ཡོང་ཁུངས། རྒྱལ་བ་རིན་པོ་ཆེའི་དྲ་རྒྱ
ཕྱི་ལོ་༢༠༡༤ ཟླ་༨ ཚེས་༢༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་གྲོང་ཁྱེར་ཧམ་བྷར་གྷ་རུ་ཡུ་རོབ་རྒྱལ་ཁབ་ཁག་ནས་གསུང་ཆོས་ལ་ཆེད་བཅར་ཞུས་པའི་བོད་རིགས་༦༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གིས་བཀའ་སྩལ་དོན། ངོས་རང་འཇར་མན་དུ་ཡོང་བ་དང་སྟབས་བསྟུན། དེ་རིང་ཁྱེད་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད།
སྤྱིར་བཏང་རྒྱ་བོད་ཀྱི་གནས་སྟངས་ལ་མཚོན་ན། གཙོ་བོ་རྒྱ་ནག་ནང་འགྱུར་བ་འགྲོ་དང་འགྲོ་མུས་རེད། ཡིན་ཡང་རྒྱ་ནག་རང་ཉིད་ཀྱི་ཕུགས་རྒྱང་རིང་པོའི་ཁེ་ཕན་ལ་བལྟས་ན། ད་ལྟའི་འགྲོ་སྟངས་འདིས་རྒྱ་ནག་ལ་གནོད་རྒྱུ་མ་གཏོགས་ཕན་ཐོགས་མེད་པ་ཧ་ཅང་གསལ་པོ་རེད། དཔེར་ན། དེང་སྐབས་རྒྱ་ནག་ནང་ཧ་ཅང་རྙོག་གྲ་ཆེན་པོ་ཡོང་གི་འདུག ཁྲིམས་ཀྱིས་དབང་བསྒྱུར་དང་ཕྱི་གསལ་ནང་གསལ་མེད་སྟབས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། དེར་བརྟེན་འགོ་ཁྲིད་ཚོས་ཀྱང་བསམ་བློ་གསར་པ་ཞིག་གཏོང་དགོས་པའི་མཚམས་ཤིག་ལ་བསླེབས་ཡོད།
ང་ཚོས་མི་ལོ་དྲུག་ཅུ་ལྷག་རིང་དཀའ་ངལ་མྱངས་ཀྱང་སེམས་ཤུགས་མ་ཆག་པར་བསྡད་ཡོད། འཐབ་རྩོད་ཡང་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་བྱམས་དང་སྙིང་རྗེ་ཉམས་ལེན་ཐོག་ནས་བདེན་པའི་འཐབ་རྩོད་བྱས་དང་བྱེད་མུས་རེད། དེང་སྐབས་འཛམ་གླིང་ཐོག་བོད་དོན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཚོས་བོད་དོན་ལ་སེམས་ཁུར་བྱེད་བཞིན་ཡོད། དེར་བརྟེན་ང་ཚོ་ཚང་མས་སྔར་བཞིན་སེམས་ཤུགས་མ་ཆག་པར་སྡོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ཏེ་མི་ལོ་ ༥༥ ལྷག་གི་རིང་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལྷག་བསམ་དང་སྙིང་སྟོབས་འགྱུར་བ་མེད་པར་བསྡད་ཡོད། མི་རབས་བརྗེ་འགྲོ་བཞིན་ཡོད་ཀྱང་མི་རབས་གསར་པ་ཚོ་སེམས་ཤུགས་ཧ་ཅང་ཆེན་པོ་དང་མི་རིགས་ཀྱི་ཞེན་ཁོག་ཡག་པོ་འདུག ང་ཚོས་རང་ཉིད་ཀྱི་མི་རིགས་ལ་ཞེན་ཁོག་བྱེད་རྒྱུ་དེ་རྒྱུ་མཚན་ལྡན་པ་ཞིག་རེད།
སྤྱིར་བཏང་འཛམ་གླིང་འདིའི་ཐོག་མི་རིགས་འདྲ་མིན་མང་དག་ཅིག་ཡོད། མང་ཆེ་བ་ཞིག་ལ་ཡི་གེ་མེད། ང་ཚོ་བོད་པ་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་ཡིན་པ་མ་ཟད། རང་ཉིད་ལ་ཡི་གེའང་ཡོད། ལྷག་པར་དུ་དེང་སྐབས་དངོས་ཡོད་ཀྱི་གནས་ཚུལ་ལ་འཛམ་གླིང་འདིའི་ཐོག་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་ཡོངས་སུ་རྫོགས་པ་ལ་འགྲེལ་བཤད་བོད་ཡིག་ཁོ་ནས་རྒྱག་ཐུབ་ཀྱི་རེད་མ་གཏོགས་རྒྱ་ཡིག་སོགས་ཀྱིས་རྒྱག་ཐུབ་ཀྱི་མི་འདུག ལེགས་སྦྱར་སྐད་ཡིག་ནི་མཁས་དབང་རེ་ཟུང་གིས་མ་གཏོགས་བེད་སྤྱོད་གཏོང་རྒྱུ་མེད་པ་ཆགས་ཡོད།
དེར་བརྟེན་འཛམ་གླིང་འདིའི་ཐོག་དཔལ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འགྲེལ་བཤད་རྒྱག་པ་ལ་བོད་ཡིག་ཡག་ཤོས་ཆགས་ཡོད། དེ་ནི་ང་ཚོའི་གཟི་བརྗིད་དང་མི་རིགས་ཀྱི་སྤོབས་པ་ཞིག་རེད། ང་ཚོ་ས་མཐོན་པོར་རྩམ་པ་ཟས་ནས་འཁུམས་ཏེ་སྡོད་མཁན་ཞིག་རྩ་བ་ནས་མིན། དེ་བཞིན་ཁྱེད་རང་ཚོ་གཞོན་སྐྱེས་ཚོས་བོད་སྐད་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཉིན་རེའི་འཚོ་བའི་ཁྲོད་བོད་སྐད་དེ་ཙམ་བེད་སྤྱོད་དང་ཕན་ཐོགས་མེད་པ་ལྟ་བུ་རེད། འོན་ཀྱང་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་གཙོ་བོ་ཕྱོགས་གཅིག་ནས་སོ་སོའི་སྐད་ཡིག་ཆགས་ཀྱི་ཡོད།
གཉིས་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་ན་བོད་སྐད་མ་སྦྱང་པར་ཐབས་ལམ་གཞན་མེད། དེར་བརྟེན་གཞོན་སྐྱེས་ཚོས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱས་པ་རེད། ད་དུང་ཡིན་རུང་སྔར་ལྷག་འབད་བརྩོན་བྱེད་དགོས། བཙན་བྱོལ་དུ་ཡོད་མཁན་བོད་མི་མང་ཆེ་བས་བོད་སྤྱི་པའི་ལས་དོན་མ་བརྗེད་པར་ཕྱར་གྲུ་མཉམ་འདེགས་ཐོག་བོད་པ་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་ནས། རང་ཉིད་ས་ཕྱོགས་གང་དུ་གནས་ཡོད་རུང། བོད་ཀྱི་མཚན་ཤས་ལ་རྒྱར་གནོད་པའི་ལས་ཀ་མ་བྱས་པར་ཡོད་པ་ལ་ཡི་རང་བསྔགས་བརྗོད་ཡོད། འོན་ཀྱང་དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་རིགས་གཞོན་སྐྱེས་རེ་ཟུང་གིས་ཆང་རག་དང་རྒྱན་རྩེད་སོགས་ལ་རོལ་གྱི་ཡོད། གནས་ཚུལ་དེ་དག་ལ་ང་ཚོ་ཚང་མས་གཟབ་གཟབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཅེས་སོགས་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་རེད། །
འབྲེལ་ཡོད་གསར་འགྱུར།
http://www.rfa.org/tibetan/sargyur/hhdl-gives-chenrezig-initiation-in-hamburg-08262014104426.html
བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས།
༧གོང་ས་སྐྱབས་མགོན་མཆོག་གི་སྐྱབས་འཇུག་བྱིན་རླབས་གདུགས་དཀར་པོའི་འོག་ཏུ་ཚུད་པ། རང་ཅག་བོད་རིགས་ཚང་མས་བོད་སྐད་སྦྱོང་བ་དང་། བོད་སྐད་སྦྱངས་ཏེ་འབྲི་བ་པོ་རྣམས་ཀྱིས་བོད་སྔར་གྱི་མཁས་པས་བཀོལ་སྤྱོད་བྱས་པའི་ཡི་གེའི་དག་ཆ་རྣམས་བཀོལ་སྤྱོད་ཡོད་པ་གལ་ཆེ།
༧སྐྱབས་མགོན་གོང་ས་རིན་པོ་ཆེའི་བཀའ་སློབ། ཞལ་གདམས་བོད་པ་ཙམ་ལྟ་ཅི། སྨྲ་ཤེས་དོན་གོ་བ་དག་གིས་ལག་ལེན་དུ་བསྟར་ན། རང་ཉིད་ཡ་རབས་མཐོན་པོར་འཛེགས་ཐུབ་ཞུ་ག་ལ་དགོས།
གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་མགྲན་དུ་མེད་ཀྱང་དོལ་ཚོགས་ནས་ཐལ་ཚུབ་རྒྱབ་མེད་འགྲོ
༧གོང་ས་མཆོག་ནས་གང་དུ་ཕེབས་སར་འདྲེ་དེའི་སྐོར་ལ་མ་གསུང་ན་ཁོང་ཚོ་གཅིག་པོས་ཐལ་ཚུབ་རྒྱབ་ཐུབ་ཀྱི་མ་རེད་
གལ་སྲིད་རླུངས་པོ་ཡོད་ས་གང་དུ་ཐལ་བ་གནམ་ལ་ཕྱར་ན་དེ་ལ་ཐལ་ཚུབ་ལངས་རྒྱུ་ཆོད་ཉིད་རེད་ གནས་དོན་དེས་ང་ཚོ་བོད་
ཚང་ལ་མ་སྐྱིད་པ་ཞིག་བཟོ་བཞིན་འདུག་
ཁྱད་མཚར་རེད། གངས་རིན་པོ་ཆེ་རྒྱ་གར་གྱི་ལྟ་གྲུབ་ཁག་གི་འབྱུང་ཁུངས་ཡིན་པ་ཚིག་གཅིག་མི་གླེང་པར་རྒྱ་གར་ནས་ཅིག་ཅིག་མུག་མུག་ལབ་ཀྱིན་པ་འདིར་ཉོབ་སོང་།
རྒྱ་གར་གི་རིག་གཞུང་གངས་རིའི་རྒྱུད་ནས་མར་ཆད་ཚུལ་བོད་པ་ཚང་གི་ག་བ་
ལབ་ཀྱི་རེད། དེ་ལབ་གཏོང་ན་བོད་པ་ཚང་གི་རུལ་དྲི་ཁ་བའི་སྒྱེ་སྣོད་དེ་ཁ་ཕྱེས་
གཏང་ནི་མ་རེད་བས། དེ་མ་ལབ་ན་བཟང་གསང་བ་ཕྱི་ལ་ཤོར་ཡོང།
xxx ད་ཁག་མེད་། མི་ངན་ཁྱོད་ཚོ་ཉོབ་ཀྱི་རེད། ད་དུང་མུ་མཐུད་ནས་ཉོབ་ཡ་མ་གཏོགས་མེད་པ་རེད།
ནད་འབུ་ལྟ་བུའི་འཚེ་ཅན་དེ་ཚོར་གསལ་བཤད་མུ་མཐུད་དུ་གནང་རྒྱུ་ནི་དགོས་ངེས་ཤིག་རེད། ལྷག་པར་དུ་གནས་ལུགས་རྒྱུ་མཚན་ཡོད་པའི་ཐོག་ནས་གསལ་བཤད་གནང་རྒྱུ་དེ་ཧ་ཅང་གལ་ཆེ། དེ་ནི་རྣམ་དཔྱོད་ལྡན་པའི་འགྲོ་བ་མིའི་ཐུན་མིན་ཁྱད་ཆོས་ཅིག་རེད།
རྒྱུ་མཚན་དང་གནས་ལུགས་ཀྱི་གསལ་བཤད་མི་འཕེར་བའི་བྱ་སྤྱོད་སྤེལ་མཁན་ནད་འབུ་དེ་ཚོས་བོད་མི་མང་གི་སྙིང་ཁམས་ལ་སོས་མེད་རྨ་ཁ་ཞིག་དང་། རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེར་རྒོལ་བ་ཇི་བཞིན་ཁོ་ཚོའི་རང་མདོག་ངན་པ་ཕྱིར་མངོན་ཙམ་ལས་ཅི་ཡང་མ་མཐོང་།