ར་ལོ་རིན་པོ་ཆེ།
སྒྲུབ་པ་བསྲན་ཚུགས་མཐར་ཕྱིན་ཆོས་དྲུག་ནི།།
གསོད་ཀྱང་དམ་པའི་ཆོས་ལས་བློ་མི་ལྡོག།
ན་ཡང་ལོག་པར་ལྟ་བ་མི་སྐྱེ་ཞིང༌།།
དམ་བཅའ་ངོ་སྲུང་བར་ཆོད་ཀྱིས་མི་ཤིགས༌།།
མཉམ་གཞག་མྱོང་བ་རྗེས་ཐོབ་བསྲེ་ནུས་ཤིང༌།།
མ་གྲུབ་བར་དུ་བརྩོན་པ་འདོར་མི་བྱེད།།
སྤང་གཉེན་ཐུག་ཕྲད་རོ་སྙོམས་ནུས་པའོ།།
ཞེས་གསུངས་ཏེ། སྒྲུབ་གནས་སུ་སོང་ནས་སྒྲུབ་པ་མཐར་མ་ཕྱིན་ན་ཆོས་འགོ་མ་ཐོན་པ་ཡིན་པས། སྒྲུབ་པ་མཐར་ཕྱིན་པར་བྱེད་པ་ལ་སྲན་ཚུགས་དགོས་པས་ན་རུང་ཚ་རུང་ཤི་རུང་གསོན་རུང་འཕོངས་རུལ་གདན་རྡོལ་གང་ལྟར་གྱུར་ཀྱང་སྒྲུབ་པ་ཉམས་ལེན་འདི་ལས་ཕྱི་བཤོལ་མི་བྱེད་སྙམ་པའི་དམ་བཅའི་ཆོད་སེམས་དམ་པོ་གསོད་པའི་གཤེད་མ་དེ་སྔོན་དུ་ཐོན་ཡང་དམ་ཆོས་ཉམས་ལེན་དེ་ལས་བློ་མི་ལྡོག་ཕྱིར་བཤོལ་མི་བྱེད། ནད་ན་ཚས་ཇི་ལྟར་མནར་ཡང་། འདི་འདྲ་མི་རིགས་སྙམ་པའི་ལོག་ལྟ་དང་ཡིད་ཆད་ཀྱི་འཁང་ར་མི་སྐྱེ་ཞིང་། དམ་བཅས་པ་དེ་ངོ་ཆེན་གྱི་ངོ་སྲུང་བའི་ཆེད་དུ་དམ་བཅའ་ཤོར་བ་ལ་སོགས་པ་བར་ཆད་ཀྱིས་བཤིག་མི་ནུས་པ་དང་། མཉམ་བཞག་གི་སྐབས་ཀྱི་ཉམས་ལེན་དེ་རྗེས་ཐོབ་ཀྱི་སྐབས་སུ་འཁྲུལ་བ་མི་འབྱུང་བའི་ཆེད་དུ་ཡིན་པ་དང་། སྒོམ་པས་རྐྱེན་མ་ཐུབ་ཚེ་རྐྱེན་ངན་ཐོག་ཏུ་བབས་ན་ཐ་མལ་པ་དང་ཁྱད་མེད་དུ་འགྱུར་འགྲོ་བས་མཉམ་བཞག་གི་མྱོང་བ་རྗེས་ཐོབ་དང་བསྲེ་ནུས་པར་བྱེད་པ་དང་། ཉམས་ལེན་ལ་འབྲས་བུ་ཐོབ་པའི་བར་རམ་ཡང་ན་སྒྲུབ་པ་དུས་བཀག་གི་ཐོག་ཏུ་མ་ཐོན་གྱི་བར་དེར་མཚམས་ལས་ཧར་ལང་བྱེད་པ་སོགས་བརྩོན་པ་ལ་ཐང་ལྷོད་ཤོར་མི་རུང་བ་ཡིན་པས་བརྩོན་པ་མ་དོར་བ་དང་། མཉམ་བཞག་རྗེས་ཐོབ་གང་གི་སྐབས་སུ་ཡིན་ཀྱང་ཉོན་མོངས་རྣམ་རྟོག་གང་སྐྱེས་ཀྱང་། ལས་དང་པོ་པས་སྤང་གཉེན་ཐུག་ཕྲད་ཀྱིས་མི་མཐུན་ཕྱོགས་ཀྱི་དབང་དུ་མ་ཤོར་ཞིང་། ལམ་ལ་བརྟན་པ་ཅུང་ཟད་ཅིག་ཐོབ་ཡོད་པས་བཟང་ངན་སྐྱིད་སྡུག་རོ་སྙོམས་ཀྱི་སྤྱོད་པས་གཉིས་འཛིན་སྤང་བླང་དང་བྲལ་བའི་ལྟ་སྤྱོད་ཀྱིས་བོགས་འབྱིན་པར་བྱེད་པ་སྟེ་སྒྲུབ་ལ་སྲན་ཚུགས་མཐར་ཕྱིན་གྱི་ཆོས་དྲུག་བསྟན་པའོ།།
མཁས་གྲུབ་ཆོས་རྗེས་རྗེ་ཙོང་ཁ་པར་གསོལ་བ་འདེབས་པ་ན།
་
ཁྱོད་ཀྱིས་ཆོས་ཉིད་ནམ་མཁའི་དཀྱིལ་ལྟ་བུ།
མཉམ་གཞག་ཏིང་འཛིན་མཆོག་གིས་ལེགས་བསྒོམས་པས།
རྗེས་ཐོབ་ཏུ་ཡང་སྒྱུ་མ་ལྟ་བུའི་ཐུགས།
སྐད་ཅིག་གཡོ་བ་མེད་ལ་གསོལ་བ་འདེབས།། ༡༩ །།
་
ཞེས་གསུངས་པ་ལྟར་། “མཉམ་བཞག་གི་སྐབས་ཀྱི་ཉམས་ལེན་དེ་རྗེས་ཐོབ་ཀྱི་སྐབས་སུ་འཁྲུལ་བ་མི་འབྱུང་བའི་ཆེད་དུ་ཡིན་པ་དང་།” ཞེས་པའི་བརྗོད་པ་འདི་ཅུང་གསལ་བར་མཛད་ན། ཕན་གྲོགས་ཆེ་ཞུའོ།