ཀ་མ་ལ་ཡི་འདབ་མ་ལྟར་མཛེས་དྲི་མེད་སྤྱན་དཀྱུས་རིང་པོ་ཡིས། །
ཁ་བ་ཅན་གྱི་སྐྱེ་འགྲོ་རྣམས་ལ་དུས་དྲུག་འཁོར་མོར་གཟིགས་པར་མཛད། །
ག་སར་རྟེན་འབྱུང་ཚད་མའི་གཏམ་གྱིས་འགྲོ་ཀུན་ཚིམ་པར་མཛད་པ་ཡི། །
ང་ཅག་གངས་ཅན་འགྲོ་བའི་བླ་མ་བསྟན་འཛིན་རྒྱ་མཚོར་སྤྱི་བོས་མཆོད། །
ཅ་མ་ཟིང་གི་གོ་ལ་ཧྲིལ་པོའི་འཇིག་རྟེན་འདི་ན་ལུགས་གཉིས་ཀྱི། །
ཆ་ཤས་མ་འདྲེས་རྣམ་པར་འབྱེད་པའི་ཟབ་གསུང་ལེགས་བཤད་སྙིང་པོ་ཡིས། །
ཇ་ཆང་འདོད་ཡོན་ཕལ་གྱིས་མྱོས་རྣམས་འདི་དང་ཕྱི་མའི་དོན་ཆེན་ལ། །
ཉ་ཁྱུ་བཞིན་དུ་དྲངས་པར་མཛད་པའི་ཐར་པའི་དེད་དཔོན་ཁྱེད་ལས་སུ། །
ཏ་ཐཱ་ག་ཏའི་ལུང་དང་རྟོགས་པའི་རྒྱལ་བསྟན་ཆོས་ཀྱི་འཁོར་ལོ་ནི། །
ཐ་མའི་དུས་འདིར་མགོན་པོ་ཁྱེད་ཀྱིས་རྫོགས་ལྡན་བཞིན་དུ་གསལ་བྱས་པས། །
ད་ནི་ང་ཅག་མགོན་དང་བཅས་ཞེས་ལྷ་མིར་བཅས་པ་དགའ་བའི་སྒྲ། །
ན་བུན་བཞིན་དུ་ཕྱོགས་བཅུར་འཁྲིགས་པས་ཨ་སྔོན་དགུང་ཡང་དོག་པོར་བྱས། །
པ་སངས་ལ་སོགས་རྒྱུ་སྐར་ཞིང་ཁམས་འཕྲུལ་གྱིས་གཞལ་བའི་སྔོན་ཐོན་པར། །
ཕ་ནོར་ལྷ་ཆོས་ཚུལ་གསུམ་རྟགས་ཀྱིས་ཕྱག་མཛུབ་རེ་རེས་ངོ་སྤྲད་པས། །
བ་གླང་ལས་ཀྱང་རྗེས་ལུས་པ་ཞེས་གཞན་གྱིས་སྨོད་པའི་མི་རིགས་འདི། །
མ་ལུས་འཛམ་གླིང་གོ་ལ་ཧྲིལ་པོར་དབུ་འཕངས་དགུང་སྔོན་མཐོངས་སུ་བཏེགས། །
ཙ་ལག་ཇི་བཞིན་རང་གི་མི་རིགས་རིག་གནས་བཅས་པའི་ཁྱད་ནོར་དག །
ཚ་གྲང་དཀའ་བ་བརྒྱ་ཕྲག་མ་ལུས་ཁྱད་དུ་གསོད་དེ་ཕྱོགས་ཀུན་ཏུ། །
ཛ་དྲག་མི་རིགས་ཆགས་འཇིག་དུས་འདིར་ཁྱེད་ཉིད་གཅིག་པུས་འཛིན་པ་ན། །
ཝ་སྐྱེས་སེང་གིར་རློམ་པ་འགའ་ཡི་སྙིང་ཡང་འགས་པར་ཁོ་བོས་མཐོང་། །
ཞྭ་ཡི་མདོག་ལས་རིས་སུ་ཕྱེ་བས་ཡོངས་རྫོགས་རྒྱལ་བསྟན་འོ་མའི་མཚོ། །
ཟ་ཟི་རྙོག་མའི་གཏམ་གྱིས་དཀྲུགས་ཏེ་ཁྲག་གི་ཐིགས་པ་ལྷུང་བ་ན། །
འ་འུར་ལུང་རིགས་ཉམས་མྱོང་ཚད་མས་ལྡོག་ཏུ་མེད་པའི་བཀའ་ཕབ་སྟེ། །
ཡ་མཚན་ངོ་མཚར་དག་སྣང་ནོར་འོད་གངས་ཅན་འཛིན་མའི་ཁྱོན་ལ་སྤྲོས། །
རྭ་ལོ་རྡོར་གྲགས་དངོས་སུ་སྣང་ཡང་ངུར་སྨིག་བརྟུལ་ཞུགས་ཆེད་དུ་བགོས།
ལ་ལུང་ཀུན་ཏུ་མཁས་གྲགས་རྒྱས་ཀྱང་ཡོན་ཏན་བུམ་ནང་མར་མེ་བཞིན། །
ཤ་ཚུགས་ཐ་མལ་གཟུགས་སུ་བསྒྱུར་ཡང་ངེས་དོན་ཁྱབ་བདག་གཤེན་རྗེའི་བཤེད། །
ས་སྟེང་འདི་ན་འགྲན་ཟླ་ཀུན་བྲལ་ཡབ་རྗེ་བསྟན་འཛིན་རྒྱ་མཚོར་འདུད། །
ཧ་ཅང་རྒྱ་ཆེན་ཁྱེད་ཀྱི་གསང་གསུམ་ནམ་མཁའ་ཁམས་སུ་མ་གཤོངས་པ། །
ཨ་རེ་གླེན་པ་བདག་ལྟ་བུ་ཡིས་བརྗོད་པར་འདོད་པ་སུས་མི་ཁྲེལ། །
ཨ་ཅང་དད་ཞེན་སྙིང་ལ་ཁོལ་བས་དབང་མེད་སུག་བྲིས་བགྱིས་པ་འདིས། །
ཧ་རི་ཙན་དན་ལྟ་བུའི་ཁྱེད་སྐུ་མི་འགྱུར་རྟག་ཏུ་བརྟན་པར་ཤོག །
ཅེས་པ་འདི་ནི་སེར་སྨད་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་ནས་རང་གི་ལས་ཞོར་དུ་བྲིས་པའོ། །
ཀ་ཕྲེང་ལམ་ནས་བདག་ཅག་མགོན་མཆོག་ལ།།
ཁ་བཤད་མེད་པའི་དད་ཚུལ་བསྟོད་མཁས་ཁྱོད།།
ག་ན་བཞུགས་ཀྱང་བསྟོད་མཁས་དད་ཚུལ་ལ།།
ང་ནི་ཡི་རང་བཅས་ཏེ་བསྔགས་པར་འདོད།།
ཀ་མ་ལ་འདྲའི་ན་ཚོ་བྱིས་པའི་དུས་ནས་བཟུང་། །
ཁ་བ་ཅན་གྱི་བསྟན་དང་འགྲོ་བའི་ཆབ་སྲིད་སླད། །
ག་སར་ཕེབས་པའི་སྐུ་ཡི་ངལ་བར་མི་འཛེམ་པའི། །
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོར་ཕྱག་འཚལ་ལོ། །
ཁ་བརྡ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས། ཁ་བརྡའི་ནང་འདྲེ་མགོ་རྡོ་ཟེར་བ་ཞིག་གིས་མཆན་བུ་འགའ་བཏབ་འདུག་པས། དེ་ང་འདྲེ་མགོ་རྡོ་ངོ་མ་མིན་ལ། མི་དེས་གཟས་ནས་ངའི་མིང་བེད་སྤྱོད་བྱེད་པ་འདི་མི་ནོར་ཆེད་མིང་གི་དབྱེ་འབྱེད་ཆེད་རྟགས་ཤིག་བསྐྱོན་རོགས་དང་། དེ་མིན་ཀླན་ཀ་འཚོལ་མཁན་དེ་བསུབ་རོགས་ཞུ།
ཀ་རྩོམ་སྙན་མོས་༧གོང་ས་མཆོག་ལ་བསྟོད་དགོས་ཀྱང་། །
ཁ་བ་ཅན་གྱིས་རྒྱལ་བའི་བཀའ་དགོངས་བསྒྲུབ་ནུས་ན། །
ག་བུར་ཙན་དན་བདུད་རྩིའི་དྲི་བསུང་ཞིམ་པ་ལྟར། །
ང་ཅག་བོད་འབངས་འཆི་སོས་སྨན་མཆོག་འདི་ཉིད་ཡིན། །
ཡང་ཡང་སོམས་དང་ཡང་སྟེང་སྤྲུལ་བའི་སྐུ། །
ཡང་སྟེང་བ་དང་ཕྱག་འཕྲེང་བ་སོགས་ཀྱིས། །
རྒྱལ་བར་རྒོལ་ཞིང་དོལ་རྒྱལ་བརྟེན་པ་འདི། །
གདོན་གྱིས་བརླམས་པ་མིན་ན་ཅི་ཞིག་ཡིན། །
ཀ་ཁ་ཙམ་ཡང་མི་ཤེས་ང་འདྲ་བས། །
ཁ་བའི་ལྗོངས་ཀྱི་ཆོས་སྲིད་མི་ཤེས་མོད། །
ག་ལེར་བསམ་ཚེ་༧རྒྱལ་མཆོག་བཅུ་བཞི་བས། །
ང་ཅག་བསྐྱངས་པའི་བཀའ་དྲིན་ངས་ཀྱང་ཤེས། །
ཀ་ཕྲེང་ཐབས་ཤེས་དབྱེར་མེད་མ་ཞེས་བྱ་བ།།
ཀ་མ་ལ་ཡང་དག་རབ་གནས་ནས།།
ཁ་བ་ཅན་པ་རྣམས་ལ་རབ་ཆགས་མཛད།།
ག་བ་ག་སར་མཚན་སྙན་རབ་འབར་མཛད་།།
ང་ཅག་བླ་མ་དམ་པར་རབ་འབྱམས་བསྔགས།།
ཅ་ལག་ཐབ་ཆགས་དག་དང་རབ་མཉམ་པར།།
ཆ་ཤས་གང་ས་གང་ལ་རབ་དམན་ཡང་།།
ཇ་ཆང་དབང་ཆ་བཅས་པར་རབ་ཆགས་མཁན།།
ཉ་ཕག་དང་བཅས་ཟ་མཁན་རྒྱ་དམར་དགྲ།།
ཏཱ་ལ་མཚན་ཅན་མཐའ་ཡས་གང་ཟག་སྐྱབས།།
ཐ་ག་པ་ལྟར་རྟག་པར་གཞན་ཕན་ལས།།
ད་བར་སྐབས་མཚམས་བྲལ་བར་རབ་བསྐྱངས་མཛད།།
ན་མཉམ་མཐའ་དག་ཕམ་མཛད་༸གངས་ལྷ་རྒྱལ།།
པ་སངས་མདངས་ལས་རབ་འཕགས་རང་མདངས་གང་།།
ཕ་ལམ་མཐའ་ཡས་རྣམ་པས་འགྲན་བྲལ་བ།།
བ་ལང་བདག་འདྲ་མང་དག་སྐྱབས་མཛད་གང་།།
མ་ལ་ཡ་ནས་མངགས་གང་དམ་པ་རྨད།།
ཙ་ན་ཀ་ནས་གཡག་རྒན་ཚད་དག་བར།།
ཚ་གྲང་ངལ་བ་སྣ་མང་རབ་མྱངས་ནས།།
ཛ་ཡ་གང་གང་བསྟན་པར་རབ་ཆགས་མཛད།།
ཝ་དང་མཉམ་པ་རྒྱ་ལ་ལྷག་བསམ་ཅན།།
ཞཱ་བཟང་མདངས་ལའང་བྱམས་པས་རབ་ཁྱབ་མཛད།།
ཟ་མ་ཕལ་པར་སྤྱད་ལ་རྣམ་བྱང་བ།།
འ་ཅག་ཡང་དར་བསྟན་བདག་༸རྒྱལ་དབང་གང་།།
ཡ་མ་བརླའ་བ་དག་ནས་འགྲན་པར་དཀའ།།
ར་བ་གངས་དཀར་མདངས་ལྡན་རབ་དར་བ།།
ལ་ལས་ལས་ངན་བརྩམས་པས་རབ་ཉམས་ཀྱང་།།
ཤ་ཚས་གང་སར་བསྒྲགས་པས་སླར་དར་བ།།
ས་ལམ་གང་ལ་ཆས་ཀྱང་བསྔགས་གནས་གང་།།
ཧ་ལམ་ད་བར་བསྐལ་བར་མཇལ་དཀའ་བས།།
ཧ་ཅང་ལྷག་བསམ་དག་པས་རབ་འབད་ནས།།
ཨ་ཀ་མ་ལ་བསྔགས་པ་མ་དམན་པར།།
ཨ་ན་མ་ནས་ཐབས་བརྒྱར་འབད་པར་འཚལ།།
ཞེས་དབྱངས་ཨ་ངེས་པའི་མཆོད་བསྟོད་ཀྱིས་མངོན་པར་བརྒྱན་ནོ།།
ནོར་བཅོས།
ག་པ་ག་སར་མཚན་སྙན་རབ་དར་མཛད།།
ང་ཅག་སྐྱབས་གནས་བླ་མ་དམ་པར་བསྔགས།།
ཞེས་དང།
ཉ་ཕག་བྱ་དང་བརླན་ཟས་ཟ་མཁན་དག།
ཏཱ་ལ་མཚན་ཅན་དམ་པས་ལྷག་པར་སྐྱབས།།
ཐ་ག་པ་ལྟར་ཡང་ཡང་གཞན་ཕན་ལ།།
ད་བར་སྐབས་མཚམས་རྣམས་ལའང་མང་མང་འབད།།
ཅེས་སོགས་སུ་བཅོས་གནང་མཁྱེེནེ།།
ཀ་རྩོམ་སྙན་པོའི་རྩོམ་ཡིག་ཐར་ཐོར་བྲིས་མྱོང་ཡང།།
ཁ་བ་གངས་ལྗོངས་ཕན་པའི་ལས་ཞིག་བསྒྲུབ་མྱོང་མེད།།
ག་ནས་བསམས་ཀྱང་༸རྒྱལ་བའི་ཐུགས་རྗེའི་འཚོ་བ་ལས།།
ང་རང་འཇོན་པའི་ལོ་རྒྱུས་འདི་ཞེས་མེད་དེ་སྐྱོ།།
མཁྱེན་ཡངས་དྲཱ་གྲོགས་འབའ་བྱ་ཁྱུང་མཚན་ཅན་ལགས།
གང་དག་ཀ་བཤད་བརྩམས་ནས་གངས་ཅན་སླད།།
རང་རང་ཚང་མས་འབད་པ་བརྒྱར་གནང་བར་།།
འབྲས་བཟང་གང་དག་གཏན་བྲལ་མ་ལགས་པས།།
རང་གཞན་མཐའ་དག་མཚན་སྙན་འབར་འབར་བར།།
གང་ཡང་མ་བྱས་སྙམ་ནས་ཕམ་མ་གནང་།།
ཁ་བར་ལྷག་བསམ་རྣམ་དག་བཅངས་པ་ཡང་།།
ཁ་བར་ཕན་པ་ཧ་ཅང་བཟང་དང་བཟང་།།
ཞེས་པ་དབྱངས་ཨ་ངེས་པའི་མཆན་གྱིས་ཐུགས་གསོ་དང་ཐུགས་སྤོབས་སྦྱིན་པའོ།།