གཞི་བདག
ངག་སྙན་མོ་ཁུ་བྱུག་འདྲ་ལེ་ཞིག།།
སྟོད་གངས་རི་རྫ་རིའི་ཁྲོད་ན་ཡོད།།
ནགས་དབེན་པའི་རྩྭ་རྩེའི་ཟིལ་བ་ལ།།
ལས་ཉམས་ལེན་སྒོམ་གྱི་དྭངས་བ་འཁྱིལ།།
ངག་མགྲིན་པའི་རྩ་མདུན་གྲོལ་བ་ན།།
ཆོས་ཟབ་མོའི་སྙིང་དོན་གླུ་རུ་ལེན།།
གླུ་སྙན་མོས་མི་སེམས་ཆོས་ལ་བཀུག།།
ཆོས་ཐར་པའི་ལམ་པ་ཁོང་གིས་བྱས།།
ཆོས་ཟབ་མོའི་སྙིང་དོན་མི་འཁྲོལ་ཡང་།།
འདི་ལན་གཅིག་བཀླགས་པའི་བརྗེད་བྱང་ལ།།
ང་མུ་ཏོའི་སློང་བཟེད་བཟེད་པ་ལ།།
དབྱངས་ཡི་གེའི་མཐུ་དབང་བསྩོལ་བར་མཛོད།།
རྗེ་མི་ལ་རས་པའི་རྣམ་མགུར་ནི་བོད་ཀྱི་རྩོམ་རིག་ཁྲོད་ན་གོ་གནས་གལ་ཆེན་བཟུང་བའི་བརྩམས་ཆོས་ཤིག་ཡིན་པ་དང་། དོན་གྱི་ཆ་ནས་ཟབ་བརླིང་བརྟན་ཚུགས་ཀྱི་རང་བཞིན་མངའ་བ་དང་། ཚིག་གི་ཆ་ནས་ལྷུ་ལག་གི་འཕལ་ཀ་འཕྲོད་ཅིང་ངོས་འཇམ་ཀློག་བདེ་ཡི་རྩོམ་གཤིས་ཤིག་ཡོད་པར་སྣང་། གཞན་ཡང་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་དཔྱད་བརྗོད་ཁག་ནའང་མངོན་པར་གསལ་ཡོད།
ཁོ་བོས་རྗེ་མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ་ལས་བྱེ་བྲག་རྣམ་ཐར་བཀླགས་པའི་འཆར་སྣང་ཐན་ཐུན་རེ་བྲི་བར་བྱ་བ་ནི། རྗེ་མི་ལ་རས་པའི་མི་ཚེའི་འགྱུར་ལྡོག་ཆེན་པོ་གསུམ་དང་། ཡུམ་མྱང་ཚ་དཀར་རྒྱན་གྱི་ཆོད་སེམས་དང་ངོ་རྒོལ་གྱི་སྙིང་སྟོབས་བཅས་ཀྱི་སྟེང་ནས་ཁོ་བོས་བཀླགས་བྱང་འདི་སྤྲོས་བར་བྱ།
སྤྱིར་ཐོས་པ་དགའ་འམ་མི་ལ་རས་པ་ནི་རྒྱུ་འབྱོར་བས་བང་མཛོད་ཁེངས་བའི་ཁྱིམ་གཞིས་ཤིག་ནས་སྐྱེས་མོད། རྒྱུ་མི་རྟག་རྫ་མགོའི་ཟིལ་བ་ཟེར་བའི་དཔེ་ལྟར་ཕྱུག་པོ་ནས་དབུལ་བོ། དབུལ་བོ་ནས་གཡོག་པོར་གྱུར་བའི་འགྱུར་ལྡོག་སྐྱི་གཡའ་བ་ཞིག་ལ་གདོང་གཏོད་དགོས་བྱུང་། དཔེར་ན། སྔར“མི་དྲག་ཞན་ཀུན་ངེད་ཀྱི་ཞལ་འཛུམ་དཀར་ནག་ལ་ལྟ་བ་ཡིན་ཏེ། ཕྱིས་ནོར་ཡོད་རྒྱལ་པོའི་ཚུལ་དུ་སོང་ནས། ཨ་ཁུ་དང་ཨ་ནེའི་ཞལ་འཛུམ་དཀར་ནག་ལྟ་བ་བྱུང་།”ཞེས་པ་བཞིན། འགྱུར་ལྡོག་དེའི་རྐྱེན་བྱས་ཏེ་ཁོས་གཞན་གྱི་བརྙས་དམོད་ལ་མགོ་སྒུར་དགོས་བྱུང་བ་ནི་མི་ལ་རས་པའི་རྣམ་ཐར་ཁྲོད་ཀྱི་འགྱུར་ལྡོག་ཆེན་པོ་གཅིག་ཡིན། བཙན་དབང་གིས་རྒྱུ་ནོར་བཅོམ་པའི་བརྙས་བཅོས་ཚད་ལས་བརྒལ་བ་སྙིང་གིས་མི་གཟོད་པ་བྱས་པ་ལ་རྒོལ་བར་མཐུ་སྦྱོང་དུ་བཏང་བ་ནི་ཁོས་ཡུལ་གྱར་གྱི་གནས་ངེས་མེད་འགྲིམ་པའི་འགྲུལ་བཞུད་ཀྱི་འགོ་བརྩམས་པ་ཡིན། འགྲུལ་བཞུད་དེའི་ཁྲོད་ནས་མཐུ་སྦྱངས་བ་དང་། སྦྱངས་ནས་དགྲ་ཤ་ལངས་བ། དྲག་སྔགས་ཀྱིས་ལོ་ཏོག་བཅོམ་པ་སོགས་ནི་ཁོས་ཨ་མའི་རེ་བ་ཡོངས་སུ་བསྐོངས་ནས་དབུགས་རིང་གི་ངལ་གསོ་ཐེངས་གཅིག་བྱེད་དུ་བཅུག་པ་ཡིན་ལ། མ་སྨད་གསུམ་གྱི་ཞེ་འཁོན་ཡང་ཡོངས་སུ་བརྩད་པའང་ཡིན། འདི་ནི་མི་ལ་རས་པའི་རྣམ་ཐར་ཁྲོད་ཉམ་ཆུང་འཁོས་ཞན་གཡོག་པོ་ཞིག་ནས་དྲག་པོའི་མཐུ་སྟོབས་འབྱོར་བ་དང་། མི་ཤི་རྟ་འགྱེལ་བྱེད་དུ་བཅུག་པའི་འགྱུར་ལྡོག་ཆེན་པོ་གཉིས་པ་ཡིན། མཐུ་བཏང་བ་ལ་རྐྱེན་བྱས་ཏེ་ཡུལ་མི་ཀུན་གྱི་དགྲ་རུ་ལངས་བ་དང་། སྔར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་སེམས་ཡོངས་སུ་འགྱོད་ནས། ཆོས་དཀར་པོའི་ལམ་ཁར་ཕྱོགས་ནས་དཀའ་སྤྱད་ཀྱི་སྒོམ་སྒྲུབ་དང་། འདི་ཕྱི་གཉིས་ཀྱི་ཕྱི་མ་གཙུག་ཆེན་ཏུ་བཟུང་ནས་བརྩོན་པ་བསྐྱེད་པ་ནི་འགྱུར་ལྡོག་གསུམ་པ་ཡིན། འགྱུར་ལྡོག་འདི་གསུམ་པོ་ནི་མི་ལ་རས་པའི་རྣམ་ཐར་འདི་གྲུབ་བྱེད་ཀྱི་རྒྱུ་གཙོ་བོའང་ཡིན་ལ། བསྐལ་བའི་མཐའ་ལ་མ་ཐུག་བར་དུ་མཚན་སྙན་གྱི་གྲགས་པ་འཇིག་ཏུ་མེད་པའི་སྐྱེས་ཆེན་འདིའི་མི་ཚེའི་བཞུད་ལམ་གྱི་གོ་རིམ་ཡང་ཡིན། གོ་རིམ་འདིའི་ཁྲོད་ནས་ཁོང་གི་དཀའ་སྤྱད་ཀྱི་ལོ་ཟླ་མཐའ་དག་ཕྱི་རབས་པ་དག་ལ་བཞག་པའི་ཤུལ་བཞག་གི་གདམས་པ་ཞིག་ཏུའང་འདོད། ཕམ་ཁ་ནི་རྒྱལ་ཁ་དང་། འབད་བརྩོན་ནི་ལེགས་འགྲུབ་ཞེས་དེང་རབས་ལེགས་འགྲུབ་སྨྲ་བ་ཚོའི་གདམས་པ་འདིའི་སྟེང་ནས་བལྟས་ཚེའང་མི་ལ་རས་པའི་ཕམ་ཁ་མཐའ་དག་ནི་ཁོང་སྐྱེས་ཆེན་ཞིག་ཏུ་འགྱུར་བྱེད་ཀྱི་རྒྱུ་རུ་གྱུར་འདུག་སྙམ་པ་ཞིག་སྣང་ལ། གཞན་ཁོང་གི་མི་ཚེར་འགྱུར་ལྡོག་དེ་ལྟ་བུ་ཞིག་ཡོང་མེད་ཚེ་རྗེ་བཙུན་མི་ལ་རས་པ་ཞེས་པའི་སྐྱེས་ཆེན་འདི་ལྟ་བུ་ཞིག་ཡོད་མེད་ཀྱང་དོག་པའི་གཞི་ཡིན། འདི་ལྟར་བཤད་ཚེ་སྔོན་གྱི་ཚོགས་བསགས་དང་དགེ་སྦྱོར་ལས་ཀྱི་མཐུ་ཡིས་སྔ་མོ་ནས་སངས་རྒྱས་ཡོད་པ་ལྟ་བུའི་ཆོས་གཞུང་དང་དད་པ་དག་སྣང་གི་ལུགས་དང་འགལ་ཡོད་སྲིད་མོད། ཕལ་བའི་མི་ཡིས་ཕལ་བའི་བསམ་སྤྱོད་ཀྱི་སྟེང་ནས་བལྟས་ཚེ་མི་ལ་རས་པའི་ལེགས་འགྲུབ་ཏེ་ཕམ་ཁ་ནས་འགོ་བརྩམས་པ་ཞིག་གོ།།
ཡུམ་མྱང་ཚ་དཀར་རྒྱན་ནི་མི་ལ་རས་པའི་མི་ཚེའི་འགྱུར་ལྡོག་གསུམ་གྱི་ཁྲོད་ནས་གོང་བཀོད་ཀྱི་འགྱུར་ལྡོག་གཉིས་པ་དེ་ལ་འབྲེལ་བ་དམ་ཟབ་དང་། ཁོ་མོས་ཆེད་མངགས་བྱས་པ་ཞིག་ཀྱང་ཡིན། གནས་ཚུལ་འདིའི་ཁྲོད་ནས་ཁོ་མོས་ནན་སྐུལ་གྱི་ཚུལ་གྱིས་ནམ་ཞིག་གི་ཚེ་མཐུ་རྒྱག་མ་ནུས་ཚེ། ཁྱོད་ཀྱི་མིག་མདུན་ནས་རང་སྲོག་གཅོད་ཀྱི་ཡིན་ཞེས་པ་སོགས་ཀྱི་སྐད་ཆའི་ནན་སྐུལ་དང་། བློ་ཐག་ཆོད་པོས་སྐུལ་མ་ཡང་ཡང་བཏང་བ། འདི་ནི་མི་ལ་རས་པ་མདུན་བསྐྱོད་ལས་ཕྱིར་ལྡོག་ཏུ་མི་འཇུག་པའི་ཞལ་ཆེམས་ཤིག་ཀྱང་ཡིན་ལ། མྱང་ཚ་དཀར་རྒྱན་གྱི་ཆོད་སེམས་བརྟན་པོའི་རང་གཤིས་མངོན་ཚུལ་ཞིག་ཀྱང་ཡིན་པར་སྙམ།
གཞན་ཡང་བཟང་ལ་བཟང་ལན་དང་ངན་ལ་ངན་ལན་ཞེས་པ་བཞིན་མྱང་ཚ་དཀར་རྒྱན་གྱིས་ཀྱང་ཇ་ལན་ལ་གཅིན་ལན་སྟེར་མཁན་གྱི་ཨ་ཁུ་དང་ཨ་ནེ་གཉིས་ཀྱི་རྒྱུ་དབང་གིས་བརྙས་བཅོས་བཏང་བ་ལ། མཐའ་གཅིག་ཏུ་རྒོལ་བ་བྱས་མོད། དེ་ནི་ཅི་མི་སྙམ་པར་”མ་སྨད་ཚོ་མང་ན་དམག་དྲོངས། ཉུང་ན་མཐུ་ཐོངས་ཟེར”བ་ལས་སྒུལ་ཚུགས་མ་ཐུབ་པ་དང་། ཨ་ཆད་འུ་ཐུག་གིས་མི་ལ་རས་པ་མཐུ་སྦྱོང་དུ་བཏང་བ། མཐུ་རྟགས་མངོན་དུ་ཤར་བ་ན། མྱང་ཚ་དཀར་རྒྱན་གྱིས་”དབྱུག་པ་རིང་པོ་ཞིག་གི་རྩེ་ལ་གོས་ཧྲུལ་བསྐྱོན་ཏེ་ཕྱར་ནས། སྐད་ཆེན་པོའི་གསོལ་ལོ་མཆོད་ཅིག ལྷ་བླ་མ་དཀོན་མཆོག་གསུམ། ཁོ་དེ་ཡུལ་མི་ཁྱིམ་མཚེས་པ་ཀུན་མི་ལ་ཤེས་རབ་རྒྱལ་མཚན་ལ་བུ་སྐྱེས་ཨེ་འདུག་ལྟོས། ང་མྱང་ཚ་དཀར་རྒྱན་གོས་ཧྲུལ་གྱོན། ལྟོ་ངན་ཟོས་ནས་བུའི་རྒྱགས་སྦྱངས་པ་ལ་དོན་ཨེ་འདུག་ལྟོས་དང་། དང་པོ་ཨ་ཁུ་དང་ཨ་ནེ་གཉིས་ན་རེ་མ་སྨད་ཚོ་མང་ན་དམག་དྲོངས། ཉུང་ན་མཐུ་ཐོངས་ཟེར་བ་བྱས་སོ། ད་ཉུང་བའི་མཐུ་བཏང་བས་མང་བའི་དམག་ལས་ལྷག་པ་བྱུང་ངོ། སྟེང་གི་མི་ལ་ལྟོས། འོག་གི་ཕྱུགས་ལ་ལྟོས། བར་གྱི་ནོར་ལ་ལྟོས། ལར་མ་ཤི་ཚེ་རིང་ཙ་ན། བུས་བསྟན་པའི་ལྟད་མོ་འདི་འདྲ་མཐོང་བའི་དུས་བྱུང་བ་ཡིན། ང་མྱང་ཚ་དཀར་རྒྱན་ད་ལན་ལས་ཉམས་དགའ་བ་ཨེ་འོང་ལྟོས་དང་ཟེར།”སོགས་ཀྱི་སྟེང་ནས་ཞེ་སྡང་གདུག་རྩུབ་ཀྱི་སེམས་ཁམས་ཤིག་མངོན་པ་དང་། དེ་ཡང་བརྙས་བཅོས་བྱས་པ་ལས་བྱུང་བ་དང་། བརྙས་བཅོས་ལ་མགོ་མ་སྒུར་བར་ངོ་རྒོལ་གྱི་སྙིང་སྟོབས་བསྐྱེད་པ་ཞིག་ཀྱང་ཡིན་པར་སྙམ་མོ།།
* སྤྱིར་ལྷུང་བཟེད་ཅེས་འབྲི་མོད། ཁོ་བོས་ཆེད་དུ་སློང་བཟེད་བྲིས་པ་ཡིན།
༄། །རྗེ་བཙུན་མི་ལ་རས་པའི་ཡུམ་ནི་བོད་པའི་བུད་མེད་ཀྱི་དཔའ་མོ་ཞིག་ཡིན།
མི་ལའི་རྣམ་ཐར་ན་ཡུམ་མྱང་ཚ་དཀར་རྒྱན་ནི་སྙིང་རྗེ་མེད་པའི་བུད་མེད་གཏི་འཐུག་ང་རྒྱལ་ཅན་ཞིག་ཏུ་མངོན་སྲིད་ཀྱང་། གཟུ་བོའི་བློས་བསམ་གཞིག་ལེགས་པར་བྱས་ན། ཁོང་ནི་སྡུག་ཀྱང་དཔའ་མི་ཞུམ་པས་བསྲན་ཆེ་ལ། བློ་རིག་གསལ་བས་དྲན་ཕོད་ལ། བློ་ཁོག་ཆེ་བས་བྱེད་ཀྱང་ཕོད་པ། རྣམ་པ་མཛེས་ལ་ན་སོ་གཞོན་ཡང་མི་ཚེ་གཅིག་ལ་ཁྱོ་བོ་གཅིག་ཉིད་ཀྱི་འོག་ཏུ་ཉལ་བ་ལས་མང་པོའི་འོག་ཏུ་མི་ཉལ་ཞིང་། སྣ་ཐག་གཞན་ལ་མི་གཏོད་པའི་ཆོད་སེམས་བརྟན་ལ་རང་ཚུགས་ཟིན་པའི་ཡ་རབས་མ་ཞིག་ཡིན་འདུག
རྗེ་བཙུན་མི་ལ་ཆོས་དང་མཇལ་ཞིང་སྒྲུབ་བརྒྱུད་སྤྱི་དང་བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་དམ་པར་གྱུར་པ་ཡང་། ཡུམ་མྱང་ཚ་དཀར་རྒྱན་གྱི་སྙིང་སྟོབས་དང་མཆོད་སེམས་ལས་བྱུང་ཞིང་། ཁོང་གིས་རང་གི་བུར་འཇམ་རྩུབ་གང་འོས་ཀྱི་ལམ་ནས་སློབ་གསོ་གནང་སྟངས་དང་། སེམས་ཤུགས་སྤར་སྟངས་དེ་ཚོ་ནི་རང་རེའི་ད་ལྟའི་ཨ་མ་རྣམས་ཀྱིས་ཀྱང་། ངེས་པར་དུ་མིག་དཔེ་བལྟ་དགོས་པ་ཞིག་འདུག
མིག་སྔར་ཡབ་ཀྱི་ཞལ་ཆེམས་ཀྱི་ཡི་གེ་ལྟར་རྒྱུ་ནོར་ཕྱིར་སློག་མ་བྱས་པ་ནི། ཨ་ཁུ་ཨ་ནེ་གཞན་ནོར་ལ་ཧམ་སེམས་ཆེ་བས་ལོས་ཡིན་ཀྱང་། རྐྱེན་རྩ་གཙོ་བོ་ནི་ཡུམ་ལ་ཨ་ཁུའི་བུའི་གནའ་མ་བྱེད་དགོས་པའི་བཙན་བཀའ་བཏང་བར་ཁས་ལེན་རྩ་བ་ན་མ་བྱས་པར་ཐུག་ཡོད།
འཛམ་གླིང་སྤྱི་དང་ལྷག་པར་བོད་མོ་རྣམས་སྐྱེས་པ་ཞིག་གིས་གོ་སྐབས་ཤིག་དང་བསྟུན་ནས། ཐབས་བརྒྱ་བྱུས་སྟོང་གིས་བསླུ་འབྲིད་བྱས་ཚེ་མཁས་ལེན་མི་བྱེད་མི་སྲིད་པ་ཙམ་རེད། དཔེར་ན་འབྲུག་པ་ཀུན་ལེགས་ཀྱི་ཨ་མ་རྒན་མོས་ཀྱང་། རྒྱུ་མཚན་ཞིག་ལ་བརྟེན་ནས་རང་གི་བུར་ཡང་ཁས་ལེན་ཤོར་བ་ལྟ་བུ་རེད། མྱང་ཚ་དཀར་རྒྱན་ནི་དེ་ལས་ལྡོག་སྟེ་ཁྱི་སྨྱོ་ཡང་བདག་པོ་ངོ་ཤེས་པའི་དཔེ་ལྟར། དཀའ་སྡུག་ཅི་ཙམ་ཕྲད་ཀྱང་ཇི་མི་སྙམ་པར་དམ་བཅའ་བརྟན་པོས་རང་གི་སྡོམ་པ་རང་གིས་བསྲུང་སྟེ། གཉའ་བ་གཞན་ལ་མི་གློད་པའི་དཔའ་མཛངས་གཉིས་ལྡན་གྱི་དཔའ་མོ་ཞིག་ཏུ་ཁུམ་མོ།།