༄༅།། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང༌། ལྷག་པར་ཟི་ཁྲོན་ཞིང་ཆེན་དང༌། རྔ་པ་རང་སྐྱོང་ཁུལ། རྔ་པ་རྫོང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་ཞུ་རྒྱུར།
དབུས་གཞུང་གི་བཀའ་འབྲེལ་ཡིན་མིན་གང་ལྟར་ཡང༌། ད་ལམ་རྔ་པ་ཀིརྟིའི་དགོན་པར་དྲག་པོའི་དམག་དཔུང་དང་ལས་བྱེད་མཉམ་འབྲེལ་གྱིས་ཆེས་ཛ་དྲག་གི་སྒོ་ནས་དྲག་གནོན་དམ་བསྒྲགས་ཤུགས་ཆེའི་འོག་རང་དབང་ཐམས་ཅད་བཙན་འཕྲོགས་ཀྱིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་སྡུག་བསྔལ་ཤུགས་ཆེ་མྱོང་བཞིན་པར་བློ་ཕམ་ཚད་མེད་དང་འབྲེལ་མེ་ཚིག་མེར་གཏུགས་ཀྱིས་རེ་འདུན་ཞུ་རྒྱུར། རྔ་པ་ཀིརྟིའི་དགོན་པ་དང་འབྲེལ་ཡོད་སེར་སྐྱ་མི་མང་དང་བཅས་པར་གང་བྱུང་གིས་འཇིགས་བསྐུལ་དྲག་གནོན་དང་གཡོ་ཐབས་སྣ་ཚོགས་ཀྱིས་བསུན་གཙེར་བཟོ་བཞིན་པར་འབྲས་བུ་ལེགས་པ་ཞིག་འཐོན་རྒྱུ་ཡེ་ནས་མེད་པས་མྱུར་དུ་མཚམས་འཇོག་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེ་གར་དོན་རྐྱེན་ལྷགས་པའི་འབྱུང་རྩ་ནི་རྒྱ་གཞུང་གི་གནང་ཕྱོགས་ལ་མི་མང་གི་བློ་ཁ་མ་ཁེངས་པས་ཡིན་ནའང་རྒྱུ་མཚན་གཞན་སྣ་ཚོགས་ཡོད་ཚུལ་གོང་རིམ་ལ་ཞུ་མཁན་ཡོད་ཚེ་རྫུན་ཞུས་ཀྱིས་གཞུང་དང་མི་མང་དབར་རྒྱང་ཐག་རིང་དུ་བཏང་བའི་བྱ་སྤྱོད་ཡིན་པས་སྲིད་འཛིན་ཧུའུ་ཅིན་ཐའོ་མཆོག་གིས། འཆམ་མཐུན་གྱི་སྤྱི་ཚོགས། ཞེས་གསུངས་པའི་དགོངས་དོན་དང་དངོས་སུ་འགལ་བའི་བྱ་སྤྱོད་ལག་ལེན་དུ་བསྟར་བ་ཞིག་མ་རེད་དམ། དོན་དམ་པའི་འཆམ་མཐུན་ཞིག་གནང་འདོད་ཡོད་ན་གཞུང་དང་མི་མང་དབར་ཐག་ཉེ་རུ་གཏང་དགོས་པ་མ་གཏོགས། གོ་སྐབས་བཟུང་ནས་ཆབ་སྲིད་ཀྱི་ཞྭ་མོ་ལྕི་མོ་ཞིག་སོ་སོའི་མི་མང་ཁག་ཅིག་ལ་གཡོགས་ཏེ་བདེན་རྫུན་ཅི་རིགས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན་སོགས་ཀྱི་ཉེས་ཆད་བཀལ་ནས་རྒྱ་གཞུང་ལ་ཤ་ཚ་མདོག་གིས་མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་གཞུང་དམངས་གདོང་ཐུག་ཡོང་བའི་ཐབས་ལ་འབད་མཁན་ཞི་དྲག་ལས་བྱེད་དེ་ཚོའི་གྲས་ནི་ཏང་ཡོན་དང་རྒྱལ་གཅེས་པ་ཞིག་མིན་པར་ལྐོགས་ཟ་རུལ་སུངས་དང་ངན་པ་ལག་སྦྲེལ་ཅན་ཡིན་པ་མཁྱེན་དགོས། རྒྱ་དོགས་པས་ཕུང༌། ཟེར་བ་ལྟར་དོགས་ཟོན་ཁོ་ནས་རྡུང་རྡེག་ཚ་ནན་དང་མེ་མདའི་འོག་ནས་འཆམ་མཐུན་ཡོང་ཐབས་མེད་པའི་དངོས་ཡོད་གནས་ཚུལ་འདི་ཁས་ལེན་ཐུབ་པའི་ཕོད་པ་ཞིག་དབུ་ཁྲིད་ཚོར་ཡོད་དགོས། སེམས་ཅན་དུད་འགྲོ་ཞིག་ལ་མཚོན་ནའང་བྱམས་པོ་བྱས་ན་གཉེན་དང་རྩུབ་སྤྱོད་བྱས་ན་གཉེན་དུ་འགྱུར་མི་ཐུབ་པ་ལྟ་བུ་མ་རེད་དམ།
ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་ལ་སྟོབས་ཆེན་སུ་ཞིག་གིས་ཁ་ཕྱོགས་བསྒྱུར་མི་ཐུབ་པ་ལྟར་འཛམ་གླིང་གི་སྤྱི་ཚོགས་ཀྱི་འགྱུར་འགྲོས་འདི་འགོག་ཐབས་མེད་པས་མི་མང་གི་བསམ་བློའི་འགྱུར་བ་ལ་སྲིད་གཞུང་གིས་མཐོང་ཆེན་གནང་སྟེ་ཏང་གི་ཚོགས་པ་དེའི་དབང་ཤུགས་གནས་ཐབས་ཁོ་ན་ཙམ་མི་བསམ་པར་དོན་དམ་པའི་མི་མང་གི་བདེ་དོན་བསམ་ཕོད་པ་དང་ལེགས་བཅོས་གཏོང་ཕོད་པ་ཞིག་གནང་ནས་གཞུང་དམངས་དབར་གདོང་ཐུག་མི་ཡོང་བའི་ཐབས་ཤེས་འཚེ་བ་མེད་པའི་སྒོ་ནས་གནང་ན་འབྲེལ་ཐག་ཉེ་རུ་འགྲོ་བས་འཆམ་མཐུན་གྱི་སྤྱི་ཚོགས་ཡོང་བ་ནི་ཆོས་ཉིད་ཀྱི་རང་བཞིན་ཡིན། འགོ་ཁྲིད་ཀྱིས་རང་གི་མི་མང་ལ་ཡིད་ཆེས་སྐྱེ་མི་ཐུབ་པར་དོགས་ཟོན་ཁོ་ནས་བཙིར་གནོན་དམ་བསྒྲགས་བྱས་ཚེ་མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་གཞུང་དམངས་གདོང་ཐུག་ཡོང་རྒྱུ་ཁོ་ན་ལས་འཆམ་མཐུན་ཡོང་ཐབས་བྲལ་བས་རྩུབ་སྤྱོད་འདིའི་རིགས་རྒྱལ་ཡོངས་སྤྱི་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཐམས་ཅད་ལ་མྱུར་དུ་མཚམས་འཇོག་ཡོང་བའི་རེ་སྐུལ་ནན་པོ་ཞུ་བཞིན་ཡོད། རྩུབ་སྤྱོད་འདི་ཁོ་ན་མུ་མཐུད་ནས་རྒྱལ་ཡོངས་གང་སར་ལག་ལེན་བསྟར་ཚེ་དམག་མི་དང་བཙོན་ཁང་གིས་མི་འདང་བའི་གནས་སུ་གྱར་སྲིད། ད་ལྟའི་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་འདི་ནི་གྲལ་རིམ་འཐབ་རྩོད་སྐབས་ཀྱི་ལམ་སྲོལ་རྙིང་རུལ་ཅན་དེ་རེད། མི་མང་ནི་དཔལ་འབྱོར་དང་དྲིལ་བསྒྲགས་ཁོ་ནས་དབང་བསྒྱུར་ཐུབ་བསམ་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཡིན་པ་མཁྱེན་དགོས། མེ་མདའི་ཁ་ནས་སྲིད་དབང་འཛིན། ཞེས་པའི་དུས་ཚོད་ཡོལ་ཟིན་ནའང་དུས་དང་བསྟུན་མ་ཤེས་པར་ད་དུང་མེ་མདའི་ཁ་ནས་སྲིད་དབང་འཛིན་ཐབས་བྱས་ཚེ་ལམ་ལྷོང་ཡོང་རྒྱུའི་ཚབ་ཏུ་གཞུང་དམངས་དབར་གདོང་ཐུག་དང་ཆག་སྒོ་ཕྱོགས་གང་ས་ནས་རྒྱུན་མ་ཆད་པར་ཡོང་བ་ཆོས་ཉིད་ཡིན་པས་རྐྱེན་ངན་སྔོན་འགོག་ཆེད་རྒྱ་གཞུང་མི་མང་དང་བཅས་པར་ཕན་པའི་ལྷག་བསམ་གྱིས་དྲན་བསྐུལ་ཞུ་བ་དང་ཆབས་ཅིག ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་བཞེད་ལྟར་དབུ་མའི་ལམ་འདི་རྒྱལ་ཁབ་བརྟན་ལྷིང་ཡོང་བའི་རྒྱུ་གཅིག་པུ་ཡིན་པས་ཉིན་འགྱངས་ཞག་འགྱངས་སུ་མ་བཏང་བར་བོད་རྒྱ་ཞི་མོལ་མྱུར་མགྱོགས་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ་བཅས། རྒྱ་གར་འཕགས་ཡུལ་ནས་ཀིརྟི་སྤྲུལ་མིང་པས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༣ ལ་ཕུལ།
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགོངས་ཕྱོགས་འདི་གཞན་དང་མ་འདྲ་བ་ཞིག་ཡིན་ཟོ་འདུག་སྟེ། རྒྱ་དམར་བོང་བུ་དང་འདྲ་བ་འདི་ཚོའི་རྣ་བར་གསེར་བླུག་པ་དང་། བཙོག་པ་བླུག་པར་ཁྱད་པར་ཡེ་ནས་མེད་པས་རིན་པོ་ཆེས་གསུང་སྐུལ་བྱིན་ཆེན་དེ་ཐང་སྟིང་དུ་གཡུག་རྒྱུ་ལས་གཞན་མེད། ཡག་པོ་གཟིགས་ཨ། གཙོ་བོ་རང་རེ་བོད་མི་འདི་ཚོ་འཕྲལ་ཡུན་ཡ་ང་བའི་གནས་སྟངས་འདི་ལྟ་བུ་ལས་མྱུར་དུ་གྲོལ་ནས་གཏན་བདེ་རང་བཙན་གཙང་མའི་རྒྱལ་སར་འགོད་པའི་སྨོན་ལམ་དང་གདུང་ཤུག་བཅས། ཨ་རི་ནས། བོད་རྒྱལ་ལོ།
བཟང་གི་ཁོང་གིས་གསུངས་པ་གཞན་ཞིག་གིས་བྲིས་པ་ཤིག་རེད། རྔ་བ་ཕྲིས་རྔ་པ་མ་བྲི་རོགས།
མིང་ཙམ་ལ་མ་བལྟ་དོན་དང་དཔྱོད་རྔ་མ་ཡོད་དགོས།
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གནང་སྟངས་འདིས་གཞིས་ལུས་མི་དམངས་ལ་སེམས་ཤུགས་འཕར་མ་ཞིག་སྤེལ་ཐུབ་པར་མ་ཟད། ཤི་བོའི་འདས་མཆོད་དང་གསོན་པོའི་རེ་བའང་འདི་ལས་ཡོད་མི་སྲིད་ན། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཀིརྟི་བློ་བཟང་བསྟན་འཛིན་མཆོག་གིས་འདི་ལྟར་འཕྲིན་ཡིག་གནང་བ་ནི་འོས་ཤིང་འཚམས་པ་ཞིག་རེད། གང་གི་སྐྱོང་ཡུལ་ནས་ཚེ་སྲོག་རིམ་བསྟུད་དུ་བློས་གཏོང་གནང་བཞིན་པ་འདི་དག་གི་དམིགས་འདུན་གསོན་པོ་གཞན་ཞིག་ནི་སྐུ་ཉིད་རང་ཡུལ་དུ་ཆིབས་བསྒྱུར་གནང་རྒྱུའི་ཆེད་དུའང་རེད། གནས་སྟངས་ཛ་དྲག་ཅན་གྱི་སྐབས་འདིར། གོང་གི་ཕྱག་བྲིས་ནང་རྒྱ་མིའི་བྱེད་ཕྱོགས་ཀྱི་བློ་ཁ་མི་བཀང་བ་སྤྱི་སྦོམ་ཙམ་ལས། ས་གནས་ས་ཐོག་ཏུ་བོད་མི་ཚོས་མངོན་འདོད་གང་ཞིག་གསུང་ནས་ཅི་ལྟར་ཚེ་སྲོག་བློས་གཏོང་བཞིན་པའི་གནས་ཚུལ་གསལ་ཞིང་གསལ་བ་ཞིག་བཀོད་མི་འདུག་པས། ཕྱག་འཕྲིན་འདི་དངོས་དོན་མིག་ངོར་བཤམས་རྒྱུ་ལས་གཞུང་ལུགས་ཀྱི་ཤེད་ཤུགས་ཆེན་པོས་ཁེངས་འདུག། དེ་ལས་སྐྱོང་ཡུལ་མི་མང་གིས་ཞི་རྒོལ་གནང་དུས་མངོན་འདོད་གང་ཞིག་ཁྱེར་གྱི་ཡོད་མེད་སོགས་བབ་དོན་ཞིབ་མོར་འགོད་ཐུབ་ན་དེས་དགེ་མཚན་མི་ཆེའམ་བསམ་པས་རྨོངས་འཆར་ཙམ་དུ་གུས་བས་ཕུལ།
རྔ་པས། རྔ་བརྡུང་བགྱིད། བྱེས་པས། བློ་འཁྲབ་རོགས་ གནོངས་།
བློ་བྲོ་ལ་བཅོས།
ཤར་ཕྱོགས་ཁུག་རྟས་རྔ་པ་མི་མང་གི་མངོན་འདོད་ཆ་ཚང་གསུང་འཕྲིན་འདིའི་ནང་འཁོད་དགོས་ཟེར། ངས་བལྟས་ན་དེ་དགོས་དོན་མེད། གང་ཡིན་ཞེ་ན། རྔ་པ་མི་མང་གི་མངོན་འདོད་རྒྱ་གཞུང་གིས་མ་ཤེས་པ་མ་རེད། ཚང་མ་ཤེས་ཀྱི་ཡོད་པ་རེད། ཤེས་ཀྱང་སྒྲུབ་ཀྱི་མེད་པ་རེད། གསུང་འཕྲིན་འདིའང་རྔ་པ་མི་མང་གི་མངོན་འདོད་རྒྱ་གཞུང་ལ་ཞུ་བའི་སྙན་ཞུ་རེད་མི་འདུག འདི་ནི་དྲག་གནོན་མཚམས་འཇོག་ཡོང་བའི་འབོད་སྐུལ་ཡི་གེ་ཞིག་རེད་འདུག དྲག་གནོན་མ་བྱེད། མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེར་མ་གཏོང། དེ་བཏང་ན་སྤྱི་ཚོགས་འཆམ་མཐུན་ཡོང་གི་མ་རེད། ཅེས་དྲག་གནོན་མཚམས་འཇོག་ཡོང་ཐབས་གསུང་གི་ཡོད་པ་རེད།
དྲག་གནོན་མཚམས་འཇོག་ཡོང་དགོས་ན། དྲག་གནོད་བྱས་པ་ནོར་འདུག་ཚུལ། མི་མང་གི་མངོན་འདོད་དེ་རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁ་རུ་འཕང་ནས་གསུང་ན་འོས་པོ་འདུག་ཅེས་པ་དེ་ངའི་བསམ་ཚུལ་ཡིན། དེ་ནས་ད་ལྟ་བྱུང་བཞིན་པའི་མངོན་འདོད་དེ་དག་ཚིག་འགྲོས་ཇི་བཞིན་བཀོད་ཐུབ་ན་དེ་གསོད་ཉམས་ལྡན་པ་ཞིག་ཡོང་གི་རེད་བསམ་པ་ཙམ་ཡིན། འགྲིག་མེད་ན་དགོངས་དག མཁས་བླུན་ཀུན་ལ་འགྲིག་མེད་ན་དེ་བས་ཀྱང་དགོངས་དག་ཞུ་རྒྱུ་ཡིན།
རྔ་བ་མི་མང་གི་མངོན་འདོད་དང་། རྔ་བ་མི་མང་དྲ་གནོན་མཚམས་འཇོག་དགོས་པ་གང་ཡིན་རུང་བརྒྱུད་བསྒྲགས་ཀྱི་ཁ་ཕྱོགས་སུ་རྒྱལ་སྤྱིའི་གསལ་ལམ་ཁག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་སུ་མཉམ་འབྲེལ་བྱས་ན་དོན་དངོས་ཐོག་རྔ་བ་མི་མང་ལ་ཤ་ཚ་བ་ཞིག་གི་ཕན་ཐོག་འབྱུང་སྙམ།