དྷི་ལྷ་ལྡན་གྱིས་བརྩམས།
གླེང་གཞི།
འགྲོ་བ་མིའི་རིགས་ཀྱི་ཞི་བདེ། རང་དབང་དང་། འདྲ་མཉམ། ཐོབ་ཐང་། བརྩི་མཐོང་སོགས་ཡོངས་ཁྱབ་རིན་ཐང་དེ་དག་ལ་ངེས་པ་དོན་གྱིས་སྲུང་སྐྱོབ་བྱེད་པའི་སྲིད་ལུགས་བླ་མེད་ཅིག་འཇོག་དགོས་པའི་དབང་དུ་བཏང་ན། དེ་ནི་དུས་ད་ལྟའི་བར་དམངས་གཙོ་ཞེས་པའི་སྲིད་ལུགས་འདི་ལས་རྙེད་མེད་པར་གྲགས་ཤིང་། དམངས་གཙོ་ནི་འགྲོ་མི་ཡོངས་ཁྱབ་ཀྱི་རིན་ཐང་མཐའ་དག་སྨིན་ཞིང་རྒྱས་སུ་རུང་བའི་སྐྱེད་ཚལ་མཛེས་པོ་ཞིག་སྟེ། གནས་འདི་ནས་ད་གཟོད་འགྲོ་བ་མིའི་རིགས་ཡོངས་ལ་མཁོ་བའི་རྒྱུ་འབྲས་དྲང་སྙོམས་དང། ཞི་བདེ་བག་ཕེབས། རང་དབང་འདྲ་མཉམ་སོགས་ཀྱི་འཚོ་བ་ཚུལ་ལྡན་ཞིག་རྙེད་ཐུབ་པར་ལྟ།
ལོ་རྒྱུས་བརྒྱུད་ལམ་ཁག་ལ་ཕྱི་མིག་ཅིག་འཕངས་ན་དེ་ལྟའི་ལམ་ཆེན་དུ་ཞུགས་ཚུལ་ནི་གཉིས་སུ་ངེས་ཏེ། གཅིག་ནི་འོག་ནས་དམངས་ཀྱི་རྟོགས་པ་སད་དེ་ཡོད་ཚད་ལ་དབང་སྒྱུར་བར་རྔམ་པའི་དབང་སྒྱུར་བ་དང་། དབང་སྒྱུར་བའི་ཁྱུ་ཚོགས་དག་རྩ་རྫོགས་བྱས་པ་དེ་རེད་ལ། གཅིག་ནི་ངེས་པ་དོན་གྱི་རླབས་ཆེ་བའི་མི་རིགས་ཀྱི་དབུ་ཁྲིད་པའི་སྐྱེས་བུ་ཆེན་པོ་དག་གིས། དཀའ་བ་བརྒྱ་ཕྲག་དང་དུ་བླངས་ཏེ་དམངས་ལ་དམངས་གཙོ་ཡི་བདེན་པ་ནན་གྱིས་ངོ་སྤྲད་པ་དེའོ། །
ཨ་རིའི་རྒྱལ་ཡབ་ཏུ་འབོད་པའི་སྲིད་འཛིན་ཐོག་མ་ཝ་ཧྲིན་ཐོན་ནི་ཕྱི་མ་ཡི་མཚོན་དཔེ་རུ་འཇོག་འོས་ཤིང། ཁོང་ནི་འཛམ་གླིང་མིའི་རིགས་ཀྱི་ཁྲོད་ནས་ངེས་པ་དོན་གྱི་དམངས་གཙོ་ཡི་སློབ་དཔོན་ཞིག་ཏུ་གྱུར་ཡོད། ༢༠༡༡ལོར་འཛམ་གླིང་གི་རླབས་ཆེ་བའི་ཞི་བདེའི་དེད་དཔོན་ཆེན་པོ་བོད་མིའི་སེམས་ནང་གི་བླ་ན་མེད་པའི་དབུ་ཁྲིད་དམ་པ་སྐྱེས་བུ་ཆེན་པོ་རྒྱལ་བའི་དབང་པོ་གང་གིས། ཁོང་གིས་དངོས་སུ་སྣེ་ཁྲིད་པའི་བོད་རིགས་ནས་མགོ་བརྩམས་ཏེ་ད་ལྟ་ད་དུང་དམངས་གཙོ་ཚད་ལྡན་གྱི་ལམ་དུ་མ་སོང་བའི་མི་རིགས་དང་རྒྱལ་ཁབ་སྤྱི་ལ་དམངས་གཙོ་ཡི་བདེན་པ་གསལ་བོར་ངོ་སྤྲད་པར་བྱས་པ་དེས། ཁོ་བོའི་སེམས་སུ་དབང་མེད་དུ་ཨ་རིའི་རྒྱལ་ཡབ་ཏུ་འབོད་པའི་སྐྱེས་བུ་ཝ་ཧྲིན་ཐོན་ལགས་དྲན་དུ་བཅུག་སོང་།
འདི་འདྲའི་རླབས་ཆེ་བའི་སྐྱེས་བུ་དམ་པ་དག་གིས་མགོ་བརྩམ་སའམ་དབུ་འཛུགས་ས་དེ་མི་རིགས་ཤིག་གམ་རྒྱལ་ཁབ་གཅིག་ཡིན་པ་འདྲ་ནའང་། ཁོང་ཅག་གི་མཛད་རྗེས་ཀྱི་དྲོད་ཁོལ་ནི་དེ་འདྲའི་ཕྱོགས་རེ་བ་ཙམ་མིན་པར་འཛམ་གླིང་འགྲོ་མི་ཡོངས་ཀྱི་སྤྱོད་སྐལ་ཞིག་སྟེ། ཁོང་ཅག་ལྟ་བུའི་སྐྱེས་བུ་དག་གི་མཛད་རྗེས་ལ་བརྟེན་ནས་ད་གཟོད་ཡངས་བའི་འཇིག་རྟེན་འདིར་རྒྱུ་འབྲས་དྲང་སྙོམས་དང་། ཞི་བདེ་འཆམ་མཐུན་ཞེས་པ་དེ་བྱུང་བ་རེད། སྐྱེས་བུ་དམ་པ་དེ་དག་གི་རང་བཞིན་ལ་ནི་དུས་ལས་ཡོལ་བ་དང་ཚད་ལས་འདས་པ་སོགས་གང་ཡང་ཡོད་མི་སྲིད་པས། གཏན་ནས་གཏན་དུ་མིའི་རིགས་ཀྱི་དབུ་ཁྲིད་བྱེད་པར་རིགས། དེ་བས་ད་ལོ་ཁོང་གིས་བགྲེས་ཡོལ་གནང་སྐབས་སུ་གཞིས་བྱེས་བོད་མི་སྤྱི་ཡི་སེམས་སུ་མྱ་ངན་དང་སེམས་འཚབ་ཀྱི་འཁུར་གྱིས་ནོན་པར་གྱུར་མོད། ཞིབ་ཏུ་བསམ་ན་སྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ཀྱང་བོད་མིའི་དབུ་ཁྲིད་དུ་མཚན་མིང་བཀོད་མིན་ཙམ་ལ་མ་ལྟོས་པར། དུས་ནམ་ཡང་བོད་མི་སྤྱི་ཡི་སེམས་ནང་གི་དབུ་ཁྲིད་གཅིག་པུ་རུ་གྱུར་ཡོད་པར་མ་ཟད། མི་རིགས་ཤིག་གམ་རྒྱལ་ཁབ་གཅིག་ཙམ་མིན་པར་འཛམ་གླིང་འགྲོ་མི་སྤྱི་ཡི་མི་སྣ་རླབས་ཆེན་ཞིག་ཏུ་འཚོ་ཞིང་བཞུགས་པས་དེ་ཙམ་སེམས་འཚབ་བྱེད་དགོས་སུའང་མ་མཆིས་ཏེ། ཁོང་གིས་བགྲེས་ཡོལ་གནང་སྐབས་ཀྱི་ཐ་མའི་གསུང་འཕྲིན་ནང་དུ། “ང་ག་དུས་ཡིན་ནའང་འདིར་ཡོད་བསྡད་ཡོད་པ་རེད”ཅེས་པ་ནི་ང་ཚོའི་སེམས་ལ་དྲོད་ཁོལ་སྦྱིན་པའི་གསུང་གི་རིལ་བུ་གཅིག་ཏུ་ངེས།
གཅིག རྣམ་རིག་མཆོག་ཏུ་བཀྲ་བའི་བྱིས་པ་གཉིས།
༼ཝ༽ དུས་རབས་བཅོ་བརྒྱད་པའི་དུས་ཏེ། ཡོ་རོབ་རྒྱལ་ཁབ་ཀྱི་མི་སེར་སྤེལ་མཁན་དག་གིས། མེ་གླིང་ལྷོ་བྱང་ཀུན་མི་སེར་སྤེལ་ཡུལ་དུ་བསྒྱུར་ཞིང་། གཉའ་གནོན་དང་བཙན་འཛུལ་གྱི་བྱ་བ་ཁོ་ན་ལག་ཏུ་བསྟར་ཏེ་ཉམ་ཆུང་བའི་མི་སེར་རྣམས་སྡུག་གི་མཆི་མའི་རྒྱ་མཚོ་རུ་བྱིངས་བཞིན་པའི་སྒང་དེར། ཨ་རིའི་གཞིས་སྡོད་ཀྱི་ཁྱིམ་ཚང་ཞིག་ཏུ་བློ་དཀར་གཞུང་དྲང་གི་བྱིས་པ་ཡ་རབས་ཤིག་(༡༧༣༢ ༡༧༩༩)སྐྱེས་ཤིང་། བྱིས་པ་དེས་ཤེས་བྱ་གང་ལ་ཡང་ཤེས་འདོད་ཀྱི་བློ་མིག་ཧྲིག་ཧྲིག་ཏུ་འགུལ་གྱིན། གང་སར་བག་ཡངས་རྩེད་མོར་རྒྱུགས་ཀྱིན་འདུག
ཐེངས་ཤིག་བྱིས་པ་དེས་རང་གི་ཕ་རྒན་གྱིས་རྒྱུན་དུ་བཀོལ་བའི་སྟྭ་རེ་ཆུང་ཆུང་ཞིག་ལག་ཏུ་བཟུང་ནས་གང་སར་གཡུག་གིན་རྩེད་མོ་བྱས་ཤིང་། བར་སྐབས་ཤིག་ཁོ་སིལ་སྡོང་ཞིག་གི་འགྲམ་དུ་ཐོན། ཁོས་སིལ་སྡོང་ལ“གྲོགས་པོ་ལགས། ཤོག་ཡྰ། དེ་རིང་ངས་ཁྱོད་ཀྱི་ལུས་སྟེང་ནས་སྟྭ་རེ་འདིའི་རྣོ་ཚད་ལ་ཚོད་ལྟ་ཞིག་བྱ”ཟེར་བཞིན། གཡུག་ཐེངས་ཤིག་གིས་སྡོང་བོ་དེ་དུམ་བུ་གཉིས་སུ་ཕྱེས་ཏེ་ས་ལ་བསྒྱེལ།(གཏམ་རྒྱུད་འདི་ལ་ཤོད་ལུགས་མི་འདྲ་འགའ་མཆིས།)
སྐབས་ཤིག་ཁོའི་ཨ་ཕ་ཕྱི་རོལ་ནས་ཁྱིམ་དུ་ལོག ཕ་ཡིས་རང་གི་སྡོང་བོ་དེ་མཐོང་བས་ཁོང་ཁྲོ་རབ་ཏུ་ལངས་ཏེ། “ངའི་སྡོང་བོ་སུས་བཅད་པ་རེད། ངས་དེ་ལ།” ཟེར་བཞིན་ཡར་རྒྱུག་མར་རྒྱུག་བྱེད་བཞིན་བསྡིགས་མོ་བྱས། བྱིས་པ་དེས་སེམས་ལ་སྐྲག་དངངས་ཤིག་བྱུང་མོད། འོན་ཏེ་ཁོས་ཕ་ལ་གནས་ཚུལ་ཡོད་ཚད་བཤད་དེ། “ཨ་ཕ་ལགས་ང་ལ་ཆད་པ་གཅོད་རོགས། ནོར་འཁྲུལ་འདི་ངས་བྱས་པ་ཡིན། ངས་སྟྭ་རེ་ཡི་རྣོ་སོ་ལ་ཚོད་ལྟ་བྱེད་འདོད་པས་ཡིན།” ཞེས་བཤད། ཕ་ཡིས་རང་གི་བུ་ཡི་གཤིས་དྲང་དང་བློ་སྤོབས་གིས་ཡིད་རབ་ཏུ་མགུ་ནས། ཁོང་ཁྲོ་དེ་མ་ཐག་ཏུ་ཞི། བུ་ཆུང་དེ་རང་གི་པང་དུ་བླངས་ནས“ཨ་ཕ་སིལ་སྡོང་འདི་ལས་བུ་ཡི་རང་གཤིས་དྲང་མོ་འདི་ལ་ཧ་ཅང་དགའ”ཞེས་སྨྲས། གཞུང་རྒྱུད་དྲང་ཞིང་རྣམ་རིག་བཀྲ་བའི་བྱིས་པ་ཆུང་ཆུང་དེ་ནི་ཕྱིས་སུ་ཨ་རིའི་སྲིད་འཛིན་ཐོག་མའི་ཁྲི་ལ་ཕེབས་མཁན་གྱི་སྐྱེས་བུ་ཆེན་པོ་ཝ་ཧྲིན་ཐོན་རེད།
༼ལྷ།༽ དུས་རབས་ཉི་ཤུ་བའི་དུས་ཏེ། རྒྱ་ནག་གི་སྐུ་དྲག་དང་དམག་དཔོན་དག་གི་ཧམ་སེམས་ཀྱི་མིག་མདངས་དམར་པོར་གྱུར་ཞིང་། བོད་ས་སྟོད་སྨད་ཀུན་མི་སེར་སྤེལ་ཡུལ་དུ་སྒྱུར་བའི་སྟ་གོན་བགྱི་བཞིན་པའི་སྐབས་ཤིག་ན། མདོ་སྨད་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་བརྩེ་བ་དང་རྣམ་རིག་ལྷན་སྐྱེས་སུ་མངའ་བའི་བྱིས་པ་ཡ་མཚན་ཞིག་འཁྲུངས་ཤིང་། ཁོང་གིས་རྩེད་གྲོགས་བྱིས་པ་དག་གི་གྲལ་ནས་གསོད་ལ་ཉེ་བའི་སྲོག་ཆགས་ཕྲ་མོ་རེ་བྱམས་སེམས་ཆེན་པོས་ནན་གྱིས་བསྐྱབས་ཏེ་དབེན་སར་བཞག་ཅིང་། དགེ་རྒན་གྱིས་བཤད་པ་དང་གཞུང་ཐོག་ཏུ་བྲིས་པ་ཡོད་ཚད་ལ་ཅི་ཕྱིར་སྙམ་པའི་འདྲི་རྟགས་རྣོན་པོ་ཞིག་ཁྱེར་ཏེ། རྣམ་རིག་རྒོད་པོ་དེ་ཨ་མདོ་ནས་དབུས་གཙང་ཕྱོགས་སུ་རྒྱུ་བཞིན་འདུག
བྱིས་པ་དེས་ནམ་རྒྱུན་རང་ཉིད་སྡོད་སའི་ཁང་པ་དེའི་ནང་དུ་སྐྱེས་བུ་གོང་མ་ཞིག་གིས་བཞག་པའི་འཕྲུལ་ཆས་དག་གཏོར་བ་དང་སྒྲིག་པ་སོགས་བྱེད་ཀྱིན་ཡོ་ལ། འཕྲུལ་ཆས་ལ་ཆ་རྒྱུས་ཡེ་ནས་མེད་པའི་གནའ་གྲོང་དེ་ནས་ཀྱང་བྱིས་པ་ཆུང་ཆུང་དེས་མང་པོ་ཞིག་འཐོར་བསྒྲིགས་བྱས་ཏེ་ཚུལ་བཞིན་བཀོལ་ཤེས་ཀྱིན་ཡོད། ནམ་རྒྱུན་བྱིས་པ་དེས་རྒྱང་མཐོང་ཞིག་བེད་སྤྱོད་བྱས་ཏེ་རང་ཉིད་སྡོད་ཁང་དང་འདབས་འབྲེལ་དུ་གནས་པའི་གྲོང་ཁྱེར་ནང་གི མི་ཚོགས་ཀྱི་བྲེལ་ཟིང་། སྤྱི་ཚོགས་གནས་སྟངས། ད་དུང་སྲང་ལམ་ཡར་མར་དུ་རྒྱུགས་ཀྱིན་པའི་རང་དང་ན་མཉམ་བྱིས་པ་དག་གི་བག་ཡངས་རྩེད་མོ་ལ་ལྟ་བ་དང་། སྐབས་འགར་ནམ་མཁའི་སྐར་མའི་ཚོགས་ལ་ལྟ་བཞིན། དེ་དག་གི་ཆགས་སྟངས་དང་རྣམ་གཞག་སོགས་ལ་རྟོག་དཔྱོད་བྱེད་ཀྱིན་ཡོད།
ཉིན་ཞིག་ཁོང་གིས་རྒྱང་ཤེལ་དེ་ལས་ཟླ་བར་ཡུན་རིང་ཙམ་བལྟས་མཐར། དགའ་འབོད་བྱེད་བཞིན། “དགེ་རྒན་ལགས་འདི་ན་ཤོག ཟླ་བའི་སྟེང་ན་ལྟོས་དང་། འདི་ནི་གྲིབ་མ་ཞིག་མ་རེད་དམ།” ཞེས་འུར་བརྒྱབས་བྱུང་ལ། དགེ་རྒན་གྱིས་བལྟས་རྗེས། བྱིས་པ་དེས་སླར་ཡང་འདི་ལྟར། “ཏག་ཏག་རེད། འདི་ནི་གྲིབ་མ་ཞིག་རེད། ས་ཐོག་འདིར་ཉི་འོད་འཕྲོས་པའི་རྐྱེན་ལས་གྲིབ་མ་བྱུང་བ་བཞིན། ཟླ་བའི་སྟེང་དུའང་ཉི་འོད་རྒྱག་གིན་ཡོད་ངེས་རེད” ཅེས་ཚན་རིག་ལ་རྣ་ཐོས་ཙམ་ཡང་དཀོན་པའི་ཡུལ་གྲུ་དེ་ནས་བྱིས་པ་ཆུང་ཆུང་དེས་འདི་འདྲའི་སྡོམ་ཚིག་བརྒྱབས་ཤིང་།
སྲོལ་རྒྱུན་གྱི་བཤད་པ་དང་། གཞུང་ལུགས་ཀྱིས་འགྲེལ་སྟངས་ཉི་ཚེ་བས་མཁས་བླུན་ཡོད་དགུ་དམ་ལ་བཏགས་པར་ལྡོག་འདྲི་བྱས། འོན་ཏེ་ཁོང་གི་དགེ་རྒན་གཉིས་ནི་ད་དུང་ཅུང་མ་གོ་བའི་སོམ་ཉིའི་ར་བར་ཚུད་ཅིང་། ཅི་ཡང་མི་ཟེར་བར་ཁ་རོགས་གེར་འདུག བྱིས་པ་དེ་ནི་རང་ཅག་གི་དབུ་ཁྲིད་བླ་ན་མེད་པ་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན་དུ་བསྔགས་ཀྱིན་པའི་སྐྱེས་བུ་ཆེན་པོ
༧རྒྱལ་དབང་ཏྰ་ལའི་བླ་མ་གང་ཉིད་རེད།
གཉིས། མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དར་མ་གཉིས།
༼ཝ།༽ ཡུན་རིང་མ་འགོར་བར་མི་སེར་སྤེལ་མཁན་གྱི་ཡོ་རོབ་རྒྱལ་ཁབ་ཁག་གིས་མི་སེར་སྤེལ་ཡུལ་གྱི་ཨ་རི་འཕྲོག་རྩོད་བྱས་ཤིང་། ལྷག་པར་ཧྥ་རིན་སི་དང་དབྱིན་ཇི་གཉིས་ཀྱིས་ལོ་ངོ་བདུན་རིང་གཡུལ་འཐབ་བྱས། ༡༧༦༣ལོར་དབྱིན་ཇི་བ་ཡོངས་སུ་རྒྱལ་ནས་ང་རྒྱལ་གྱིས་སུ་ཡང་མིག་ལམ་དུ་མེད་པར་གྱུར། དུས་དེ་ཤེད་དུ་དབྱིན་ཇིའི་མི་སེར་སྤེལ་མཁན་དག་གི་ཧམ་སེམས་ཆེ་ནས་ཆེ་རུ་ཕྱིན་ཞིང་། ཨ་རིའི་མི་སེར་ཡོད་ཚད་གྲགས་མེད་མངོན་མེད་དུ་ཧམ་ཟས་བྱེད་པར་རྔམ་གྱིན་པའི་སྒང་ཡིན་ཞིང་། ཨ་རི་གྲགས་མེད་མངོན་མེད་དུ་དབྱིན་ཇི་བའི་ཁ་ཟས་སུ་འགྱུར་མིན་ནི་མི་དམངས་ཀྱི་སྙིང་སྟོབས་དང་། ཆིག་སྒྲིལ། ཆོད་སེམས་སོགས་ལས་གཞན། ལམ་སྟོན་དང་ཐབས་འདོན་བྱེད་མཁན་གྱི་དབུ་ཁྲིད་ཅིག་ལའང་རག་ལས་པ་རེད།
དེ་བས་སྐབས་དེར་ཨ་རི་པ་ལ་རླབས་ཆེ་བའི་དབུ་ཁྲིད་ཅིག་ཧ་ཅང་མཁོ་བར་གྱུར། ༡༧༧༥ལོའི་ཟླ༥བར་འཇོན་རྩལ་ལྡན་ཞིང་དར་ལ་བབས་པའི་སྐྱེས་བུ་ཞིག་ཨ་རིའི་དམག་སྤྱི་ཆེན་མོར་འདེམས་བསྐོ་བྱས་ཤིང་རེ་བས་བཀུར། སྐྱེས་བུ་གང་དེས་ཀྱང་དམངས་ཀྱི་རེ་བ་དང་རང་གི་ཕོ་རུས་གཙང་མ་དེ་ཡི་སླད་དུ་བློ་ཐག་རྦད་ཆོད་ཀྱིས་ཨ་རི་པའི་དབུ་ཁྲིད་མཛད་དེ་ལོ་ངོ་དྲུག་གི་རིང་ལ་དབྱིན་ཇི་དང་གཡུལ་སྤྲད། མཇུག་མཐར་ཨ་རི་གྲགས་མེད་མངོན་མེད་དུ་དབྱིན་ཇི་བར་ཁ་ཟས་བྱེད་དུ་མ་བཅུག་པར། འཛམ་གླིང་ལ་ཨ་རི་ཞེས་པ་ཞིག་ཡོད་པ་ངོ་སྤྲད་པར་མ་ཟད། སྐབས་དེའི་དབྱིན་ཇི་བའི་མི་སེར་སྤེལ་མཁན་དག་གི་ངན་གཤིས་དང་རྩུབ་སྤྱོད་དེ་འཛམ་གླིང་ལ་ངོ་སྤྲད་ཅིང་། ཨ་རི་བའི་བདེན་པ་དང་རང་དབང་ལའང་བདེན་དཔང་རླབས་ཆེན་ཞིག་བགྱིས་སོ། །སྐྱེས་བུ་དེ་ནི་ཨ་རིའི་གཞིས་ཁྱིམ་ཞིག་ཏུ་བློ་དཀར་གཞུང་དྲང་གི་བྱིས་པ་ཡ་རབས་ཤིག་སྐྱེས་ཡོད་པ་དེ་དར་ལ་བབས་པའི་དུས་ཏེ། སྐུ་ཞབས་ཝ་ཧྲིན་ཐོན་ལགས་སོ། །
༼ལྷ།༽ དུས་རབས་ཉི་ཤུ་བའི་དུས་དཀྱིལ་ཙམ་སྟེ། ༡༩༤༩ལོར་རྒྱ་ནག་རྒྱལ་ཁབ་ཀྱིས་ཕྱོགས་ཁག་གང་ཞིག་ཡོངས་སུ་ཕམ་པར་བྱས་ཤིང་། ཁོ་ཚོས་ལོ་མང་ཉམས་མྱོང་བསགས་ཤིང་དྲག་པོའི་མདུང་རྩེར་ཁྲག་དྲི་མ་ཡལ་བའི་དམག་དཔུང་སྟོབས་ཆེན་དེས། ཉམས་མྱོང་དང་གོ་མཚོན་སོགས་ཅི་ཡང་མེད་ཅིང་། “ཆོས་ཀྱི་བྱ་བ་གཙོར་འདོན་ལས། སྲིད་ཀྱི་འདུ་འགོད་ལ་དོ་སྣང་མེད”པའི་ཉམ་ཆུང་བོད་རིགས་ཀྱི་སྟེང་དུ་དྲག་པོའི་མདུང་རྩེ་གཏད་ཅིང་། དེ་ཡི་ཁྲོད་ཀྱི་མི་སྐོར་ཞིག་གིས་ལྐོག་ལྐོག་སུད་སུད་དུ་ལས་སླ་མོའི་སྒོ་ནས་བོད་མི་རིགས་ཀྱི་སྣོད་བཅུད་ཡོད་ཚད་ལ་དྲག་པོས་དབང་བསྒྱུར་བར་རྔམ།
དུས་དེར་བོད་མི་ཡོངས་ཀྱི་རེ་བའི་མིག་ཟུང་གཏོད་ས་ནི་ལོ་ན་ཆེས་གཞོན་པའི་སྐྱེས་བུ་ཞིག་ཡིན་ལ། གདུག་ཅན་གྱི་དམག་དཔུང་ཐོན་ལ་ཉེ་བའི་སྐབས་དེར་གཞོན་ནུ་ཁོང་ནི་བོད་མི་ཡོད་ཚད་ཀྱིས་གཞན་གང་ལས་ཀྱང་ཆེས་སེམས་ཁྲལ་བྱ་ཡུལ་དེའང་རེད། དེ་བས་གཞུང་སྒེར་ཀུན་གྱིས་མ་བགྲོས་ཐུན་མོང་གིས་ཁོང་དབུ་ཁྲིད་ཀྱི་གསེར་ཁྲིར་མངའ་གསོལ་ཞིང་། སྐྱེས་བུ་དེས་ཀྱང་ཀུན་གྱི་རེ་བ་ལྕི་མོ་ཕྲག་ཏུ་བླངས་ཏེ་ཤིན་ཏུ་སྐུ་ངལ་ཆེ་བའི་ལམ་བུ་དེར་ཞུགས།
ཁོང་གིས་གདུག་ལྡན་འགའ་ཞིག་གིས་གྲགས་མེད་མངོན་མེད་དུ་བོད་ཀྱི་སྣོད་བཅུད་ཡོངས་དྲག་པོས་དབང་བསྒྱུར་བར་རྔམ་ཞིང་། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སུས་ཀྱང་མ་གོ་བར་ལྐོག་ལྐོག་སུད་སུད་དུ་བཙན་གནོན་བགྱི་ཆོག་པའི་འདོད་བློ་དེར་ལྡོག་ཕྱོགས་ཀྱི་ལན་ཞིག་བཏབ་སྟེ། འཛམ་གླིང་འདིར་བོད་ཞེས་པའི་མི་རིགས་ཤིག་ཡོད་པ་བདེན་པར་ངོ་སྤྲད་པར་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་གི་འོད་སྣང་འཛམ་གླིང་ལ་ཁྱབ་པར་བྱས། བོད་དོན་འཛམ་གླིང་རང་བཞིན་ཅན་དུ་བསྒྱུར། སྐྱེས་བུ་དེ་ནི་མདོ་སྨད་ཀྱི་བོད་ཁྱིམ་དཀྱུས་མ་ཞིག་ཏུ། བརྩེ་བ་དང་ཤེས་རབ་ལྷན་སྐྱེས་སུ་མངའ་བའི་བྱིས་པ་ཞིག་འཁྲུངས་པ་དེ་ཉིད་གཞོན་ནུར་གྱུར་བའི་དུས་ཏེ། སྐྱེས་ཆེན་རྒྱལ་དབང་ཏྰ་ལའི་བླ་མ་མཆོག་གོ །
གསུམ། དམངས་གཙོ་ཡི་བདེན་པ་སྟོན་པའི་སྐྱེས་བུ་ཆེན་པོ་གཉིས།
༼ཝ།༽ ༡༧༨༣ལོའི་ཟླ༩བར་དབྱིན་ཇི་བས་ཨ་རི་རང་བཙན་ཡིན་པར་ཁས་མི་ལེན་ཐབས་མེད་བྱུང་ཞིང་། ཕ་རི་སིའི་གྲོས་ཆིངས་བཞག དམག་སྤྱི་ཆེན་མོ་ཝ་ཧྲིན་ཐོན་ལགས་ཀྱིས། ཨ་རིའི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་རླབས་ཆེ་བའི་མཛད་རྗེས་བསྐྲུན་ཏེ། ཨ་རི་བ་གཞན་གྱི་བཙན་འོག་ནས་ཐར་བར་བྱས། སྐབས་དེར་ཨ་རིའི་མི་མང་པོ་ཞིག་གིས་ཁོང་ལ་སྐབས་དེའི་ཡུལ་ལུང་གཞན་དག་
དང་མཚུངས་པར། ཨ་རིར་ཡང་སྒེར་གཅོད་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་འཛུགས་རྒྱུ་དང་། ཝ་ཧྲིན་ཐོན་དེ་ཡི་རྒྱལ་བོར་འདུག་རྒྱུར་སྐུལ་མ་བྱས་མོད། ཝ་ཧྲིན་ཐོན་གྱིས་དེ་དག་གཏན་ནས་དང་ལེན་མ་བྱས།
དེ་ཡང་དཔེར་མཚོན་ཙམ་དྲངས་ན། མི་ཞིག་གིས་ཝ་ཧྲིན་ཐོན་ལ་ཡི་གེ་ཞིག་བསྐུར་ཏེ་ཝ་ཧྲིན་ཐོན་རྒྱལ་བོའམ་སྒེར་གཅོད་པ་ཞིག་བྱས་ཏེ། དབང་ཆ་གཅིག་སྡུད་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྒྱུའི་རེ་བ་ཞུས་པར། ཝ་ཧྲིན་ཐོན་ཁོང་ཁྲོ་འབར་གྱིན་ལན་དུ་འདི་ལྟར་བྲིས། “ཁྱོད་ཀྱིས་བདག་ལ་བསྐུར་བའི་འཕྲིན་དེར་བདག་གིས་བལྟས་པ་ཡིན། དེ་ཡིས་ཁོ་བོ་ཡ་མཚན་དུ་བཅུག་བྱུང་། རྒྱལ་པོ་དང་སྒེར་གཅོད་སོགས་ཀྱི་ཐ་སྙད་འདི་དག་ཁོ་བོས་ངོ་ཚ་ཆེན་པོ་ཞིག་ཏུ་བཟུང་ཡོད”ཅེས་བཤད།
༡༧༨༩ལོར་ཁོ་ཨ་རིའི་སྲིད་འཛིན་དུ་བདམས། དེ་ནི་ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་ཐོག་མ་དེ་རེད། ༡༨༩༣ལོར་ཁོ་ཡང་བསྐྱར་ཐེངས་གཉིས་པར་སྲིད་འཛིན་དུ་བདམས། དེ་ནས་ཁོང་གིས་མི་གཅིག་གིས་སྲིད་འཛིན་ཐེངས་གསུམ་མུ་མཐུད་དེ་འཁུར་རྒྱུ་དང་། ཚེ་གང་སྲིད་འཛིན་དུ་འདུག་རྒྱུར་ངོ་རྒོལ་བྱས་ཤིང་། ༡༨༩༦ལོར《གྱེས་བྲལ་གཏམ་བཤད》སྤེལ་ཏེ་ཕྱིར་གཞིས་གར་ལོག ཁོང་གིས་སྲིད་འཛིན་ཐེངས་གཉིས་ལས་མ་འཁུར་བའི་མིག་དཔེ་དེས་ཨ་རིའི་སྲིད་འཛིན་ཀུན་གྱིས་ཐེངས་གཉིས་ཡན་མི་འཁུར་བའི་སྲོལ་དར། ཁོང་གི་ལོ་རྒྱུས་ནང་ནས་བདག་སེམས་གཡོ་བར་བྱེད་པའི་རླབས་ཆེན་གྱི་མཛད་པ་ཞིག་ངོས་འཛིན་དགོས་པའི་དབང་དུ་ན། དེ་ནི་གཡུལ་འགྱེད་པ་དང་། དབང་བླངས་པ་སོགས་གང་ཡང་མིན་པར་ཁོང་གི་ཐུན་མིན་གྱི་མཛད་སྤྱོད་ཐ་མ་འདི་དག་སྟེ། ཀུན་གྱིས་དབང་བསྒྱུར་དང་གོ་གནས་རྩོད་ཀྱིན་པའི་དུས་ཚོད་དེར། ཁོང་གིས་རང་གི་ལག་ན་ཡོད་པའི་ཆེས་མཐོའི་གོ་གནས་དེ་དོར་ནས། ཨ་རིའི་མི་དམངས་ལ་དམངས་གཙོ་ཞེས་པའི་བདེན་པ་ངོ་གསལ་བོར་སྤྲད་པ་དེ་རེད། དེ་ཡང་ཁོང་གི་དང་ཐོག་དབང་ཆ་ཡོད་ཚད་དམངས་ལ་སྤྲད་པ་དེ་དང་། གཉིས་པར་ཁོང་གིས་ཐེངས་གསུམ་པའི་སྲིད་འཛིན་གྱི་འགན་མ་བླངས་བར་ཕྱིར་གཞིས་གར་ལོག་པ་དེའོ། །
ཁོང་གི་རླབས་ཆེ་བའི་མཛད་རྗེས་དེ་ཡི་རྒྱུ་དང་། དམངས་ཀྱི་སད་རྟོགས་དང་ཕྱིས་འབྱུང་གི་མི་སྣ་རླབས་ཆེན་འགའི་ལེགས་མཛད་ཀྱི་རྐྱེན་ལས། ཨ་རི་རྒྱལ་ཁབ་ལ་དམངས་ཀྱིས་བདག་སྐྱོང་བྱས་ཤིང་ངེས་པ་དོན་གྱིས་དམངས་ལ་དབང་བར་གྱུར། ཁོ་ཚོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་གོ་གནས་ཀྱང་“རིགས་དང་རུས་མི་གཙོ”བར་བུ་གང་འཇོན་གྱི་ལག་ཏུ་ལེན་ཆོག་ཆོག་ཏུ་གྱུར་ཞིང་། དུས་རབས་ཉེར་གཅིག་པའི་དུས་མགོར་ཨ་རིའི་གྲངས་ཉུང་མི་རིགས་ཏེ། ཨ་རིའི་མི་ནག་རིགས་རྒྱུད་ཨོ་པ་མ་སྲིད་འཛིན་གྱི་ཁྲིར་འཁོད་པ་དེས། ཡང་བསྐྱར་དེ་ལ་བདེན་དཔང་སྟོབས་ཆེན་ཞིག་བགྱིས་སོ། །
༼ལྷ།༽༡༩༥༩ལོར་ཕྱི་དང་ནང་གི་རྒྱུ་རྐྱེན་དང་དགོས་དབང་སྣ་ཚོགས་ཤིག་ལ་བརྟེན་ནས་འཕགས་ཡུལ་དུ་བསྐྱོད། དེ་ནས་བགྲང་བྱ་གང་འཚམ་རིང་ཁོང་གིས་དབུ་ཁྲིད་དེ་དུས་རབས་གསར་བའི་ལམ་ཁར་གོམ་ཁ་འདོར་མ་མྱོང་བའི་མི་རིགས་འདི་ཉིད། ཨ་རྩེ་གོམ་རྩེ་ནས་བསླབས་ཏེ་རིམ་གྱིས་ནར་སོན་དུ་བཅུག་ནས་འཛམ་གླིང་གི་མི་གྲལ་དུ་བཙུད་པར་བྱས། འཛམ་གླིང་འགྲོ་མི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བ་དང་། དམངས་གཙོ་ཡི་བདེན་པ་དག་གི་རང་ངོ་གསལ་བོར་སྤྲད་དེ། བོད་དོན་དམངས་ཀྱིས་སྐྱོང་དགོས་པའི་ལམ་ལུགས་གསར་དུ་བཏོད་པར་བྱས་ཤིང་། བོད་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱང“རིགས་མི་གཙོ་རུས་གཙོ”བར་དམངས་ཀྱི་མོས་ཕྱོགས་ཁོ་ནར་བསྟུན་དགོས་པའི་བཀའ་གནང་།
སྐབས་འདིར་ཝ་ཧྲིན་ཐོན་ལ་མང་པོས་རྒྱལ་བོ་བྱེད་པ་དང་། ཚེ་གང་སྲིད་འཛིན་སོགས་དགོས་པའི་སྐུལ་མ་གནང་བ་ནང་བཞིན་ཁོང་ལའང་དེ་ལྟར་བྱས་ཏེ། ཡུན་རིང་གི་བག་ཆགས་དང་དད་འདུན་གཙང་མ་དེ་ཡི་ངོས་ནས་བོད་མི་ཡོངས་ཀྱིས་ཐུན་མོང་གིས་རེ་ཞུ་ཡང་ཡང་བརྒྱབས་མོད། ཁོང་གི་གསུམ་བཅུའི་དུས་དྲན་ཐོག་ཏུ། “མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པ་ཡོང་ཆེད་ངོས་ནས་མིང་གནས་རྗེས་འབྲེལ་གྱི་མི་རིགས་དང་། འཛིན་སྐྱོང་གི་འགོ་ཁྲིད་བྱེད་མ་དགོས་པར། བོད་མིའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་མང་ཚོགས་ཀྱིས་རང་དབང་གི་སྒོ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ཀྱིས་བྱེད་ཐུབ་
པ་དགོས་རྒྱུ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནས་བཟུང་ཡང་ཡང་སྐུལ་འདེད་ལམ་སྟོན་བྱེད་བཞིན་པ་ལྟར་ད་ཆ་དེ་དག་དངོས་སུ་ལག་བསྟར་བྱ་རྒྱུའི་དུས་ཚོད་སྨིན་པར་མཐོང་སྟེ། ད་རེས་འདི་ཟླའི་ཕྱི་ཚེས༡༤ ནས་འགོ་འཛུགས་བྱ་རྒྱུའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་འཕྲིན་ཡིག་གི་ལམ་ནས། བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་རྣམས་བྱེད་དགོས་པའི་ལམ་སྟོན་བྱས་ཏེ་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་ཟིན་པ་ཡིན།
གནས་ཚུལ་འདི་བརྒྱུད་ལམ་ཁག་ནང་གསལ་བསྒྲགས་བྱུང་བ་ནས་བཟུང་། བོད་ཕྱི་ནང་གང་སར་གནས་པའི་མང་ཚོགས་དང༌། སྒྲིག་འཛུགས་ཁག མི་སྒེར་མང་པོ་བཅས་ཀྱིས་ངོས་ལ་སྔར་བཞིན་ཆབ་སྲིད་ཀྱི་འགན་འཁུར་མུ་མཐུད་བྱེད་དགོས་པའི་རེ་སྐུལ་ནན་པོ་བྱུང་ཡང༌། ངོས་ཀྱིས་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་གྱི་འཐབ་རྩོད་བློས་བཏང་བ་བཅས་གཏན་ནས་མིན་པར། བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་ཁྱེད་ཚོའི་རེ་སྐུལ་དང་ལེན་བྱ་ཐབས་མ་བྱུང་”ཞེས་གསུངས་ཡོད་པ་ལྟ་བུའོ། །
བོད་མི་རྣམས་ཀྱི་བློ་ཡུལ་དུ་ཆུད་དཀའ་བ་བྱུང་བ་འདི་ནི་དམངས་གཙོ་ཡི་གོ་རྟོགས་མེད་པ་དང་། གནས་ལུགས་ཁྱོན་ནས་མེད་པ་ཞིག་ཅིས་ཀྱང་ཡིན་མི་སྲིད་དེ། ཨ་རིའི་སྲིད་འཛིན་ཐོག་མ་སྐུ་ཞབས་ཝ་ཧྲིན་ཐོན་དང་། སྐྱབས་མགོན་ཏྰ་ལའི་བླ་མ་བཅུ་བཞི་པ་གང་ཉིད་ལྟ་བུའི་སྐྱེས་བུ་དག་ནི་དུས་ནམ་ཡང་དམངས་ཀྱི་མགོ་ཁྲིད་དུ་འོས་པ་སྟེ། རླབས་ཆེ་བའི་སྐྱེས་བུ་དག་ནི་ནམ་ཡང་དེ་ལྟར་ཡིན་པ་ལས། དེ་ལ་དུས་ཀྱིས་བསྒྱུར་བ་དང་ངོས་ནས་འགྱུར་བ་གང་ཡང་ཡོད་མི་སྲིད་པས་སོ། །འོན་ཀྱང་སྐྱབས་མགོན་ཏྰ་ལའི་བླ་མ་གང་ཉིད་ཀྱིས “རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན། རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན”ཞེས་གསུངས་པ་ལྟར། སྔོན་དཔག་རྗེས་དཔྱོད་གང་ཐད་ནས་བསམ་བློ་བཏང་ཀྱང་ང་ཚོས་གྲྭ་སྒྲིག་གཞན་ཞིག་མི་བྱེད་པའི་འོས་མ་མཆིས་པ་རེད།
དེས་ན་སྐྱབས་མགོན་དམ་པ་གང་གིས་ང་ཚོའི་སྔ་སྲོལ་གྱི་ལམ་ལུགས་འདིས་བོད་མི་རིགས་ལ་དམངས་གཙོ་དང་འདྲ་མཉམ་ངོ་མ་ཞིག་ཆགས་མི་ཐུབ་པར་དགོངས་ཏེ་ཐུགས་ཀྱིས་མ་བཞེས་ཤིང་། ༢༠༡༡ལོའི་ཟླ་༣པའི་ཚེ༡༤ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པའི་ཐོག་བསྩལ་བའི་གསུང་འཕྲིན་དུ། “རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན། རྒྱལ་ཁབ་དང་མི་རིགས་སྲ་བརྟན་གནས་མི་ཐུབ་པ་དང༌། ཡུལ་ལུང་གི་ཡར་རྒྱས་ཚུལ་བཞིན་ཡོང་མི་ཐུབ་པ་དངོས་མཐོང་ཁར། མི་གཅིག་དབང་འཛིན་གྱི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པ་དང༌། དེང་རབས་ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱི་ནང་ནས་གུ་ཡངས་མང་གཙོའི་རིང་ལུགས་བཟང་ཤོས་ཡིན་པ་བཅས་ལ་བརྟེན། གཞན་གྱི་ལད་མོ་དང་མཛེས་ཆོས་ཙམ་མ་ཡིན་པར། བོད་མི་ས་ཡ་དྲུག་གི་འཕྲལ་ཕུགས་ཀྱི་བདེ་དོན་རང་ལ་དམིགས་ཏེ་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་ཀྱིས་བསྒྱུར་བཅོས་ལག་ལེན་སྒོ་དུ་མ་ནས་བརྩམས་ཏེ།”ཞེས་དང་། “མདོ་དོན་མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད།” ཅེས་ཝ་ཧྲིན་ཐོན་གྱི་གྱེས་བྲལ་གཏམ་བཤད་ལྟ་བུ་སྤེལ་ཏེ། བོད་དམངས་ཡོངས་ལ་འདྲ་མཉམ་དམངས་གཙོ་སོགས་ཀྱི་ཆོས་ཉིད་ཀྱི་བདེན་པ་རྣལ་མ་ཞིག་ངོ་སྤྲད་པར་བྱས།
ཁོང་གི་ལེགས་པར་མཛད་པ་འདི་ལ་བརྟེན་ནས་བོད་རིགས་དག་ཀྱང་ཨ་རིའི་མི་རིགས་ནང་བཞིན་རྟོགས་པ་སད་ཐུབ་མིན་དང་། དམངས་གཙོ་ཚད་ལྡན་གྱི་ལམ་དུ་བསྐྱོད་ནུས་མིན་ནི་བོད་མི་རིགས་ཀྱི་གོ་རྟོགས་དང་མི་གཤིས་ལ་རག་ལས་པ་ཁོ་ན་ཞིག་གོ །
མཇུག་སྡོམ།
སྤྱིར་མི་རིགས་ཀྱི་སྣེ་ཁྲིད་པའི་སྐྱེས་བུ་དག་ལ་རང་རང་གི་ལམ་སྲོལ་རེ་རེ་ཡོད་ན། དེ་ཡི་ཆ་ནས་ནི་ཁོང་གཉིས་ཆེས་ཆེར་འདྲ་བ་མ་ཡིན་ཏེ། ཝ་ཧྲིན་ཐོན་གྱིས་དམག་གི་སྣེ་ཁྲིད་དེ་དྲག་པོས་དྲག་པོ་འདུལ་བའི་ལམ་ལུགས་ཤིག་བསྐྱངས་པ་ཡིན་ན། ཏཱ་ལའི་བླ་མ་མཆོག་གིས་ནི་བརྩེ་བ་དང་བདེན་པ་ཟུང་སྲོག་ཏུ་བྱས་པའི་ཞི་བ་ཡིས་དྲག་པོར་ཁ་གཏད་གཅོག་པའི་འཚེ་མེད་ཞི་བའི་ལམ་མཆོག་རྩལ་དུ་འདོན་པས་སོ། །
དེ་ལྟར་ཡིན་ཡང་འོས་ཏེ། སྐྱེས་བུ་དམ་པ་གཉིས་ཀྱི་སོ་སོའི་དུས་ཀྱི་བབས་དང་ཁོར་ཡུག་གི་རྐྱེན། ད་དུང་སྣེ་ཁྲིད་བྱའི་མི་རིགས་སོ་སོའི་ཆ་རྐྱེན་གྱི་གནས་སྟངས་དང་། མི་གཤིས་ཀྱི་རྣམ་པ་སོགས་གང་ནས་བལྟས་ཀྱང་རྣམ་པ་དེ་དག་སོ་སོར་ཤིན་ཏུ་འཚམ་པས་སོ། །དེ་བས་འདི་ཡི་ཕྱོགས་ནས་གླེང་བར་བྱས་ན་ཏྰ་ལའི་བླ་མ་མཆོག་གི་མཛད་ཕྱོགས་དེ་རྒྱ་གར་གྱི་བླ་ན་མེད་པའི་དབུ་ཁྲིད་ཆེན་པོ་མ་ཧ་གན་དྷི་ལགས་དང་། ཨ་རིའི་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་པ་ཆེན་པོ་མར་ཐིན་ལུ་སིར་ཁེན་སོགས་དང་མཚུངས་པ་ཞིག་རེད།
འོན་ཏེ་ཁོ་བོས་འདིར་གླེང་འདོད་པ་ནི་དེ་དག་མ་ཡིན་པར། རླབས་ཆེ་བའི་མཛད་རྗེས་ཕྱི་མ་འདི་ཉིད་ཡིན། དེ་ཡང་གོང་དུ་ཝ་ཧྲིན་ཐོན་གྱི་ཚེ་གང་གི་བྱ་བཞག་དག་ལས་ཆེས་རླབས་བ་ཆེ་གཅིག་ངོས་འཛིན་དགོས་ན། དེ་ནི་དམག་བརྒྱབས་པ་དང་དབང་བླངས་པ་སོགས་གང་ཡང་མ་ལགས་ཀྱི། ཁོང་གི་མཛད་རྗེས་ཐ་མ་དེར་ངོས་འཛིན་རྒྱུ་ཡིན་ཞེས་བཤད་པ་ལྟར། སྐྱབས་མགོན་རིན་པོ་ཆེ་ཡི་སྐུ་ཚེའི་མཛད་བཟང་ནི་གཅིག་ལས་གཅིག་ལྷག་མཆོག་ཏུ་མང་ནའང་། གལ་ཏེ་གཉིས་འདེམས་དགོས་པའི་དབང་དུ་བཏང་ན། ༡བོད་རིགས་འཛམ་གླིང་ལ་ངོ་སྤྲད་ཅིང་བོད་འཛམ་གླིང་རང་བཞིན་དུ་བྱས་པ་དེ་དང་། ༢ངེས་པ་དོན་གྱིས་དམངས་གཙོ་དང་འདྲ་མཉམ་ཞེས་པ་དེ། ཕྱག་ལེན་དངོས་ཀྱི་སྟེང་ནས་གསལ་བཤད་བཏང་བ་དེ་གཉིས་ལ་ངོས་འཛིན་བྱེད་ངེས་ཡིན།
ཁོང་གི་ཐུགས་བཞེད་འདི་ནི་ཐོལ་བྱུང་ཞིག་མིན་པར་ཐོག་མ་ཉིད་ནས་ཡོད་པ་ཞིག་ཏུ་མཐོང་སྟེ། ཁོང་ཉིད་དགུང་གྲངས་ཉི་ཤུ་རྩ་སྟོད་ཙམ་གྱི་སྐབས་སུ་གསུངས་པའི《ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང》གི་ནང་དུའང་མི་རིགས་ལ་འདི་འདྲའི་དཀའ་ངལ་གྱི་དུས་འགྱུར་མེད་པའམ། ཡང་ན་མི་རིགས་རང་ཉིད་རང་གི་རྐང་པ་ལ་བརྟེན་ཏེ་ལངས་ཐུབ་པའི་ནུས་ཤུགས་ཤིག་སྨིན་ཚེ། དེ་དུས་ཁོང་ཉིད་བླ་མེད་ཆོས་ཀྱི་མཛད་འཕྲིན་ལ་གཅིག་ཏུ་ཐུགས་སེམས་ཡོད་ཚུལ་སོགས་ཤིན་ཏུ་གསལ། འོན་ཏེ་ཁོང་གི་ལམ་སྟོན་གྱི་འོད་སྣང་ལ་བརྟེན་ཏེ་ས་ལམ་ཟིན་པའི་རང་རེར་མཚོན་ན། ཁོང་གི་རླབས་ཆེན་གྱི་མཛད་རྗེས་ལ་ངོས་ཟིན་གསལ་བོ་ཞིག་རྙེད་པར་འོས་ཤིང་། ད་དུང་མུ་ནས་མུ་རུས་ཁོང་གི་ཡང་དག་པའི་ལམ་སྟོན་ལ་རྩི་འཇོག་བྱེད་པར་རིགས། ཁོ་བོས་འདིར་ཆོས་ལུགས་དད་མོས་དུང་ཞེན་ཙམ་གྱིས་བཤད་པ་མིན་ཏེ། མི་རིགས་སུ་ལ་མཚོན་ནའང་གལ་གནད་ཀྱི་སྐབས་སུ་རླབས་ཆེ་བའི་སྣེ་འཁྲིད་པ་ཞིག་ནི་སྲོག་གི་རྩ་བར་གྱུར་ཡོད་པས་སོ། །
གཤམ་གྱི་འདྲེན་ཚིག་འདི་དག་ཚགས་ཤོག་འགའ་ལས་བཏུས།
ད་ལྟའི་བཙན་བྱོལ་བོད་གཞུང་འདི་ནི་མི་མང་གིས་འོས་འདེམས་བྱས་པའི་སྲིད་བློན་གྱིས་སྣེ་ཁྲིད་ཀྱིན་ཡོད་ལ། ཏཱ་ལའི་བླ་མའི་ལས་འགན་ནི་ཆེ་མཐོང་རང་བཞིན་ཙམ་རེད། ཡིན་ནའང་བོད་དེ་རྒྱ་ནག་ནང་ཁུལ་ནས་རང་སྐྱོང་ངོ་མ་ཞིག་རག་ཐབས་ཀྱི་རྩོད་ལེན་ཁྲོད། ཏཱ་ལའི་བླ་མ་ནི་དོན་སྙིང་ལྡན་པའི་མགོ་ཁྲིད་ཅིག་རེད།
ཧྥ་རན་སིའི་འཛམ་གླིང་ཚགས་པར་(Le Monde)ལས།
སྔོན་ཆད་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་སྲིད་གཉིས་ཀྱི་དབང་ཆ་བཟུང་ཡོད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང༡༤པའི་སྐུ་དབང་རྩིས་སྤྲོད་ཀྱི་ཁྱབ་བསྒྲགས་གནང་བ་དེས། དུས་རབས་བར་མའི་སྲོལ་རྒྱུན་ལམ་ལུགས་འདི་མཇུག་རྫོགས་པར་མངོན། ཏཱ་ལའི་བླ་མའི་གསལ་བསྒྲགས་དེ་ནི་བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་ཁྲིམས་མཐུན་རང་བཞིན་ཅན་དུ་བསྒྱུར་ཆེད་ཡིན།
ཧྥ་རན་སིའི་”(Liberation) བཅིངས་འགྲོལ་ཚགས་པར་ལས།
ཏཱ་ལའི་བླ་མའི་བགྲེས་ཡོལ་མ་གནང་བའི་སྔོན་ལ་བོད་མི་ཚོ་ལ་ཁོང་ཉིད་སྐུ་མ་བཞུགས་པའི་དུས་རབས་དེ་གྲ་སྒྲིག་བྱེད་ཀྱིན་ཡོད་པ་རེད།
ཨོ་སི་ཁྲེ་རེ་ཡའི་དཔལ་འབྱོར་དུས་བབ(Financial Times) ལས།
ཏཱ་ལའི་བླ་མའི་རྒྱ་གར་ལ་ཉམས་ཚོད་ལེན་བཞིན་པ་མ་ཟད། རྒྱ་ནག་ལ་ཉམས་ཚོད་ལེན་པའང་རེད་ཅེས་དང་། ཏཱ་ལའི་བླ་མའི་སྲིད་ཀྱི་ཁུར་བོ་མར་བཞག་ནའང་ཁོང་གི་ནུས་ཤུགས་ལ་ཉམས་པ་སྤུ་ཙམ་ཡོད་མི་སྲིད་པ་རེད། ཡིན་ནའང་དེ་ནས་བཟུང་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བོད་ཀྱི་མི་རབས་གསར་བའི་མགོ་ཁྲིད་ཚོ་ལ་གདོང་ལེན་བྱེད་དགོས་པ་ཆགས་པ་རེད།
རྒྱ་གར་གྱི་བང་ཆེན་གསར་ཤོག་(Indian Express)ལས།
ྋསྐྱབས་མགོན་རིན་པོ་ཆེས་གྲོས་ཚོགས་ལ་གསུང་འཕྲིན་མ་ཕེབས་པའི་བར་ལ་འདས་པའི་ལོ་བཅུ་ཡས་མས་ཤིག་གི་རིང། བཀའ་ཤག་རིམ་པ་གཉིས་ཀྱིས་དངོས་ཤུགས་བརྒྱུད་གསུམ། ཕྱི་ནང་གསང་གསུམ་ནས་གོ་སྐབས་ནམ་བྱུང་དུ་རིམ་པ་མང་པོས་མུ་འཐུད་ནས་གྲངས་མེད་པ་ཞུས་ཟིན་པ་ཡིན། ད་ལྟའི་གནས་སྐབས་ལ་ྋགོང་ས་མཆོག་གིས་ཐུགས་ཐག་བཅད་ནས། གྲོས་ཚོགས་ལ་གསུང་འཕྲིན་ཕེབས་ཟིན་པ་འདིའི་སྐབས་ལ། ང་ཚོ་བཀའ་ཤག་གི་ལས་འགན་དེ་ག་རེ་རེད་ཟེར་ན། ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བསྒྲུབ་རྒྱུ་དེ་རེད།
བཀའ་ཁྲི་ཟམ་གདོང་ལགས་ཀྱིས།
བཀའ་དྲིན་ཆེ། ངོ་མ་གཤིབ་བསྡུར་ཡག་པོ་བྱས་འདུག
རྡི་ལྷ་ལྡན་གྱིས་བབ་ཆགས་ཡོངས་གྲགས་ཀྱི་བྱུང་བ་འགའི་མཚུངས་བསྡུར་སྤྱད་དེ་མང་གཙོའི་གལ་གནད་བསྟན་པ་ཡག་བྱུང་ཟེར་དགོས་པ་འདྲ་མོར་མཐོང་། རྩམ་རིན་དུ་བྱུང་ན་འདི་འདྲ་འབྲི་ཡང་ལོས་དགོས་ཨེ་རེད། ༧གོང་ས་མཆོག་གིས་རང་གི་བླ་མ་རྣམས་ཀྱིས་བཀའ་དྲིན་དྲན་ཐེངས་རེར་མིག་ཆུ་ཁྲོམ་ཁྲོམ་དུ་དབྱུང་བའི་རང་བྱུང་གི་བདེན་པ་འདི་ཡང་རྒྱལ་ཡབ་དང་རྒྱལ་ཡུམ་གྱི་བཀའ་དྲིན་མཚན་གནས་སུ་དྲངས་པའི་ཆོལ་ཁའི་མིང་གིས་ནག་སུབ་ཏུ་གཏོང་མི་དགོས་སར་མ་གཏོང་གྲོགས། ཆོལ་ཁ་བཤད་མི་དགོས་སར་འདྲུད་ཀའི་མ་འདུག དེ་མིན་འགྲོ་བ་མི་འབྲི་དགོས་སར་འགྲོ་མི་ཟེར་བ་འདི་མོའི་འདི་རྒྱ་སྐད་འདྲ་མོ་འདུག་པས་སྐུ་མཁྱེན་ད་ཕྱིན་བྲེལ་བ་ཡོད་ན་མ་འབྲི། འབྲི་ན་འགྲོ་བ་མི་བརྫོས་ན་ཕྲིས་ཨ། སྐུ་མཁྱེན་འཚིག་པ་མ་ཟ། རྩམ་རིན་དུ་བརྩི་ཆོག་གི ཁ་བརྡ་ངར་བ་བགྱིས་འདུག