རྨ་མགུར་སངས་རྒྱམ་གྱིས།
བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་མཆོག་ལ་སྤྱི་ལོ་༢༠༡༢་ལོའི་ཀྲེམ་པེལ་ཀྲོན་གཟེངས་རྟགས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་དང་གཟེངས་རྟགས་དེ་ལ་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་གྱི་མ་དངུལ་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་ཇོན་ཀྲེམ་པེལ་ཀྲོན་ཐེབས་རྩ་ཁང་གིས་སྤྱི་ལོ་༢༠༡༢་ལོའི་ཀྲེམ་པེལ་ཀྲོན་གཟེངས་རྟགས་དེ་སྤྱི་ཟླ་༥་ཚེས་༡༤་ཉིན་ལ་ཨིན་ཇིའི་རྒྱལ་ས་ལོན་ཏོན་དུ་༸གོང་ས་མཆོག་ལ་འབུལ་རྒྱུ་ཡིན་པར་གསལ་བསྒྲགས་མཛད་པ་དང་། གཟེངས་རྟགས་འབུལ་བཞེས་མཛད་སྒོའང་དེ་གའི་དྲྭ་ཚིགས་(www.templetonprize.org)་ཐོག་ཏུ་ཐད་ཀར་རྒྱང་བསྲིང་བྱ་རྒྱུ་ཡིན། གཟེངས་རྟགས་དེ་༸གོང་ས་མཆོག་ལ་འབུལ་དགོས་པའི་དམིགས་ཡུལ་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐུ་ཚེའི་གང་བོར་མིའི་ཚེ་སྲོག་གི་བདེན་པའི་རིན་ཐང་གསལ་བཤད་གནང་བ་དང་དུས་ཡུན་རིང་བོ་ཞིག་ནས་དེང་རབས་ཚན་རིག་གི་ནང་དོན་དང་སངས་རྒྱས་ཆོས་ལུགས་ཀྱི་བདེན་པའི་ཆོས་ཉིད་གཉིས་ཀྱི་བར་ལ་ཕན་ཚུན་གོ་རྟོགས་སྤེལ་རེས་གནང་ཞིང་། འཛམ་གླིང་གི་མིའི་རིགས་དང་ཕྱི་ཁོར་ཡུག་གི་རྣམ་པའི་རིན་ཐང་གསལ་རྟོགས་དང་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པར་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་འཇིག་རྟེན་ཀུན་ཁྱབ་ཀྱི་སྤྱོད་བཟང་བྱམས་བརྩེའི་ནུས་སྟོབས་གོང་སྤེལ་དང་། དེ་བཞིན་དུ་འཛམ་གླིང་དུ་གཞན་ལ་འཚེ་བ་མེད་པའི་ཞི་བ་དང་ལྟ་གྲུབ་མི་འདྲ་བའི་ཆོས་ལུགས་པ་ཕན་ཚུན་བར་དུ་གུས་ཞབས་དང་གོ་རྟོགས་མཐོར་འདེགས་བཏང་སྟེ་མཐུན་སྒྲིལ་མཉམ་གནས་མཛད་པའི་རླབས་ཆེན་གྱི་ཐུགས་ཁུར་ལ་ཆེས་མཐོའི་གཟེངས་རྟགས་འདིས་བསྔག་བརྗོད་མཛད་པ་ཞིག་ཡིན་པ་རེད།
༸གོང་ས་མཆོག་གིས་གནས་ཚུལ་དེ་གསན་དུས་ཨ་རིའི་ཇོན་ཀྲེམ་པེལ་ཀྲོན་ཐེབས་རྩ་ཁང་ལ་ཐུགས་རྗེ་ཆེ་ཞུ་བའི་འཚམས་འཕྲིན་ཞིག་བརྙན་འཕྲིན་བརྒྱུད་ནས་ཕུལ་ཡོད་པའི་ནང་དུ་བསྟན་དོན་ལ། ད་རིང་ངོས་ལ་སྙན་གྲགས་ཆེ་བའི་ཊེམ་པེ་ལེ་ཊོན་གཟེངས་རྟགས་གནང་རྒྱུའི་ཐག་གཅོད་གཏན་འཁེལ་གནང་བ་ཐོས་སྐབས་དེ་ནི་ངོས་ཀྱིས་འགྲོ་བ་མི་སྤྱིའི་བདེ་དོན་སླད་འཚེ་བ་མེད་པ་དང་། ལྟ་གྲུབ་མི་འདྲ་བའི་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་ཤེས་རྟོགས་ཀྱིས་མཐུན་སྒྲིལ་གོང་འཕེལ་ཡོང་ཐབས་བཅས་ལ་ཞབས་འདེགས་ཕྲན་བུ་ཞུས་པ་དེ་དག་ཁྱེད་རྣམ་པས་ངོས་འཛིན་གནང་བའི་མཚོན་རྟགས་ཤིག་ཡིན་པའི་སེམས་ཚོར་ཆེན་པོ་བྱུང་།
དེ་ཡང་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་ནི་ངོས་ཀྱི་མི་ཚེ་ཧྲིལ་པོར་གཡོལ་ཐབས་མེད་པའི་འགན་འཁུར་ཞིག་ཡིན། ད་དུང་ང་ཚོའི་འཛམ་གླིང་འདིའི་སྟེང་མིས་བཟོས་པའི་རྩོད་རྙོག་རྣམས་འཚེ་མེད་ཞི་བ་ཁོ་ནའི་ཐོག་ནས་གྲོས་མོལ་བྱས་ཏེ་སེལ་ཐབས་བྱེད་དགོས། ངོས་ཀྱིས་རྣམ་ཀུན་དུས་རབས་ཉི་ཤུ་པ་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་དུས་རབས་ཤིག་དང་། ཕྱོགས་གཞན་ནས་མི་གསོད་ཁྲག་སྦྱོར་ཆེ་བའི་དུས་རབས་ཤིག་ཆགས་ཡོད་ཅེས་བརྗོད་ཀྱི་ཡོད། གལ་ཏེ་དྲག་པོའི་ཐབས་ལ་བརྟེན་ནས་འཛམ་གླིང་གི་གནས་སྟངས་བཟང་དུ་འགྲོ་གི་ཡོད་ན་དེ་ལྟར་བྱེད་འོས་པ་ཞིག་ཡིན་རུང། འོན་ཀྱང་དེ་འདྲའི་གནས་སྟངས་ཤིག་ད་བར་བྱུང་མེད། དེས་ན་ང་ཚོས་མིའི་རང་བཞིན་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་སྔོན་བྱུང་ལོ་རྒྱུས་ནས་བསླབ་བྱ་ལེན་དགོས། ང་ཚོར་དཀའ་ངལ་གང་ཞིག་འཕྲད་པ་དེ་དག་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་བྱེད་དགོས། དེ་ནི་ངོས་ཀྱིས་གཞི་རྩའི་ཡིད་ཆེས་བྱེད་ཡུལ་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ངོས་རང་ས་ཕྱོགས་གང་དུ་བསྐྱོད་ཀྱང་གནད་དོན་དེའི་ཐོག་གོ་རྟོགས་སྤེལ་ཐབས་བྱེད་ཀྱི་ཡོད།
ད་རེས་ཁྱེད་རྣམ་པས་ངོས་ལ་གཟེངས་རྟགས་གནང་བ་འདི་ནི་ངོས་ཀྱིས་དོན་གནད་འདིའི་ཐོག་ཞབས་འདེགས་ཕྲན་བུ་ཞུས་པ་ཁྱེད་རྣམ་པས་ངོས་འཛིན་གནང་བ་ཞིག་ཡིན་པར་བརྟེན་ངོས་རང་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་། དེ་དང་དུས་མཚུངས་ང་རང་སྒེར་གྱི་ངོས་ནས། དེ་སྔོན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ངོས་ལ་གནང་རྒྱུའི་མིང་ཐོན་པའི་སྐབས་སུ་ངས་ང་ནི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པ་འདི་ལས་མཐོ་རུ་དང་དམའ་རུ་འགྲོ་རྒྱུ་གང་ཡང་མེད་ཅེས་ཞུས་པ་ཡིན། ད་ཐེངས་ཀྱི་གཟེངས་རྟགས་གནང་སྐབས་སུ་དེ་རང་ཡིན་ཞེས་ཞུ་རྒྱུ་ཡིན། ཡང་ཕྱོགས་གཞན་ནས་ད་རེས་ཁྱེད་རྣམ་པས་ངོས་ལ་གཟེངས་རྟགས་གནང་བ་འདིས་མི་མང་པོ་ཞིག་ངོས་ཀྱི་བསམ་ཚུལ་དང་གཏམ་བཤད་ལ་དོ་སྣང་ཆེ་རུ་འགྲོ་སྲིད་པས་དེས་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། ཁྱེད་རྣམ་པས་ངོས་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བསྩལ་ཡོད།།
རྨ་མགུར་ལགས་ལ་ཐུགས་རྗེ་ཆེ། ང་ཚོ་ལ་འདི་ལྟ་བུའི་སྟོང་ཆ་ཁ་གསེབ་བྱེད་མཁན་ཉུང་། ཁྱེད་ལ་དུས་ཁོམ་རེ་ཡོད་དུས་འདི་འདྲའི་ཞབས་ཞུ་རེ་ཅིས་ཀྱང་གནང་རོགས།
༧གོང་ས་མཆོག་ལ་གཟེངས་རྟགས་དེ་ལྟ་བུ་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུ།
གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ལེགས་ཉེས་འབྱེད་པའི་ཤེས་རབ་ལ་བསྟེན་ནས། འདི་ལྟ་བུ་འཐོབ་དགོས་ངེས་ཀྱི་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་མཆོག་ལ་ཕུལ་བར། ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།།
ཚེ་དཔག་མེད་མགོན་ལ་སོགས་ལྷ་ཚོགས་དང་།།
དམར་ཟོར་རྒྱལ་དང་ལྕམ་བྲལ་མཐུ་སྟོབས་ཀྱིས།།
ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱལ་མཆོག།
སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལྷུན་གྲུབ་ཤོག།
སྐུ་ཚེ་ཡུན་ཏུ་བསྲིངས་ཤིང་མཛད་འཕྲིན་གོང་ནས་དགུང་ལ་འཕེལ་བར་ཤོག རྟག་ཏུ་ཁྱེད་ཉིད་ལ་བཏུད་ཅིང་འདུད་ཀྱིན་རླབས་ཆེན་མཛད་འཕྲིན་ལ་བསྟོད་དོ།།