སྣྲོན་ངག་ཁྲི།
༡༽གང་གི་ཐུགས་བརྩེས་སྙིགས་དུས་འགྲོ་རྣམས་ལ།།
ཉེ་བར་གཟིགས་ཏེ་གངས་ལྗོངས་ཡངས་པའི་ཞིང་།།
མདོ་སྨད་ཙོང་ཁའི་ས་ཡི་ཐིག་ལེ་རུ།།
སྐུ་ཡི་ཕྲེང་བའི་དཔགས་བསམ་ཡོངས་འདུ་འཁྲུངས།།
༢༽མཇལ་ན་མིག་གི་བདུད་རྩི་མཚན་དཔེ་ཡི་དཀྱིལ་འཁོར།།
ཐོས་ན་རྣ་བའི་བདུད་རྩི་ཚངས་དབྱངས་ཀྱི་ལེགས་གསུང་།།
དྲན་ན་ཡིད་ཀྱི་བདུད་རྩི་ཟག་མེད་ཀྱི་ཐུགས་མཆོག །
ཟླ་མེད་འདྲེན་མཆོག་སྲིད་འདིར་བརྟན་བཞུགས་འཚལ།།
༣༽མཇལ་བས་མིག་གི་བདུད་རྩི་མཚན་བཟང་གི་མཛེས་སྐུ།།
ཐོས་ནས་རྣ་བའི་བདུད་རྩི་ཚངས་ཀྱི་ལེགས་གསུང་།།
དྲན་པས་ཡིད་ཀྱི་བདུད་རྩི་འོད་གསལ་གྱི་ཐུགས་མཆོག །
སྐལ་བཟང་༸རྣམ་འདྲེན་༸རྒྱལ་དབང་མཛད་བརྒྱ་འདི་རྨད་བྱུང་།།
༤༽སྐུ་མཚན་བཟང་ཉིན་བྱེད་བོད་ནས་ཤར།།
གསུང་སྐལ་ལྡན་འོད་སྣང་ས་གསུམ་ཁྱབ།།
ཐུགས་སྤྲོ་དགས་དྲོ་སྐྱིད་འགྲོ་ལ་སྩལ།།
༸མགོན་པད་དཀར་འཆང་མཛད་སྣང་བྱེད་རྒྱལ།།
༥༽གང་དག་གཞན་ཕན་མཐའ་དག་རབ་བསྐྱངས་ནས།།
མཚན་སྙན་བྱ་དགའ་མང་དག་རྟགས་མར་བཅས།།
ཕྱག་ཞགས་འདབ་མར་མཐའ་དག་རབ་བཀངས་པས།།
ས་ཡང་ངལ་ནས་འདར་ལ་ཁད་དང་འདྲ།།
དཔེ་ཡག་པོ་འདུག། རྗེས་སུ་ཡི་རངས་ཡོད་དོ། སྐུ་ཡི་ཕྲེང་བའི་དཔགས་བསམ་ཡོངས་འདུ་འཁྲུངས།། ཅེས་པ་འདི་ཡག་པོ་གོ་ཐུབ་ཀྱི་མིན་འདུག། ཡོངས་འདུ་ཟེར་ན་གང་ལ་གོ་དགོས་སམ།
ཡག་པོ་འདུག་་་རྗེས་སུ་ཡི་རང་ཡོད།
སྙན་ངག་གི་སྐོར་ནས་ཞུ་རྒྱུ་ཅང་མེད།
༼དཔགས་བསམ་ཡོངས་འདུ༽ཞེས་པ་འདིའི་སྐོར་ནས་དྲ་གྲོགས་ཚོས་ལན་ཞིག་གནང་རོགས། ཡང་སྙིང་དཔགས་བསམ་ཤིང་ཟེར་བ་དེ་གང་ཤིང་གང་འདྲ་ཞིག་ཡིན་པ་དང་། གང་དུ་འཁྲུངས་པ། ཡིག་རིགས་དང་སྐད་ཡིག་གཞན་དུ་ཅི་ཟེར་བ་སོགས་ཁ་གསལ་རེ་གསུང་རོགས་ཞུ།
དེ་ལྟར་རྒྱུ་སྐར་ཕྲེང་བའི་དབུས་སུ་ཟླ་ཤེལ་འཛུམ་པའི་ལང་ཚོ་བཞིན།།
སྣ་ཚོགས་སྲིད་པའི་དབུ་སྐྱེས་དང་ནི་མི་ཕྱེད་སྙིམ་པའི་པད་ཚལ་དུ།།
མཐོང་གྲོལ་འཛུམ་ཞལ་དཀྱིལ་འཁོར་རབ་རྒྱས་མགོན་གང་འཕྲིན་ལས་ཟླ་མེད་པས།།
ནམ་ཞིག་ཞི་བདེའི་དཔལ་གྱི་ཕྱྭ་གཡང་འགུག་པའི་བསོད་ནམས་ལྷ་ཡིས་བསྐྲུན།།
སྙིང་རྗེ་སྒྲོན་མེ།
12/07/2011 21:38
མདོ་སྨད་ཡུལ་དུ་བལྟམས་པའི།།
ཛམྦུ་ཤིང་གི་མེ་ཏོག །
ཞི་བདེའི་འདབ་མ་རང་གྲོལ།།
འཛམ་གླིང་མཛེས་པའི་རྒྱན་རེད།།
གངས་རིའི་ར་བའི་ལྗོངས་ཀྱི།།
ཆོས་སྲིད་ཟུང་གི་དར་ཆ།།
ཉམས་མེད་མཁའ་རུ་བསྒྲེངས་མཁས།།
ཁྱེད་ནི་བོད་མིའི་སྐྱབས་མགོན།།
འཛམ་གླིང་རྒྱལ་ཁམས་ཀུན་ལ།།
བདེ་སྐྱིད་གསེར་གྱི་འཁོར་ལོ།།
འཚེ་མེད་དགེ་བས་བསྒྱུར་མཛད།།
ཁྱེད་ནི་ཞི་བདེའི་དེད་དཔོན།།
སྡུག་བསྔལ་མུན་པ་འཁྲིགས་པའི།།
ཉམ་ཆུང་སྐྱེས་འགྲོ་ཀུན་ལ།།
བྱམས་བརྩེ་འོད་སྣང་སྦྱིན་པའི།།
ཁྱེད་ནི་སྙིང་རྗེ་སྒྲོན་མེ།།
གངས་ལྗོངས་འགྲོ་བའི་མགོན་པོ།།
ལྷ་གཅིག་ཕྱག་ན་པདྨོ།།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།།
ཞབས་པད་བསྐལ་བརྒྱར་བརྟན་ཅིག
གང་གིས་གངས་ཅན་མགོན་པོ་ཡི།
སྐུ་ཡི་འཕྲེང་བ་དཔགས་བསམ་གྱི།
ལྗོན་པའི་གཟུགས་སུ་བཀོད་པས་མཛེས།
ཡོངས་འདུ་ཞེས་པ་དཔགས་བསམ་ཤིང་།། ༡ །།
ལྷ་ཡི་ཡུལ་ན་ཡོངས་འདུ་ཤིང་།
དེ་ལས་སྐྱེ་བོའི་འདོད་དགུ་འབྱུང་།
དེ་ལ་དཔག་བསམ་ཤིང་ཡང་བརྗོད།
མངོན་བརྗོད་འཆི་མེད་མཛོད་ན་ཡོད།། ༢ །།
འཆི་མེད་མཛོད་དེའི་མཛད་པ་པོ།
སྤྱི་ལོ་བརྒྱ་རབས་བཞི་པར་བྱུང་།
མིང་ལ་འཆི་མེད་སེང་གེ་ཟེར།
ཕྱི་ནང་གཉིས་ཀས་ཚད་མར་འཛིན།། ༣ །།
མངོན་བརྗོད་བསྟན་བཅོས་མཆོག་ཏུ་གྲགས།
ཆོས་རྗེ་ས་པཎ་ཚིག་གཏེར་དུ།
འདི་ནས་མིང་ཚིག་བླངས་པ་ཀུན།
ཚད་ལྡན་ཡིན་ཞེས་སི་ཏུས་བཞེད།། ༤ །།
འཆི་མེད་མཛོད་དེ་བོད་སྐད་དུ།
ཡར་ལུང་གྲགས་པ་རྒྱལ་མཚན་གྱིས།
བསྒྱུར་པ་བསྟན་འགྱུར་ནང་དུ་བཞུགས།
མིང་ཚིག་མང་པོ་མ་དག་ལུས།། ༥ །།
ཕྱིས་སུ་སི་ཏུ་པཎ་ཆེན་གྱིས།
འགྱུར་འདི་ཡོད་པས་སློབ་སྦྱོང་མཛད།
འདི་དང་འདི་ནོར་འདུག་ཅེས་ན།
རྩ་བ་ལས་ཀྱང་མང་འགྲོར་གཟིགས།། ༦ །།
འོན་ཀྱང་སྔར་འགྱུར་ཡོད་པ་དེས
གཞུང་དེར་སློབ་པར་འཇུག་པ་མཆིས།
སྔ་བསྒྱུར་བཀའ་དྲིན་ཐུགས་ལ་བཞག
རང་གིས་བསྟན་བཅོས་ཡོངས་རྫོགས་བསྒྱུར།། ༧ །།
འཆི་མེད་མཛོད་ཀྱི་རྩ་བ་དེ།
ལེགས་སྦྱར་བོད་སྐད་ཤན་སྦྱར་མཛད།
གོ་སླའི་ཕྱིར་དུ་འགྲེལ་པ་མཛད།
གླེགས་བམ་མཐོང་བ་སྐལ་པ་བཟང་།། ༨ །།
རྣམ་པ་ལྷན་རྒྱས་ཀྱིས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་གནང་བར་ཐུགས་རྗེ་ཆེ། ལྷག་པར་དུ་མཁྱེན་པའི་བདག་ཉིད་རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་
ཡོངས་འདུ་དཔགས་བསམ་གྱི་ཤིང་གི་བྱུང་བའི་སྐོར་ལུང་ཁུངས་དང་བཅས་པ་རྒྱས་བཤད་གནང་བར་ཐུགས་རྗེ་ཆེ། གུས་པས་ཡོངས་འདུའི་དཔགས་བསམ་གྱི་ཤིང་གི་སྐོར་སྨན་གཞུང་གི་ནང་རྩ་བ་ཀླུ་ཡུལ་དུ་འཁྲུངས་ཤིང་སྡོང་ལོ་མི་ཡུལ་དུ་རྒྱས་ནས་འབྲས་བུ་ལྷ་ཡུལ་དུ་སྨིན་པའི་སྐོར་གྱི་རང་རང་གི་བྱེད་ལས་མི་འདྲ་བའི་གོ་ཐོས་ཙམ་ལས་ཞིབ་ཕྲ་ཇི་ཡིན་གང་ཡང་མི་ཤེས་
པས་ཐུགས་རྗེ་ཆེ་རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས།
འཇམ་དཔལ་མཚན་ཅན་ལ་དྭགས་རྒན་ལགས་ནས།།
གཞན་ཕན་ལྷག་བསམ་དག་པས་རབ་གདམས་པར།།
དྲན་དབང་དག་ཀྱང་གནས་སྐབས་ངལ་མཛད་ན།།
ཐ་མལ་བདག་འདྲས་བསྔགས་ལ་གཞན་དབང་བྲལ།།
གུང་བྲན་གོ་མིན་ཏང་གཉིས་ལྟ་སྤྱོད་སྟེང་།།
འཚེ་མེད་དབུ་མའི་ཞབས་ཟུང་འཁོར་ལོ་ཆེ།།
རྩིབས་བརྒྱད་གང་དེ་བསྐྱོད་པའི་ཕྲིན་ལས་ཀྱིས།།
དམར་ནག་རྒྱ་ཡི་རྒྱུག་ཁྱིར་སྐྱེངས་པ་སྦྱིན།།
མ་གྱུར་སེམས་ཅན་དོན་གྱི་ཕྱིར། །
ཁྱོད་ནི་ནམ་ཡང་ངལ་མ་གྱུར། །
སེམས་ཅན་རྣམས་ཀྱང་ཁྱོད་ཀྱི་སླད། །
ཐུགས་ཀྱི་བཞེད་དགོངས་བསྒྲུབ་པར་མཚར། །
རྒན་འཇམ་དཔལ་ལགས་ཐུགས་རྗེ་ཆེ། རྒན་ལགས་ད་ལྟ་ག་པར་ཡོད་དམ།
སྔོན་བྱུང་དམ་པ་མཁས་རྣམས་ཀྱིས། །
ཡང་ནས་ཡང་དུ་གསུངས་པར་བཞིན། །
གལ་ཏེ་བྱང་མཆོག་སེམས་དཔའ་ཞིག །
ཡོད་ན་ཁྱོད་ལས་གཞན་ཅི་ཡོད། །
ཁ་བ་གངས་ཅན་ལས་ངན་ཡང། །
ལས་ངན་ནང་ནས་ལས་བཟང་ཅན། །
སངས་རྒྱས་འདྲ་བར་སྐྱབས་གནས་གང་། །
མངའ་བས་སྐལ་བ་བཟང་སྙམ་ཤར། །
སངས་རྒྱས་རྣམས་དང་ཉམ་ཐག་གང་ཟག་དག །
ཐར་ལམ་གནད་ལ་ནམ་ཡང་མཉམ་པས་ན།།
ད་ནས་རྒྱལ་བ་རྣམས་དང་མར་རྒན་དག །
འབད་པ་བརྒྱ་ཕྲག་ངང་ནས་དགའ་བས་བལྟ།།
ཀ་ནས་ཡང་དག་བླ་མ་གང་ལ། །
ཁ་བ་ལྟར་དཀར་དད་པ་ཕྲག་བརྒྱས། །
ག་ནས་བསམ་ཀྱང་མཛད་རླབས་ཆ་ཙམ་་། །
ང་ཅག་ལས་ངན་ཁ་བས་གཞལ་དཀའ། །
འདྲེ་རྐང་ཐོ་ལགས་ཀྱི་དབྱངས་ཨ་ངེས་པའི་ཀ་ཕྲེང་ལ་མཐུད་ནས་མུ་མཐུད་སྤེལ་རོགས་
གནང་།
ཅ་དག་བྱ་བར་རང་དབར་བདག་ལ་བྲལ།།
ཆ་ཤས་མཛད་བཟང་སྨྲ་ལ་ངག་རྒྱས་བསྡམས།།
ཇ་ཆང་དག་དང་གནས་སྐབས་མང་དག་ལ།།
ཉ་པས་འཕྲལ་ལ་ཆགས་ལྟར་བདག་ཀྱང་འདྲ།།
ཏ་ཐྰ་ག་ཏས་གང་བསྟན་ལམ། །
ཐ་དད་སྣ་མང་བདག་བཅས་ལ། །
ད་བར་ངལ་བས་བསྡམས་མཛད་པར། །
ན་ཡང་དད་པས་ཡང་ཡང་དྲན། །
པ་བ་སངས་ལ་འགྲན་པ་གང་།།
ཕ་མས་བཞག་པ་གང་དག་ལ།།
བ་ལང་རྣམ་པར་མ་ཤར་སླད།།
མ་ལ་ཡར་གནས་ཙན་དན་སྤར།
ཙྭན་དྲ་བ་དང་དབྱངས་ཅན་སྒྲ། །
ཚ་གྲང་ནད་བསལ་སྨན་དཔྱད་དང་། །
ཛ་ཡས་ཕན་མཛད་བཀའ་བསྟན་གནད། །
ཝལ་ཝལ་འཆར་སླད་ངལ་བས་འབད། །