སེར་བྱེས་བྱ་གཞུང་འཇམ་དབྱངས།
ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་༧ འཕགས་མཆོག་ཕྱག་ན་པདྨོའི་མཚན་ཐོག་ནས་བཙུགས་པའི་༧ བསྟན་འཛིན་རྒྱ་མཚོའི་ཚན་རིག་སློབ་གཉེར་བའི་མིང་བྱང་དགུང་དུ་བཏེགས་པའི་དགེ་འདུན་པ་འདི་དག་ནི། ༧ འཕགས་མཆོག་ཐུགས་རྗེ་ཆེན་མོ་མིའི་གར་དུ་བྱོན་པའི་༧ བསྟན་འཛིན་རྒྱ་མཚོའི་འོད་སྟོང་འབར་བའི་ཐུགས་བསྐྱེད་ཟབ་མོ་དང་། ཕུགས་ཡུན་རིང་བོར་རིང་ནས་སྙིང་ལ་བརྣགས་པའི་བཞེད་དགོངས་བླ་ན་མེད་པ་ཕྱིར་མངོན་དུ་གྱུར་བ་ཞིག་ཡིན་ཞིང་། བོད་གངས་ཅན་ཀྱི་ལྗོངས་འདིར་ནང་བསྟན་རིག་གཞུང་གི་གཙོས་རིག་གནས་སྣ་མང་ཀུན་ནས་བདོ་ན་ཡང་། ཤར་ནུབ་རིག་གནས་ཟུང་འབྲེལ་ལམ་ནང་ཚན་མཉམ་སྐྱོད་ཀྱི་གསར་བརྗེ་ཞིག་འཛམ་གླིང་གི་ལོ་རྒྱུས་རྣམས་སུ་སུས་ཀྱང་བསྐྲུན་མ་ནུས་པ་དང་སུས་ཀྱང་བཞེངས་མ་ཐུབ་པ་ཞིག དམ་པ་འདིའི་སྐུ་རྐྱང་གི་ཐུགས་བསྐྱེད་སྙིང་སྟོབས་དང་མཁྱེན་དཔྱོད་ཟབ་ཡངས་དེ་ཁོ་ན་ཉིད་ལས་འཇེམ་པའི་མཛད་པ་ཞིག་རེད། འདི་དག་གི་གོམ་སྟབས་རེ་རེར་ཁོང་གི་རྒྱུན་ཆད་མེད་པའི་ལམ་སྟོན་དང་མཐུན་འགྱུར་རྒྱབ་སྐྱོར་གྱི་ཚན་ཁས་བརྒྱན་ཡོད་པར་བརྟེན། དེང་རབས་ཤེས་རིག་གི་འོད་སྟོང་འབར་བའི་ཕ་ས་ནུབ་ཕྱོགས་པའི་སློབ་ཆེན་པའི་ཚོགས་སུ་དཔུང་གདང་ཤིག་ཤིག་གི་སྐྱོད་ཀྱིན་པའི་ནང་པའི་དགེ་འདུན་པ་འདི་དག་མངོན་པར་བྱུང་ངོ་།
བོད་ཀྱི་ནང་བསྟན་གཞུང་ལུགས་ལ་གསན་བསམ་སློབ་གཉེར་བགྱིད་དེ། ནང་བསྟན་ཤེས་རིག་གི་ཤེས་རབ་ཡངས་པའི་ནང་པའི་དགེ་འདུན་པ་ཁྱི་མཆོག་སྐོར་ཅིག ཨེེ་མོ་རི་ལྟ་བུའི་ནུབ་ཕྱོགས་པའི་གཙུག་ལག་སློབ་ཆེན་འགྲིགས་ཏེ། ནུབ་ཕྱོགས་པའི་ཚན་རིག་སློབ་མཐར་ཕྱིན་པའི་ཕྱག་འཁྱེར་བཞེས་ཐུབ་པ་བྱུང་བ་ནི། ནང་པའི་བྱུང་རབས་སྤྱི་དང་བོད་ཀྱི་ལོ་རྒྱུས་སུ་གཟི་བརྗིད་དང་དོན་སྙིང་གིས་སྤུད་པའི་ཟིན་ཐོ་གསར་བ་ཞིག་བཀོད་པ་རེད། སྤྱིར་ནས་བོད་ཁམས་སུ་རིག་གཞུང་འདྲ་མིན་ལ་གཙུག་ལག་རབ་འབྱམས་པ་སོགས་སློབ་མཐར་ཕྱིན་པའི་མཁས་དབང་ཅུང་ཙམ་མང་ན་ཡང་། འཛམ་གླིང་ན་ཟབ་བརླིང་ཆེ་ཤོས་ཀྱི་རིག་གཞུང་གཉིས་ { ནང་ཆོས་དང་ཚན་རིག } ཆར་ཤེས་རབ་ཟབ་པ་དང་ཡངས་པ་མྱུར་བ་རྣོ་བའི་གང་ཟག་ཞིག ས་སྟེང་འདིར་ཁོ་ཚོ་དང་ཁོ་ཚོ་ལྟ་བུའི་ནང་པའི་དགེ་འདུན་པ་དང་གྲྭ་ཟུར་རེ་ཟུང་ལས་སྲིད་པ་མེད་དོ། དེར་བརྟེན་འདི་དག་གཟི་བརྗིད་སྟོང་གིས་མངོན་པར་འཕགས་སོ།
ངོ་མཚར་བའི་ནུབ་ཕྱོགས་པའི་ཚན་རིག་མཁས་དབང་དག་ལ་སེམས་ཀྱི་ཚན་རིག་ནང་བསྟན་རིག་གཞུང་གི་མཁྱེན་རྒྱ་མེད་པ་དང་། རླབས་ཆེ་བའི་ཤར་ཕྱོགས་པའི་ནང་ཆོས་མཁས་དབང་རྣམ་པར་དངོས་པའི་ཚན་རིག་གི་མཁྱེན་རྒྱ་མེད་པར་བརྟེན། ཤར་ནུབ་གཉིས་ཀའི་ཕྱོགས་ནས་སྟོང་ཆ་ཞིག་དང་ཞེན་ཆ་ཞིག དུས་ད་ལྟའི་བར་སྟོང་ཆ་དེ་བསྐངས་མ་ཐུབ་པ་དང་ཞེན་ཆ་དེ་སེལ་མ་ཐུབ་པར་ལྷག་བསྡད་པ་རེད། དེ་ཡང་རང་རང་གི་རིག་གནས་མཆོག་འཛིན་དང་མངོན་ཞེན་གྱིས། རང་གི་རིག་གནས་ལ་སྟོང་ཆ་དང་ཞེན་ཆ་ཡོད་པར་མཐོང་བའི་བློ་གྲོས་ཀྱི་མིག་ལོང་སོང་བས་རེད་བསམ། འདི་འདྲའི་སྟོང་ཆ་དང་ཞེན་ཆ་དེ་ཐོག་མར་༧ འཕགས་མཆོག་ཕྱག་ན་པད་མོ་ཉིད་ཀྱིས་གཟིགས་པ་དང་། དེ་ཡང་འཛམ་བུ་གླིང་བའི་ཞི་བདེ་དང་འགྲོ་བ་མི་རིགས་ཀྱི་བདེ་སྡུག་དང་ཁེ་ཕན་གྱི་ཆེད་དུ་སྟོང་ཆ་དེ་ངེས་པར་དུ་བསྐངས་དགོས་པ་དང་ཞེན་ཆ་དེ་ངེས་པར་སེལ་དགོས་པའི་༧ ཁོང་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་ཟབ་མོས་སྣེ་དྲངས་ཏེ། ནུབ་ཕྱོགས་པའི་ཚན་རིག་མཁས་དབང་རྣམས་དང་། ༧ འཕགས་མཆོག་ཕྱག་ན་པད་མོ་གཙོས་ནང་པའི་མཁས་དབང་རྣམས་མདུན་ཅོག་གཅིག་གི་སྟེང་དུ་ལྷན་འཛོམས་བྱུང་སྟེ། ནང་ཚན་མཉམ་སྦྲེལ་དང་། ནང་ཚན་ཟུང་འབྲེལ་གྱི་མདུན་སྐྱོད་ཆེན་མོ་ཞིག་དང་གསར་བརྗེ་ངོ་མཚར་བ་ཞིག་བྱུང་དང་འབྱུང་བཞིན་པ་རེད།
སྔོན་ནས་ད་ལྟའི་བར་ནང་ཚན་གཉིས་ཕྱོགས་ཀྱི་མཁས་དབང་བྱིངས་ཀྱི་གཟིགས་ཚུལ་ལ། ནང་ཚན་གཉིས་མི་མཐུན་པ་དང་དེ་གཉིས་བར་འགལ་འདུམ་ཆེན་པོ་ཡོད་བའི་བདེན་པར་ལོག་ཞེན་ཅིག་དང་། གཅིག་ཁ་ཕྱི་ལྟོས་ཙམ་དང་གཅིག་ཁ་ནང་ལྟོས་ཙམ་གྱི་གནས་ལུགས་འཚོལ་བའི་རིག་གཞུང་ཞིག་ཏུ་ངོས་འཛིན་དང་བློ་གཏད་བྱེད་པ་དང་། མ་ཟད་ནུབ་ཕྱོགས་ཚན་རིག་པས་ཆོས་ལུགས་ནི་དད་པ་དང་ཡིད་ཆེས་ཙམ་གྱི་རྗེས་སུ་འབྲངས་སྟེ། བླ་མས་གང་བཤད་དགོས་བླ་མའི་ཆོས་ལུགས་ཤིག་ལས། ཕྱི་ནང་གི་དངོས་ཡོད་གནས་ཚུལ་དང་བདེན་པ་གནས་ལུགས་ལ་གཏན་ཚིགས་དང་དཔྱད་བསྡུར་གྱི་ལམ་ནས་གཏན་འབེབས་གནང་བའི་རིག་གཞུང་ཞིག་ཏུ་ངོས་འཛིན་གནང་གི་མེད།
དེ་བཞིན་ནང་པའི་ཕྱོགས་ནས་ཀྱང་ཚན་རིག་ནི་ཕྱི་དངོས་ཙམ་ལ་དཔྱོད་པའི་རིག་གཞུང་ཞིག་ལས། ནང་བསྟན་ལ་འབྲེལ་བ་ཡོད་པ་ཞིག་དང་། ནང་བསྟན་མཉམ་ལས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་བ་མི་རིགས་སྤྱི་ལ་ཕན་རླབས་ཆེན་པོ་ཞིག་སྒྲུབ་ཐུབ་པར་ནང་པའི་མཁས་དབང་སུས་ཀྱང་ཚད་མའི་དྲངས་པའི་ངེས་ཤེས་རྙེད་མཁན་བྱུང་མེད། འོན་ཀྱང་། ༧ འཕགས་མཆོག་ཕྱག་ན་པད་མོའི་སྐུ་རྐྱང་གི་ཐུགས་བསྐྱེད་གཟི་བྱིན་དང་ཟབ་ཡངས་མཁྱེན་དཔྱོད་ཉིད་ཀྱིས། དོན་དམ་པའི་འཛམ་གླིང་ཞི་བདེ་དང་། ཁ་ཚ་དགོས་གཏུགས་ཀྱིས་འགྲོ་བ་མི་རིགས་སྤྱི་ལ་ཕན་བདེ་བསྐྲུན་པར། ནང་ཚན་ཟུང་འབྲེལ་དང་མཉམ་སྦྲེལ་གྱི་ཐོག་ནས་མདུན་ནས་མདུན་དུ་སྐྱོད་ཀྱིན་པ་ནི་ཆེས་ངོ་མཚར་ལས་ངོ་མཚར་རོ།
དེར་བརྟེན། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་སློར་མཐར་ཕྱིན་པའི་ནང་པའི་དགེ་འདུན་པ་འདི་དག་ནི་༧ ཁོང་གི་ཐུགས་རྗེ་མངའ་བ་རིང་དུ་གཟིགས་པའི་ཐུགས་བསྐྱེད་གཟི་བྱིན་ཉིད་ལས་འཁྲུངས་བ་ཞིག་ཡིན། དགེ་འདུན་པ་འདི་དག་ནི་དཔོན་ཆེན་དང་རྒྱུ་ཆེན་མི་ཆེན་དག་གི་བུ་ཕྲུག་དང་སྐྱོང་ཕྲུག་གང་ཡང་མིན་པར། བླ་མའི་བཀའ་གསུང་སྙིང་དུ་བཅངས་བའི་བླ་མ་ཐུགས་དཀྱེས་མཆོད་སྤྲིན་འབུལ་བར་གཞོལ་བའི་ཆེས་དགེ་འདུན་པ་དཀྱུས་མ་རྐྱང་ཡིན། འདི་དག་ནི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཆེན་མོ་དག་ཏུ་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་དཀའ་སྤྱད་སྡུག་རུས་དང་། འབད་བརྩོན་ཧུར་ཐག་གནང་མཁན་གྱི་གདན་སའི་སློབ་གཉེར་བ་ཆེས་དཀྱུས་མ་རྐྱང་ཡིན། འདི་དག་གིས་ནང་བསྟན་གཞུང་ལུགས་ལ་སྦྱང་བརྩོན་གྱི་ཞོར་ཏུ་མཚན་མོའི་གཉིད་བཅག་པ་དང་ཉིན་མོའི་ཟས་བཅག་སྟེ། ནུབ་ཕྱོགས་པའི་དབྱིན་ཇིའི་སྐད་ཡིག་དང་ཚན་རིག་སོགས་ལ་འབད་འབད་འབུངས་འབུངས་ཀྱིས་ཧུར་བརྩོན་བགྱིས་སྟེ། ད་གཟོད། ནུབ་ཕྱོགས་པའི་སློབ་ཆེན་པ་ཚོ་དང་དཔུང་བ་མཉམ་གཤིབ་ཀྱིས། གནའ་དེང་ཤེས་རིག་གི་མཁྱེན་དཔྱོད་ཡངས་པའི་འདབ་གཤོག་གཉིས་ལྡན་གྱི་དགེ་འདུན་པ་འདི་དག་གཟེངས་སུ་ཐོན་པ་རེད།
འདི་དག་གིས་ནུབ་ཕྱོགས་པའི་གཟེངས་སུ་སྤོབས་པའི་ལག་འཁྱེར་རེ་བརྙེལ་རྗེས། ལག་འཁྱེར་དེ་དག་ལ་བརྟེན་ནས་རང་རང་གི་ཟས་གོས་གནས་མལ་ཕུན་ཚོགས་པ་རེ་འཚོལ་བར་གཞོལ་མཁན་གཅིག་ཀྱང་མེད། རང་རང་གི་གདན་སར་ཁག་ཏུ་ཆེད་ཕེབས་གནང་སྟེ། འགའ་ཤས་ཀྱིས་ད་དུང་དགེ་ལུགས་སྤྲོད་ལ་ཕེབས་ནས་བརྩོན་པ་གནང་བཞིན་ཡོད། དེའི་ཁྲོད་དུ་འགའ་གཞུང་ལུགས་རབ་འབྱམས་ལ་མཁྱེན་དཔྱོད་ཡངས་བའི་དགེ་འདུན་པ་འགའ་ཤས་ཡོད། དཔེར་ན་སེར་བྱེས་ཧར་གདོང་ཐབས་མཁས་བློ་གྲོས་ནི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་དངོས་ཁམས་ཚན་རིག་ཐོག་དེ་ཀར་སློབ་མཐར་ཕྱིན་རྗེས་སྐད་གྲགས་ཆེ་བའི་དགེ་ལུགས་རྒྱུག་སྤྲོད་ལ་ཕེབས་སྟེ། བསྟུན་མར་ལོ་བཞིར་དགེ་ལུགས་རྒྱུགས་སྤྲོད་ཨང་དང་པོའི་དང་པོ་ཡི་མིང་བྱང་འཁྱེར་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པར་གསན་བསམ་སློབ་གཉེར་གནང་བཞིན་པ་ཡིན། ཡང་འགའ་ཤས་ཀྱིས་རང་རང་གི་གདན་ས་ཁག་ཏུ་དགེ་འདུན་པའི་ཚན་རིག་སློབ་གཉེར་བ་ཚོར་དངོས་ཁམས་ཚན་རིག་དང་། སྐྱེ་དངོས་ཚན་རིག དབང་རྩ་ཚན་རིག་སོགས་ཀྱི་ཚན་རིག་གི་སློབ་ཁྲིད་གནང་བཞིན་ཡོད།
འདབ་གཤོག་གཉིས་ལྡན་གྱི་དགེ་འདུན་པ་འདི་དག་གི་ཁོངས་སུ་བོན་པོའི་ཆོས་བརྒྱུད་དང་བཅས་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་གི་དགེ་འདུན་པ་དག་ཚུད་ཡོད། འདི་གཅིག་བུས་ཀྱང་༧ གོང་ས་རྒྱལ་བའི་དབང་མཆོག་གིས་བཙན་པོའི་མི་རིགས་དབྱེར་མེད་དང་། ཆོས་ལུགས་དང་ཆོས་བརྒྱུད་རིས་མེད་པར་ཕྱོགས་གང་ཅི་ཐད་ནས་གཟིགས་སྐྱོང་བླ་མེད་གནང་གི་ཡོད་བ་གཟུར་གནས་པ་ཞིག་ཡིན་ཕྱིན་མཁྱེན་གསལ་རེད།
ཤེས་རབ་ཀྱི་བློ་མིག་རིག་རིག་འགུལ་ཤེས་བའི་སྐྱེ་བོ་ཞིག་ཡིན་ཕྱིན་ཚན་རིག་པ་ཞིག་གླེང་དུས་དཔྱོད་ཤེས་ཀྱི་ཚད་མཐོ་ས་ཞིག་ནས་དགུང་ཏུ་མི་འདེགས་མཁན་ཞིག་ཕལ་ཆེར་མེད་ཚོད་རེད། དེ་འདྲའི་རླབས་ཆེ་བ་དང་འོད་སྟོང་འབར་བའི་འབྲས་བུ་གཡུར་ཏུ་ཟ་བའི་ཚན་རིག་པ་དག་གི་མདུན་ནས་ཀྱང་། གཉའ་ཆགས་མི་དགོས་པ་དང་དཔའ་ཞུམ་མི་དགོས་པའི་འདབ་གཤོག་གཉིས་ལྡན་གྱི་ནང་པའི་དགེ་འདུན་པ་འདི་དག་ནི། ཚན་རིག་གིས་གཉའ་གནོན་ཁུར་བའི་ང་ཚོ་ཤར་ཕྱོགས་པ་དག་གི་གཟི་བརྗིད་ཡིན་ལ། ནང་པ་ཚང་གི་སྤོབས་པ་དང་རིན་ཐང་ཅི་ལ་མིན། དགེ་འདུན་པ་འདི་དང་འདི་ལྟ་བུའི་འདབ་གཤོག་གཉིས་ལྡན་གྱི་ཤེས་རིག་གི་དར་ཆ་གསར་བ་ཞིག་ས་སྒང་རི་བོ་འདིར་བསྒྲེང་འཛུགས་ཐུབ་པ་བྱུང་བ་ནི། ༧ འཕགས་མཆོག་ཕྱག་ན་པདྨོས་ལོ་ངོ་སུམ་ཅུ་རིང་སྐུ་རྐྱང་གིས་དཀའ་ངལ་མཛད་མེད་དང་། སྐུ་ལས་བརྒྱ་ཕྲག་གིས་བསྐྲུན་པར་མཛད་པའི་བླ་ན་མེད་པའི་གཡུར་ཏུ་ཟ་བའི་འབྲས་བུ་ཞིག་ཡིན་པ་སུས་ཀྱང་བསྙོན་མེད་ཡིན་པ་ང་ཚོས་ཅི་ནུས་ཀྱང་ཤེས་དགོས། དེར་བརྟེན། ཐེངས་དང་པོའི་དགེ་འདུན་པ་དག་སློབ་མཐར་ཕྱིན་ནས་༧ རིན་པོ་ཆེའི་གཟིམ་ཆུང་མཇལ་ཁའི་སྐབས་སུ་ཁོང་གི་གསུང་རྒྱུར ༼ ངས་ལོ་ངོ་སུམ་བཅུ་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་ལ་ཁྱེད་རང་ཚོ་འདི་ལྟར་ཐོན་ཡོང་དུས་ང་རང་ཡིན་ན་ཡང་སྤོབས་པ་དང་དགའ་བོ་བྱེ་བྲག་བྱུང་། དང་ཐོག་ཚན་རིག་པ་ཚོ་དང་ལྷན་དུ་བགྲོ་གླེང་བཤད་པ་དང་མཉམ་འབྲེལ་གྱི་ལས་འགོ་འཛུགས་དུས་བླ་སྤྲུལ་དགེ་བཤེས་མང་པོ་ཞིག་གིས་དགའ་མོས་བྱེད་ཀི་མི་འདུག་ལ་དེར་ཉེན་ཁ་ཞིག་ཏུ་བརྩི་ཀི་འདུག བྱས་ཙང་། དང་ཐོག་ང་ལ་དཀའ་ངལ་གང་ལ་གང་མཚམས་འཕྲད་སོང་། ད་གཟོད། ཁྱེད་རང་ཚོ་འདི་ལྟར་ཐོན་ཡོང་དུས་ང་ཡང་ཧ་ཅང་དགའ་བོ་བྱུང་། ངས་རིང་དུ་བརྣགས་པའི་འདོད་དོན་ཞིག་འགྲུབ་པ་རེད།༽ ཞེས་བཀའ་བརྩལ་ཡོད། མ་ཟད། འཕགས་མཆོག་ཕྱག་ན་པདྨོའི་སྐུ་ངལ་བརྒྱ་ཕྲག་ལ་བརྟེན་ནས་ཁ་སང་དེ་རིང་གདན་ཁག་དུ་ཡང་ཚན་རིག་གི་སློབ་ཚན་བཙུགས་ཐུབ་པ་བྱུང་བ་དང་། གདན་སའི་དགེ་འདུན་པ་དག་གིས་ཚན་རིག་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་བསྐྲུན་པར་མཛད་ཡོད། ནུབ་ཕྱོགས་ནས་ཆེད་དུ་ཕེབས་པའི་ཚན་རིག་མཁས་དབང་སྐོར་ཞིག ལོ་རེར་ཟླ་གཅིག་རིང་གདན་ས་ཁག་གི་ཚན་རིག་སློབ་གཉེར་བ་དགེ་འདུན་པ་ཚོར་ཚན་རིག་གི་ཟབ་སྦྱོང་དང་སློབ་ཁྲིད་གནང་གི་ཡོད། དེ་ཡང་༧ འཕགས་མཆོག་ཕྱག་ན་པདྨོའི་གཟི་བྱིན་ཉག་གཅིག་ལས་དེ་ལྟར་ཕེབས་བཞིན་ཡོད།
འདི་ལྟར་སྔོན་སུས་ཀྱང་མཛད་མ་མྱོང་བའི་ངོ་མཚར་བའི་མཛད་བཟང་མང་པོ་ཞིག་བསྐྱངས་སྐྱོང་བཞིན་ཡོད་མོད། ད་དུང་ཡང་འདིའི་ཐད་ཀྱི་གནད་འགག་དང་། ཟབ་བརླིང་ཕུགས་ཡུན་རིང་བའི་དགོངས་བཞེད་བླ་ན་མེད་པ་འདི་དག་ཇི་བཞིན་དུ་རྟོགས་ཏེ། ཇི་བཞིན་དུ་སྒྲུབ་མཁན་རེ་ཟུང་ལས་མེད་པར་བརྟེན། བོད་ཀྱི་དགེ་འདུན་པའི་ཚན་རིག་ལས་རིམ་ལ་ངར་ཤུགས་རྒྱས་པའི་དྲག་རྩལ་ཞིག་འཛོམས་ཐུབ་ཀི་མེད། འོན་ཀྱང་། ཐེངས་གསུམ་ལ་ཨེ་མོ་རི་གཙུག་ལག་སློབ་ཆེན་ལས་ཚན་རིག་སྡེ་ཚན་མི་འདྲ་བ་སྦྱང་མཐར་ཕྱིན་པའི་དགེ་འདུན་པ་འདི་དག་གི་ལྷག་བསམ་དང་སྙིང་སྟོབས། སེམས་ཤུགས་དང་ཆོད་སེམས་ལ་བརྟེན་ནས། ལོ་རེར་གདན་ས་ཁག་ཏུ་ཚན་རིག་ལ་དོ་སྣང་ཇེ་ཆེ་དང་སྦྱང་བརྩོན་ཇེ་ཆེ་རུ་འགྲོ་བཞིན་ཡོད། འོ་ན་། དགེ་འདུན་པ་དག་གིས་ཅིའི་ཕྱིར་ཚན་རིག་སྦྱང་དགོས་པ་རེད་དམ་ཞེ་ན། འདིའི་གལ་གནད་ནི་སྐད་ཆ་གཅིག་དང་ཚིག་གཅིག་གིས་བརྗོད་ཀྱིས་ལངས་བ་ཞིག་མ་རེད་ལ། ང་ལྟ་བུ་ཞིག་གིས་གལ་གནད་དཀྲོལ་ཐུབ་པ་ཞིག་ཀྱང་མ་རེད། དེར་བརྟེན་། བོད་ཀྱི་དགེ་འདུན་པས་ཚན་རིག་སྦྱང་དགོས་པའི་འགག་རྩ་དང་གལ་གནད་། ཆོས་ཚན་ཟུང་འབྲེལ་དང་ཆོས་ཚན་མཉམ་ལས་བྱེད་དགོས་པའི་གནད་འགག་དང་། གལ་འགངས་ཆེ་བའི ༧ འཕགས་མཆོག་ཕྱག་ན་པདྨོའི་ཟབ་བརླིང་གི་དགོངས་བཞེད་དག ཇི་བཞིན་རྟོགས་དགོས་པ་དང་། དེ་དག་ལ་གོ་བ་རགས་ཙམ་ཞིག་ཆགས་དགོས་ན་ཁོང་གིས་ལྗགས་རྩོམ་མཛད་པའི་ཚན་རིག་སྐོར་ཀྱི་བཀའ་རྩོམ་དེ་དག་ལ་སློབ་སྦྱོང་དང་ཡང་ཀློག་བསྐྱར་ཀློག་བྱེད་དགོས་པ་ཞིག་རེད་ལ། དེ་ལྟར་མ་བྱས་པར་ཐབས་མེད་པ་ཞིག་རེད། དེ་ལྟར་གང་ཡང་མ་བྱེད་པར་རང་གི་སྣང་བ་དག་སྟེ། ནང་ཆོས་ཚན་རིག་དང་མཐུན་རབས་དང་། དེ་ལས་ཡག་རབས། དེ་དང་མཉམ་སྐྱོད་ཐུབ་རབས་སོགས་དང་། བོད་ཀྱི་དགེ་འདུན་པས་ཚན་རིག་སྦྱང་མཐར་ཕྱིན་པའི་ལག་འཁྱེར་བཞེས་རབས་སོགས་བརྒྱ་བསྒྲགས་སྟོང་བསྒྲགས་བྱས་ཀྱང་མུན་ནག་ནང་གི་འུག་པའི་སྐད་སྒྲ་དང་གཉིས་སུ་མ་མཆིས་སོ། ནང་ཆོས་དང་ཚན་རིག་གཉིས་བར་གྱི་མཉམ་ལས་དང་། བགྲོ་གླེང་། མཉམ་དཔྱོད་སོགས་ཀྱི་རླབས་ཆེ་བའི་བྱ་བཞག་གསར་གཏོད་མཛད་པོ། ནང་ཚན་ཟུང་འབྲེལ་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་མོ། ༧ ་འཕགས་མཆོག་ཕྱག་ན་པདྨོའི་ནང་ཚན་ཟུང་འབྲེལ་གྱི་དགོས་མཚན་དང་། དགེ་འདུན་པས་ཚན་རིག་སྦྱང་དགོས་པའི་གལ་གནད་ནི། ཁ་ཡོད་ལག་ཡོད་ཀྱི་འཛམ་གླིང་ཞི་བདེ་དང་འགྲོ་བར་ཕན་པར་མཛད་པའི་རླབས་ཆེན་གྱི་དགོངས་བཞེད་ཟབ་མོ་ཞིག་ཡིན་པ་སྨྲས་ཅི་དགོས། བོད་ཀྱི་དགེ་འདུན་པའི་སྔོན་འགྲོའི་ཚན་རིག་སློབ་དེབ་སྔོན་གླེང་ལས་༧ ཁོང་གིས་འདི་ལྟར་གསུངས་ཡོད། ༼ སྲོལ་རྒྱུན་འདི་གཉིས་དབར་གྱི་མཉམ་ལས་དང་། བགྲོ་གླེང་། མཉམ་དཔྱོད་ཀྱི་བྱ་བཞག་སོགས་གོང་འཕེལ་གཏོང་བ་བརྒྱུད་ནས་ད་ལྟ་ལས་ཀྱང་གོ་རྟོགས་གསལ་ཞིང་། སྙིང་རྗེས་ཁྱབ་པ། ཞི་བདེ་ཅན་གྱི་འཇིག་རྟེན་ཞིག་བསྐྲུན་ཐུབ་པར་ང་ལ་ཐེ་ཚོམ་མི་འདུག ཅེས་དང་། ལས་རིམ་འདིའི་འབྱུང་འགྱུར་ནི་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་རྒྱུར་ང་ལ་གདེང་ཚོད་འདུག ཅེས་གསུངས་ཡོད། ནང་ཚན་ཟུང་འབྲེལ་གྱི་མཛད་པ་འདི་ནི་༧ ཁོང་གི་མཛད་པ་མཐའ་དག་ལས་ཆེས་མངོན་པར་མཐོ་བ་དང་བླ་ན་མ་མཆི་བ་ཞིག་ཡིན་མོད། བློ་ཕམ་པ་ཞིག་ལ་༧་འཕགས་མཆོག་ཕྱག་ན་པད་མོའི་ཆེད་དུ་བྱ་བའི་གདུལ་བྱ་བོད་མི་བྱིངས་ཀྱིས་དེ་ལ་དེ་ཙམ་གྱིས་དོ་སྣང་དང་གལ་གནད་དུ་རྩིས་བཞིན་མེད།
༢༠༡༧ / ༥/ ༡༦ སེར་བྱེས་བྱ་གཞུང་འཇམ་དབྱངས་ནས།
སྤྱིར་རྩོམ་ཡག་པོ་བྲིས་འདུག་ཡིན་ནའང་། ཀློག་པ་པོ་ལ་དོགས་པ་ཡོད་པའི་ཚིག་ཁ་ཤས་བཀོད་དགོས་བྱུང་།ཞིབ་ཀློག་བྱས་ན་ད་དུང་ཐེ་ཚོམ་ཅན་ཡོད་ངེས།
༡ དགེ་འདུན་པ་ཁྱི་མཆོག་སྐོར་ཅིག ་་་་་ཁྱུ་མཆོག་སྐོར་ཅིག
༢ སློབ་ཆེན་འགྲིགས་ཏེ།་་་་་སློབ་ཆེན་འགྲིམས་ཏེ།
༣། ལག་འཁྱེར་རེ་བརྙེལ་རྗེས། ་་་་ལག་འཁྱེར་རེ་བརྙེས་རྗེས།
༤། རང་རང་གི་གདན་སར་ཁག་ཏུ་ཆེད་ཕེབས་གནང་སྟེ། ་་་་གདན་ས་ཁག་ཏུ་ཆེད་ཕེབས་གནང་སྟེ།
༥། འགའ་ཤས་ཀྱིས་ད་དུང་དགེ་ལུགས་སྤྲོད་ལ་ཕེབས་ནས་བརྩོན་པ་གནང་བཞིན་ཡོད།་་་་་་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་་་་ཡོད།
༦། དེའི་ཁྲོད་དུ་འགའ་གཞུང་ལུགས་རབ་འབྱམས་ལ་མཁྱེན་དཔྱོད་ཡངས་བའི་དགེ་འདུན་པ་འགའ་ཤས་ཡོད། ་་་་་དེའི་ཁྲོད་དུ་འགའ་ཤས་གཞུང་ལུགས་་་་་ཡོད།
༧། ༧ འཕགས་མཆོག་ཕྱག་ན་པདྨོས་ལོ་ངོ་སུམ་ཅུ་རིང་སྐུ་རྐྱང་གིས་དཀའ་ངལ་མཛད་མེད་དང་། ་་་་་དཀའ་ངལ་འཛད་མེད་དང་།
༨། ཁྱེད་རང་ཚོ་འདི་ལྟར་ཐོན་ཡོང་དུས་ང་རང་ཡིན་ན་ཡང་སྤོབས་པ་དང་དགའ་བོ་བྱེ་བྲག་བྱུང་། ་་་་་དགའ་བོ་ཞེ་དྲག་བྱུང་།
༩། ཞེས་བཀའ་བརྩལ་ཡོད།་་་་བསྩལ་ཡོད།
དངོས་གནས་འདྲ་པོ་རེད། བོད་མིའི་སེམས་ནང་༧གོང་ས་མཆོག་དུས་དཀའ་སྡུག་མྱོང་དགོས་པ་ཤེས་ཀྱི་ཡོད་ཀྱང་། གང་ཉིད་ཀྱི་རླབས་ཆེ་བའི་དགོངས་གཞི་དང་ཡང་དག་པའི་ལམ་སྟོན། ཕུགས་རྒྱང་རིང་བའི་མཛད་བྱུས་སོགས་ལ་ཐོས་བསམ་དང་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་གནང་མཁན་ཧ་ཅང་དཀོན་པོ་རེད། བརྒྱ་ལ་རེ་གཉིས་ཡོད་པའི་དབང་དུ་བཏང་ན་ས་སྐྱ་རིན་པོ་ཆེ་དང་། ཟབ་གདོང་རིན་ཆེ། དཔལ་རྒྱལ་དབང་ཀརྨ་པ་ལྟ་བུ་རེད།
ཡག་པོ་བྲིས་འདུག འོན་ཀྱང་དྲང་པོ་རང་གསུངས་མིན་འདུག ༧གོང་ས་མཆོག་གི་ཐུགས་བཞེད་འདི་ཉིད་དངོས་སུ་ལག་བསྟར་བྱེད་མཁན་བློན་པོ་མགར་ལྟ་བུ་གཙོ་བོ་གཙོ་བོ་ནི། ཨེ་མོ་རིའི་སློབ་དཔོན་ཁུ་ནུ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། རྡ་སའི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་རེད། ཁོང་གཉིས་ཀྱི་མཚན་ཙམ་ཡང་སྨྲོས་མི་འདུག ཡང་། ཟབ་གདོང་རིན་པོ་ཆེས་གདན་སའི་ནང་ཚན་རིག་ལས་འཆར་འདི་དང་། སློབ་གྲྭ་བཙུགས་རྒྱུ་གཉིས་ཀར་དང་པོ་ནས་རྒྱབ་སྐྱོར་གནང་མེད། ༧རྒྱལ་བ་ཀརྨ་པ་རིན་པོ་ཆེས་ད་བར་བཀའ་བརྒྱུད་དགོན་སྡེ་ཁག་ནས་སློབ་མ་གཅིག་ཀྱང་གཏོང་གནང་མེད། ངས་ཁོང་གཉིས་ལ་མ་གུས་པ་སོགས་སྟོན་ཆེད་ནི་དངོས་གནས་མིན། དྲང་པོ་ཟེར་བ་དེ་ཁྱེད་ལྟ་བུས་ཏན་ཏན་ཤོད་ལོས་དགོས་ཀྱི་རེད་དྲན་སོང་། དགོངས་དག།
་་་་་་་་་ འདི་དག་ནི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཆེན་མོ་དག་ཏུ་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་དུ་དཀའ་སྤྱད་སྡུག་རུས་དང་། འབད་བརྩོན་ཧུར་ཐག་གནང་མཁན་གྱི་གདན་སའི་སློབ་གཉེར་བ་ཆེས་དཀྱུས་མ་རྐྱང་ཡིན། ་་་་་་་་ ཟེར།
་
་་་་་་་་་་་་་ ཡག་པོ་བྲིས་འདུག འོན་ཀྱང་དྲང་པོ་རང་གསུངས་མིན་འདུག ༧གོང་ས་མཆོག་གི་ཐུགས་བཞེད་འདི་ཉིད་དངོས་སུ་ལག་བསྟར་བྱེད་མཁན་བློན་པོ་མགར་ལྟ་བུ་གཙོ་བོ་གཙོ་བོ་ནི། ཨེ་མོ་རིའི་སློབ་དཔོན་ཁུ་ནུ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། རྡ་སའི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་རེད། ཁོང་གཉིས་ཀྱི་མཚན་ཙམ་ཡང་སྨྲོས་མི་འདུག ་་་་་་་་་་་
བསེ་རུ་ཟང་ཐལ་ལགས། དགོངས་ཚུལ་གསུང་བར་དགའ་བསུ་ཞུ། རང་གིས་བཤད་པ་དེ་བདེན་པ་བདེན་ཐོག་རེད། དགེ་བཤེས་བློ་བཟང་བསྟན་འཛིན་དང་དགེ་བཤེས་ལྷག་རྡོར་གཉིས་འདིིའི་ཐད་ལ་དངོས་གནས་བྱས་རྗེས་ཆེན་པོ་རེད། ཁོང་གཉིས་ལྟར་༧ གོང་ས་མཆོག་གི་དགོངས་གཞི་ཚན་རིག་སྐོར་ལ་ནུས་ཤུགས་འདོན་མཁན་དང་འཆར་འགོད་བསྒྲིགས་ནས་ལག་སྟེར་བླ་ན་མེད་པ་འདོན་མཁན་དཀོན་པོ་རེད། དེ་ངས་ཀྱང་ཤེས་ལ་ང་རང་གི་སེམས་ནས་ཀྱང་ཁོང་གཉིས་ལ་གུས་ཞབས་ཟབ་མི་ཤེས་པ་ཡོད། རང་གིས་གསུངས་བ་བཞིན་ད་རེས་བདག་གི་རྩོམ་ཡིག་འདིའི་ནང་ཁོང་གཉིས་གླེང་དགོས་པ་དངོས་གནས་རེད། ཡིན་ཡང་། ༧ གོང་ས་མཆོག་གི་དགོངས་གཞི་ཚན་རིག་སྐོར་དང་མཐར་ཕྱིན་སློབ་མ་འདི་དག་གི་ཐད་ནས་གཙོ་འདོན་བྱས་པས་ཁོང་གཉིས་ལྷག་འདུག དགོངས་དག རྗེས་སུ་དུས་ཁོམ་བྱུང་ཚེ་ཁོང་གཉིས་སྐོར་ནས་ཀྱང་གླེང་འདོད་ཆེ།
༄༅། དཔེ་ཡག་པོ་བྲིས་གནང་འདུག་ ཐུགས་རྗེ་ཆེ།
མུན་པ་རིག་པས་གསལ་མཁན་ཡིད་བཞིན་གྱི་ནོར་པོ།།
བདེན་དོན་སེམས་ལ་འབྲི་མཁན་དེ་ཕྱག་ན་པད་མོ།།
དུས་གསུམ་སྒོ་མོ་འབྱེད་མཁན་ཞི་བདེ་ཡི་དེད་དཔོན།།
བརྕེ་བ་ཞིག་དྲོད་ཀྱིས་སྟེར་མཁན་བསྟན་འཛིན་རྒྱ་མཚོ།།