གཡུ་སྒང་དགེ་འདུན།
༡༽ རྒྱལ་ཀུན་སྟོབས་བཅུའི་ཁོ་ལག་ཡོངས་རྫོགས་ཤིང་།།
བསླབ་གསུམ་མཚམས་སྤྲིན་ལང་ཚོ་གསར་པའི་མདངས།།
འཁྱུད་པ་སྐྱེ་འགྲོའི་ཡིད་ཀྱི་དཔལ་གྱུར་པའི།།
བསྟན་འཛིན་རྒྱ་མཚོ་སྒོ་གསུམ་ཕྱག་གི་ཡུལ།།
༢༽ གང་གི་ཐུགས་རྒྱུད་ལྷ་ལམ་ཡངས་པོ་རུ།།
གཞན་ཕན་ལྷག་བསམ་རི་བོང་འཛིན་གྱི་གཟི།།
སྐལ་ལྡན་སྐྱེ་འགྲོ་ཀུ་མུ་ད་ཡི་ཚལ།།
འཕྲོས་པའི་དགའ་སྟོན་ཡིད་ཀྱི་སྡུག་གུ་མ།།
༣༽ དུག་ལྔའི་སྨག་རིམ་འཐིབས་པའི་གོ་ལ་འདིར།།
ལེགས་བཤད་སྣང་བ་དཀར་པོས་གསལ་བྱེད་པའི།།
ཤཱཀྱའི་དགེ་སྦྱོང་རྟ་བདུན་དབང་པོ་ཞིག །
གླིང་བཞི་དྲོད་ཀྱིས་སྐྱོང་བའི་ལས་ལ་བྲེལ།།
༤༽ འདོད་སྲེད་མེ་ལྕེ་མཆེད་པའི་སྤྱི་ཚོགས་ན།།
འགྲན་སེམས་གདུང་བས་མནར་བའི་སྐྱེ་འགྲོ་ཀུན།།
སྒྲོལ་བའི་དམ་བཅའ་བདག་གིར་བཞེས་པ་ཡིས།།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་གླིང་འདིའི་རྒྱན། །
༥༽ ཕྱི་དགྲར་རྣམ་དཔྱོད་རིག་པའི་མདུང་གིས་བསྣུན།།
ནང་དགྲ་གླང་ཆེན་སྨྱོན་པ་ཐབས་ཀྱིས་འདུལ།།
ཐབས་ཤེས་གཤོག་ཟུང་རྐྱོང་བའི་གླག་རྒོད་ཅིག །
དམར་པོ་རི་ནས་དབུས་འགྱུར་ཡུལ་དུ་འཕུར།།
༦༽ སྲིད་དོན་གར་མཁན་སྒྱུ་རྩལ་དྲུག་ཅུའི་ཆ།།
ཡོངས་སུ་ཆུབ་པའི་སྲིད་བློན་ནེ་ཧ་རུས།།
གཞས་མ་གར་གྱི་མཛུབ་མོས་ཕྱོགས་སྟོན་ཙམ།།
དཔྱད་གསུམ་རིགས་པའི་རལ་གྲིའི་རྩེ་རུ་བླངས།།
༧༽ ཞི་བདེ་དུང་ཟླས་ལྷ་ལམ་དལ་གྱིས་བསྐོར།།
འཁོར་ཚོགས་རྒྱུ་སྐར་ཕྲེང་བ་ངང་གིས་རྒྱུ།།
ནག་ཕྱོགས་གཟའ་ཡིས་བསུན་བཙུར་ཆེ་ན་ཡང་།།
བདེན་པའི་ལྷ་རྒྱལ་ནོར་ཝེལ་གཟེངས་རྟགས་བཞེས།།
༨༽ གདོད་མའི་སྤྱོད་ངན་རིམ་དགུ་དོང་ལ་གཡུགས།།
བོད་པའི་བཟང་གཤིས་འཛམ་གླིང་གཟིགས་མོར་འགྲེམས།།
མི་ལོ་དྲུག་ཅུར་དཀའ་སྡུག་གྲངས་མེད་ཀྱིས།།
རང་དབང་མང་གཙོ་གསེར་གྱི་ཀ་བ་བཙུགས།།
༩༽ གང་གིས་གསང་གསུམ་མཛད་འཕྲིན་སྙེ་མའི་འབྲུ།།
འཛམ་གླིང་འཛིན་མའི་གསོས་སུ་སྨིན་པ་ལ།།
ལོངས་སུ་སྤྱོད་པའི་སྐལ་ལྡན་སྐྱེ་བོ་རྣམས།།
དགའ་སྤྲོ་སྣང་བའི་བརྟས་པ་བརྗོད་ལས་འདས།།
ཞེས་གཡུ་སྒང་དགེ་འདུན་གྱིས་༢༠༡༦ ཟླ་༢ ཚེས་༦ ཉིན།
སྙུན་གསོས་གསོལ་འདེབས་ཀྱི་ཚུལ་དུ་ཕུལ་བ།
་
སྐུ་ཡི་མཛད་པ་དད་ལྡན་དད་མེད་སྐྱེ་བོ་ཀུན་གྱི་མིག་ཟུང་རྒྱན། །
གསུང་གི་མཛད་པ་གོ་ཤེས་ཐུབ་མཁན་ཀུན་གྱི་རྣ་བར་སྙན་ཞིང་འཇེབས། །
ཐུགས་ཀྱི་མཁྱེན་རྒྱས་དུས་སུ་བརྩེ་མཁས་སྣོད་བཅུད་ནམ་མཁའི་མཐའ་དང་མཉམ། །
སྐུ་གསུང་ཐུགས་གསུམ་ནུས་ཚད་འགྲོ་ཕན་གཞན་དོན་འབའ་ཞིག་ཁྱོད་ཕྱག་འཚལ། །
་
ཀརྡོ་རབ་འབྱམས་པས། དེ་རིང་གནམ་གང་ཐོ་རེངས་སྐར་ཆེན་གཟའ་པ་སངས་ཤར་དུས་སུ་སྤེལ།
ལུས་ལ་ཆོས་གོས་དམར་སེར་གྱོན།།
དབུ་ན་ཞྭ་རིགས་སྣ་ཚོགས་གྱོན།།
འཁོར་ན་རིས་མེད་མང་པོས་བསྐོར།།
སྐུ་ཚེ་བརྟན་པའི་སྨོན་ལམ་ཡོད།།
བཀྲ་ཤིས་ བདེ་ལེགས་ ཕུན་སུམ་ ཚོགས། །
ཨེ་མ་ བག་གྲོ་ སྐུ་ཁམས་ བཟང་། །
གཏན་དུ་ བདེ་བ་ ཐོབ་པར་ ཤོག །
དྲ་གྲོགས་ ཡོངས་ལ་ བཀྲ་ཤིས་ ཤོག །