སྐབས་ཀྱི་བཀའ་བསྟན་དག་ཀློག་ན་ཤེས་ཐུབ། གཞན་ཡང་ཁྱེད་ཀྱིས་༴གསལ་བོ་་་ཞེས་འབྲི་བ་དང་། ཡུལ་སྐད་ལྟར་་་་གསལ་པོ་་་ཞེས་འབྲི་མཁན་འདུག༴ཞེས་པར།༴གསལ་བོ་་་ཞེས་འབྲི་བ་དང་། ཡུལ་སྐད་ལྟར་་་་གསལ་པོ་་་ཞེས་)འདིར་དང་པོ་དེ་ཁ་སྐད་དམ། གཉིས་པ་དེ་ཁ་སྐད་རེད་འདུག ཁྱེད་ཀྱིས་བཀའ་བསྟན་གསུང་འབུམ་གྱི་དཔེ་ཆེ་དག་པ་ཞིག་གཟིགས་ན། མཁྱེན་ངེས་སོ།།༴ འདིའི་སྐོར་ལ་ལོང་བྱུང་ངམ། ལན་གང་ཡང་མི་འདུག
བདག་གི་བློ་ལ་དྲན་པ་ལྟར་ན། ཧོར་པ་བོད་སྐད་ལ་མཁས་པ་ཆེན་པོ། བསྟན་དར་ལྷ་རམས་པས། འདི་ལྟར་བྲིས་པ་དྲན།
རྗེས་འཇུག་ང་ར་ལ་གསུམ་གྱི་མིང་མཐའི་བ་ལ་ན་རོ་སྦྱར་ཚེ། པོ་རུ་འགྱུར་ཏེ། དཀར་བ་ལ་དངཀར་པོ། འབྱུང་བ་ལ་འབྱུང་པོ། རྒྱལ་བ་ལ་རྒྱལ་པོ། གསལ་བ་ལ་གསལ་པོ། བསྟན་བཅོས་ན་ཡང་དེ་བཞིན་མང་སྟེ། ཉེ་དུས་ཀྱི་བོད་ཀྱི་མཁས་གྲུབ་ཆེན་པོ་འཇུ་མི་ཕམ་གྱིས། རང་གི་དབུ་རྒྱན་གྱི་འགྲེལ་པའི་སྔོན་བརྗོད། ཨ་རིར་སྤར་པ། ཤོག་༨པ་དང་། ཟི་ཁྲོན་དུ་སྤར་པ། ཤོག་༢༢པ་ན། གསལ་པོར་སྟོན་པའོ།། ཞེས་པ་བྲིས། དེ་བཞིན་དཔེ་ཆ་གཞན་ན་ཡང་ཡོད་ངེས། དེས་ན། ངའི་བསམ་པར་འདི་ཉིད་ཁ་སྐད་མ་ཡིན་པར་ཆོས་སྐད་ཡིན་དགོས་པར་མཐོང་ངོ་།།
བདག་གིས་བོད་ཀྱི་ཆོས་སྐད་སྐྱེད་མོས་ཚལ་གྱི་མེ་ཏོག་དང་ལོ་ཏོག་རྣམས་ཁ་སྐད་ཀྱི་དུད་འགྲོས་མེད་པར་བཟོ་བ་མཐོང་ནས། དེ་ཉིད་སྲུང་བའི་ཆེད་དུ་བདག་རང་ལ་བྱ་དགོས་པ་མང་པོ་ཞིག་སྤུངས་ནས་ཡོད་ཀྱང་། དེ་དག་ལས་འདི་ཉིད་གཙོ་ཆེ་བར་བསམས་ནས་ནན་ཏན་གྱིས་བྲིས་སོ།།
བཞི་པ་ཞེས་པ་དང་། བཞི་བ། ཞེས་པ་གཉིས་ཀ་འབྲི་མཁན་འདུག ཁྱེད་ལྟར་ན། གང་དེ་དག་པ་ཡིན་ནམ། ང་ལ་བཤད་རྒྱུ་ཞིག་ཡོད། ཅེས་སོ། །
ལ་དྭགས་པའི་སྙན་དུ། བཞི་བ་ཞེས་བྲིས་ན་ཁུངས་ཐུབ་ཅིག་ཡིན་པར་འདོད། གང་ཞེ་ན། རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།།མོ་ཡིས་མོ་ཡི་མིང་མཐའ་དྲང་།།མ་ནིང་གིས་ནི་མ་ནིང་ངོ་།།ཞེས་གསུངས་པ་དང་མཐུན་པར་སེམས་སོ།།
༴བཞི་བ་ཞེས་བྲིས་ན་ཁུངས་ཐུབ་ཅིག་ཡིན་པར་འདོད། ༴འོ་ན་བཀྲ་ཤིས་འཁྱིལ་གྱི་སྤར་མ། རྒྱལ་ཚབ་རྗེའི་གསུང་འབུམ། པོ་ཐི་ང་པ་ཤོག་གྲངས་༤པའི་རྒྱབ་ཤོག་ཡིག་འཕྲེང་༡་པོ་ན། བཞི་པ། ཞེས་པ་དང་། ཝཱ་ཎ་མཐོ་རིམ་སློབ་གྲྭ་དགེ་ལུགས་པས། སྤར་པ། ཤོག་༥པ་ན་ཡང་། བཞི་པ་ཡོད་པ་གཉིས་ཀ་ཆོས་ཅན། མ་དག་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར།
སྔར་གཉིད་ལོག་ཅིང་སྔར་ལོངས་ལ།
ཁམས་བཟང་པོ་དང་ཕྱུག་པོ་དང་།
བློ་གྲོས་ཅན་དུ་རང་ཉིད་བྱོས།
ཨིན་སྐད་ནས་བསྒྱུར་པ་འདི་ཁྱེད་ཀྱི་ལན་ལ་རྔན་པར་སྦྱིན། ཞེས་སོ། །
དེ་དག་མ་དག་པར་འདོད་པ་ཁོ་ན་ཡིན་ཏེ། ཡི་གེ་མཁན་པོ་ཐོན་མུ་ཉིད་ཀྱི་སྐུ་རིང་ལ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།།ཞེས་གསུངས་པར་ལྟར་ཡིན་པ་གོར་མ་ཆག་ཅེས་སྨྲའོ།།
རྟགས་མཚུངས་འདྲེན་པ་དང་། རྗོད་བདེ་འདྲེན་པ་གཉིས་ལས། རྗོད་བདེ་འདྲེན་པ་དེ་གལ་ཆེ་བ་མི་དགོས་སམ།
བོད་རིག་གཞུང་འཕེལ་རྒྱས་ལ་ལོ་རྒྱུས་དང་མཐུན་པའི་བློ་གྲོས་དགོས་པ་གལ་ཆེ།