ད་ལོར། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་གཙོས་པའི་འཛམ་གླིང་གང་སའི་གཞུང་སྒེར་ཚོགས་སྡེ་དང་། མི་སྒེར་མང་པོས་མ་སྐུལ་དྭང་བླང་གི་སྒོ་ནས་༸གོང་ས་མཆོག་གིས་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་གོ་སྒྲིག་ཞུས་དང་ཞུ་བཞིན་པའི་ངང་ཚུལ་འདི་ནི། ད་ཕན་གྱི་འཁྲུངས་སྐར་སྲུང་བརྩི་དང་རྦད་དེ་ལོགས་ཀ་རེད། རྣམ་པ་དང་ནང་དོན། མཛད་རིམ་ཚང་མ་ལོགས་ཀ་རེད། ཡིན་ནའང་དེ་རིང་ངས་དེ་ཚོའི་སྐོར་ཆ་ཚང་གླེང་གི་མེད། བཞུགས་སྒར་ནས་བོད་ཚེས་ཀྱི་འཁྲུངས་སྐར་ཉིན་སྐུའི་གྱ་སྟོན་མཛད་སྒོ་གོ་སྒྲིག་སྐབས་ལ་བཀྲམས་པའི་མཛད་རྣམ་དེབ་ཀྱི་སྐོར་གླེང་འདོད་སོང་།
དེ་ནི་འཁྲུངས་རབས་ནོར་བུའི་ཕྲེང་བ་གླེགས་བམ་༼དགུ་པ༽་དང་༼བཅུ་པ༽་གཉིས་ཏེ། ༼འཕགས་མཆོག་འཇིག་རྟེན་དབང་ཕྱུག་རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱི་ཆོས་སྲིད་ཀྱི་མཛད་པ་དུ་མ་ལས་བརྩམས་པའི་རྣམ་པར་ཐར་པ་ཅུང་ཙམ་བརྗོད་པ་གྲུ་འཛིན་ཞིང་གི་ཉིན་བྱེད་ཅེས་བྱ་བ༽གླེགས་བམ་སྟོད་སྨད་གཉིས་ཡོད་པ་འདི་ཡིན།
༼འབྲི་དགོས་ན་ཤེས་དགོས། ཤེས་དགོས་ན་འཚོལ་དགོས། དེ་ལ་ཉམས་ཞིབ་ཟེར། རྙེད་པ་ཐམས་ཅད་འབྲི་མི་རུང་ཡང་། གང་བྲིས་པའི་རྒྱབ་མདུན་གཉིས་ཀ་རྟོགས་དགོས་པ་ཉམས་ཞིབ་པའི་རྩ་དོན་རེད།༽ཅེས་རྩོམ་པ་པོའི་གཏམ་གྱི་ནང་ལ་བཀོད་འདུག འདི་ནི། སྤྱིར་རྩོམ་འབྲི་མཁན་དང་། སྒོས་སུ་ཉམས་ཞིབ་བྱེད་མཁན། དེ་བས་ཀྱང་དེབ་རྩོམ་མཁན་དང་སྒྲིག་མཁན་རྣམས་ལ་ཉམས་མྱོང་དང་ལག་ལེན་གཉིས་ཀ་རྨང་ལ་བཞག་པའི་ལམ་ཐིག་ལྟ་བུར་ཡང་འདུག དེབ་སྟོད་སྨད་འདི་གཉིས། ཁོང་གིས་བཙལ་ནས་ཤེས་པ་དང་། ཤེས་པ་ཉམས་ཞིབ་མཐིལ་ཕྱིན་གྱི་ལམ་ནས་བྲིས་འདུག་པའི་ཁྱད་ཆོས་ཆ་ཚང་ནི་ཀློན་མཁན་ཚོས་བཀླགས་ན་ངོ་འཕྲོད་འོང་བ་ཞིག་ཡིན་སྟབས། འདིར་དེ་ལུགས་ཞིབ་ཀྱིས་གླེང་བའི་ངལ་བ་བྱ་རྒྱུ་མིན།
དེབ་འདི་རྩོམ་མགོ་འཛུགས་དུས་དང་། ལེགས་འགྲུབ་བྱུང་བའི་བར་ནི་ལོ་གཅིག་ཡས་མས་ཀྱི་དུས་ཡུན་རེད་དེ། ལོ་གཅིག་ཙམ་གྱི་དུས་ཡུན་ནང་དེར། དེབ་དང་ཚགས་པར་མང་པོའི་ནང་གི་སྙིང་དོན་རིགས་ཚུར་ལེན་དང་། དོན་གནད་རེ་རེ་ཞིབ་ནན་གླེང་བའི་རིམ་པ་ལ་བསམས་ན། བཙལ་རྙེད་དང་ཉམས་ཞིབ། འབྲི་རྩལ་གསུམ་ག་གཅིག་ལ་གཅིག་འགྲན་གྱིས་ཡིད་དབང་འཕྲོག་པ་ཞིག་འདུག
སྤྱིར་བཏང་ཁོང་གི་རྩོམ་བྲིས་རྣམས་བཀླགས་པ་ཡིན་ན། ཐུན་མོང་མ་ཡིན་པའི་འབྲི་རྩལ་ཧ་ཅང་འཁྱུག་ཉམས་དོད་པོ་ཞིག་ཡོད་པ་དང་། བཙན་བྱོལ་ནང་ན། སྒེར་གྱི་འབྲི་སྟངས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྒེར་ལ་དབང་མཁན་ཤིན་ཏུ་ནས་ཉུང་ངུ་ཞིག་ཡོད་པའི་ནང་གིའང་འབུར་ཐོན་གྲས་ཡིན། ནང་སྒོས་སུ་ད་རེས་ཡིག་རིགས་གཞན་ནས་གོང་ས་མཆོག་གི་གསུང་དུམ་བུ་མང་པོ་དང་། འབྲེལ་ཡོད་དེབ་མང་པོ་ནས་དུམ་ཚན་མི་ཉུང་བ་ཞིག་བོད་ཡིག་ནང་བསྒྱུར་འདུག་པའི་ཚིག་འགྲོས་དེ་དག་ནི་སྙན་འཇེབས་ལྡན་པ་ཞིག་རེད།
དོན་དག་གཅིག་རང་བཤད་ནས་མཇུག་སྡོམ་བརྒྱབ་ན། ༼་་་ད་ཕན་གོང་ས་མཆོག གི་བཀའ་སློབ་ལམ་སྟོན་རྣམས་ཡིག་ཐོག་ཏུ་ཕབ་སྟེ་འགྲེམས་སྤེལ་བྱེད་མཁན་ནུབ་ཕྱོགས་ཀྱི་མགོ་སེར་བ་ཤ་སྟག་རེད། བོད་པའི་ནང་ནས་དམིགས་བཀར་རིགས་གཅིག་རྐང་འཛིན་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་དང་མཛད་པ་འཕྲིན་ལས་ལ་དོ་སྣང་བྱེད་མཁན་དཀོན་པོ་རེད༽ཅེས་གསུངས་པ་ལྟར། བོད་ཡིག་ནང་བསྒྱུར་བ་ཁག་ཅིག་ཡོད་པ་ལས་གཞན་བྱིངས་ནི། བོད་ཡིག་ཁོ་ན་ལས་མི་ཤེས་མཁན་བདག་དང་འདྲ་བ་ཚོར་མཚོན་ན། ལོངས་སུ་སྤྱོད་ཐུབ་ཀྱིན་མེད། ད་རེས་རྒན་ཤེས་རབ་དར་རྒྱས་ནས་ཡིག་རིགས་གཞན་གྱི་ནང་༸གོང་ས་མཆོག་གིས་དངོས་སུ་བཀའ་གནང་བ་དང་། འབྲེལ་ཡོད་ཁག་གིས་མཛད་རྣམ་དང་འབྲེལ་བའི་གནད་འགག་ཅན་མང་པོ་གསུངས་པ་དག་ལས་གནད་ཅན་རིགས་བོད་བསྒྱུར་གནང་ནས། རྣམ་ཐར་གསར་རྩོམ་གནངས་འདུག་པ་འདི། ད་ལྟ་ཕན་ལ་བོད་ཡིག་ནང་ཐོན་པའི་རྣམ་ཐར་དེབ་དག་གི་ནང་ལ། ཧ་ལམ་སླེབས་ཐུབ་མེད་པ་ལྟ་བུ་ཆགས་ཡོད། མདོ་དོན། དེབ་འདི་བཀླགས་པས་དོན་གནད་མང་པོ་ཞིག་གི་ཕྱི་ནང་གསལ་པོ་རྟོགས་ཐུབ་པར་འདུག་སྟབས། ངེས་པར་བཀླགས་དགོས་པའི་དེབ་ཅིག་རེད་ཅེས་ཞུ་སྙིང་སྤྲོ་ནས་ཞུ་ཡི་ཡོད་ལགས།
ཧེབ་ལངས་བྱུང་་་་་་་་་་་་་་
༧གོང་ས་མཆོག་གི་མཛད་རྣམ་འདི་དྲ་ཐོག་ནས་ཀློགས་རྒྱུ་ཡོད་དམ། ཤེས་མཁན་ཡོད་ན་གསུང་རོགས་ཞུ། ལྟ་འདོད་དབྱར་ཁའི་ཁ་སྐོམ་པ་བཞིན་འདུག །
ཁ་ཉིན་རྡ་སར་གྱ་སྟོན་སྐབས་སུ་གནད་ཡོད་མི་སྣ་དག་ལ་འགྲེམས་བཞིན་འདུག གང་ན་བཙོང་རྒྱུ་ཡོད་མེད་མ་ཤེས། མདོ་སྨད་དབུས་རྒྱུན་ནང་ལ་གཅིག་བྱས་ན་ཡོད་སྲིད།