བློ་བཟང་བཀྲ་ཤིས། སྨན་རྩིས་ཁང་།
༄༅།། སྤྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་ ༸པཎ་ཆེན་སྐུ་ཕྲེང་བཅུ་པ་རང་གི་གདན་ས་གཞིས་རྩེ་བདེ་ཆེན་ཕོ་བྲང་དུ་གློ་བུར་དགོངས་པ་རྫོགས་པ་དང་། ཚེས་ ༢༩ ཉིན་བཀྲས་ལྷུན་དགོན་པས་༸གོང་ས་མཆོག་ལ་སྐུ་གོང་མའི་ཐུགས་དགོངས་རྫོགས་པ་དང་། ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་བསྔོ་སྨོན་སྐྱབས་ཞུ་ཕུལ་ཡོད།
ཕྱོགས་མཚུངས་རྒྱ་ནག་དབུས་གཞུང་ལ་དོན་ཚན་གསུམ་གྱི་རེ་འདུན་ཞིག་ཕུལ་བ་ལྟར། ཟླ་བ་དེའི་ཚེས་ ༣༡ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཕུང་གི་མིང་ཐོག་ནས་གཞུང་འབྲེལ་དོན་ཚན་གསུམ་གཏན་འབེབས་གསལ་བསྒྲགས་བྱས་ཡོད་པ་ནི། དང་པོ། གདུང་རྟེན་བཞེངས་ཕྱོགས། གཉིས་པ། སྐུ་གདུང་སྲུང་སྐྱོབ་ཞུ་ཕྱོགས། གསུམ་པ། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་བཅས་རེད། དོན་ཚན་རེ་རེ་ལག་བསྟར་སྐབས། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་རྗེས་འཇུག་པ་དང་། འབྲེལ་ཡོད་ས་གནས་དཔོན་རིགས་དབར་རྣོ་ངར་ཆེ་བའི་འཐབ་རྩོད་བྱུང་ཡོད་པ་དང་། ལྷག་པར་རྗེས་སུ་། དོན་ཚན་གསུམ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་སྐོར་དེར། ཡང་སྲིད་རྒྱལ་ནང་དུ་ངོས་འཛིན་བྱེད་རྒྱུ་ལས། ཕྱི་རྒྱལ་དུ་ངོས་འཛིན་མི་བྱེད་རྒྱུ། ཞེས་འཁོད་ཡོད་པ་དེ་ནི། ཧི་མ་ལ་ཡའི་ཕྱི་རོལ་གྱི་བོད་སྐད་སྨྲ་བའི་སྤྱི་ཚོགས་སུ་ཆེད་དམིགས་ཀྱིས་བརྗོད་པ་ཞིག་ཡིན་པས། དོན་ཚན་དེ་ནི་སྐབས་དེའི་གླེང་སློང་བྱེད་དགོས་པའི་གནད་དོན་ཆེ་ཤོས་སུ་གྱུར།
སྤྱི་ལོ་ ༡༩༩༢ ལོ་དཀྱིལ་ནས་བཟུང་གླེང་སློང་གི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ཡོད་པ་སྟེ། རྒྱ་ནག་གཞུང་གིས་བཀྲས་ལྷུན་དགོན་དུ་ཚོགས་འདུ་རིམ་པར་འཚོགས་བཅུག་ཅིང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་གསེར་བུམ་དཀྲུགས་ཏེ། ངོས་འཛིན་ཞུ་དགོས་པའི་སློབ་གསོ་སྤེལ་འགོ་ཚུགས། སྐབས་དེར་བཀྲས་ལྷུན་དགོན་པར་གྲྭ་གྲངས་བརྒྱད་བརྒྱ་ལྷག་ཙམ་ཡོད་པ་ཚང་མ་ཞལ་གཅིག་གྲགས་ཀྱིས། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་ནི། ཆོས་ལུགས་ཀྱི་སྲོལ་རྒྱུན་དང་། རྒྱལ་མཆོག་ཡབ་སྲས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་གཞིར་བཟུང་སྟེ། ༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས། ཞེས་ལས་དོན་རུ་ཁག་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། གསེར་བུམ་དཀྲུགས་ཏེ་ངོས་འཛིན་ཞུ་ན་སྐྱོན་ཅི་ཡོད་སྐོར་གསེད་དཀྲོལ་བྱས། ཕྱོགས་མཚུངས་བོད་ས་སྟོད་སྨད་ཀུན་ནས་བཀྲས་ལྷུན་དགོན་དུ་ཡིག་ངག་གཉིས་ཀྱིས། ༸གོང་ས་མཆོག་ལ། ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་དགོས། ཞེས་རྟིང་སྐུལ་ཡང་ཡང་བཏང་ཡོད།
བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་དབུས། སྐབས་དེའི་བཀྲས་ལྷུན་དགོན་པའི་དབུ་ཁྲིད་རྣམས་ཀྱིས་བོད་ཀྱི་དད་ལྡན་སེར་སྐྱ་ཚང་མའི་རེ་འདུན་བཞིན། རྒྱ་གཞུང་ལ་དེའི་ཐད་སྙན་ཞུ་རིམ་པར་ཕུལ་ཡོད་པ་དང་། རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ནས་དེར་ལྡོག་ཕྱོགས་ཀྱི་ལན་འདེབས་སྣ་རེ་བྱེད་པའམ། ལན་འདེབས་མང་ཆེ་བ་རབ་རིབ་ཅིག་ཡིན། གནས་ཚུལ་དེར་བརྟེན། ཚང་མས་རེ་ཞུ་དེ་ནི་རྦད་དེ་སྟོང་བསམ་མ་ཡིན་པ་དང་། ༸རྒྱལ་མཆོག་ཡབ་སྲས་གཉིས་གསེར་ཞལ་ལྷན་འཛོམས་ཀྱི་སྐལ་བཟང་ཞིག་ཀྱང་། མངོན་དུ་འགྱུར་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོང་སྲིད་པའི་ཚོད་དཔགས་ཀྱི་རེ་བའི་ངང་། ༸གོང་ས་མཆོག་གིས་འཇམ་དཔལ་མཚན་བརྗོད་འབུམ་ཐེར་གསོག་སྒྲུབ་དགོས་པའི་བཀའ་ཕེབས་པ་དེ་ལ། ད་དུང་དགོས་པ་གཞན་ཡོད་པའི་ངོས་འཛིན་བྱས། སྐབས་དེར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད། ༸རྒྱལ་དབང་མཆོག་ནས་ངོས་འཛིན་ཞུ་དགོས། ཞེས་པའི་སྐད་ཆ་དེ་ཆབ་སྲིད་དང་འགལ་བའི་སྐད་ཆ་མ་ཡིན་ལ། ས་ཆ་གང་དང་མི་སུ་ཡི་མདུན་དུ་ཤོད་པར་ཐེ་ཚོམ་དང་ནེམ་ནུར་བྱེད་དགོས་ཀྱི་མེད། དེར་བརྟེན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེས་དབུས། བོད་ཀྱི་ཡང་སྲིད་ཚོགས་ཆུང་གིས་སྤྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡༧ ལ། གཞུང་འབྲེལ་ཐོག་༸གོང་ས་མཆོག་ལ་སྙན་ཞུ་ཞིག་ཕུལ་བ་རེད།
འོན་ཀྱང་དུས་ཚོད་མྱུར་མོར་འགྲོ་བ་དང་ཆབས་ཅིག་དཀའ་རྙོག་གི་འཁུར་པོ་ལྕི་པོ་དེ་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་གཅིག་པུའི་ཕྲག་ཐོག་ཏུ་བབས་ཡོད་པ་འདྲ་སྟེ། ཁོང་གིས་སྤྱི་ལོ་ ༡༩༩༥ ཟླ་ ༢ ནང་། ཚོགས་འདུ་ཞིག་གི་སྐབས། ད་བར་ང་ཚོས་༸གོང་ས་མཆོག་ནས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཡོང་བའི་སྐྱབས་འཇུག་ཞུ་རྒྱུའི་ཐད། ཚང་མས་ཐུགས་འདུན་གཅིག་དང་། ཞལ་གཅིག་གྲགས་ཡིན་པ་རླབས་ཆེན་གྱི་མཛད་རྗེས་རེད། ད་དུང་ང་ཚོར་སྔར་ལས་ཀྱང་ཛ་དྲག་ཅིང་གདོང་གཏུག་བྱེད་དགོས་པའི་གནད་དོན་མི་ཉུང་བ་ཞིག་འཕྲད་རྒྱུ་ངེས་གཏན་ཡིན་པས། ཚང་མས་མུ་མཐུད། དམ་ཚིག་གཟོང་ཁ་ཆིག་སྒྲིལ་གྱིས་ཕྱིར་བཤོལ་མཛད་རྒྱུ་མེད་པའི་བཀའ་སློབ་གནང་།
གཞིས་བྱེས་བོད་མི་ཡོངས་ཀྱི་རེ་འདུན་བཞིན། སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནག་ཆུ་ལྷ་རི་རྫོངས་ཁོངས། སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང་། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ། ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་གཏམ་བཟང་ཨ་རིའི་སྒྲ་སྐད་རླུང་འཕྲིན་བརྒྱུད། བོད་ཀྱི་ས་གནས་གང་སར་ཐོས། འོན་ཀྱང་ཉིན་དེ་གར་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་དང་བཅས་པ་དམ་དྲག་བྱས་པ་དང་། ཕྱི་ཉིན་སྤྱི་ཚེས་ ༡༥ ཉིན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་དང་། ཁོང་གི་དྲུང་ཡིག་བྱང་པ་གཅུང་ལགས། ཞབས་ཞུ་བ་བཀྲ་ཤིས་བཅས་བོད་དུ་ཕེབས་ལམ་རྒྱ་ནག་སི་ཁྲོན་གྲན་ཌུ་གནམ་ཐང་དུ་བཀག་སྐྱིལ་གྱིས། རྒྱ་གཞུང་གིས་བཏོན་པའི་ཆ་རྐྱེན་ལ་ཞལ་བཞེས་མ་མཛད་རྐྱེན་འཛིན་བཟུང་བྱས་ཤིང་། བོད་ཁྱོན་ཡོངས་སུ་དྲག་དམག་གིས་བསྐངས། གཞིས་རྩེ་དང་རྒྱལ་ས་ལྷ་ས། ནག་ཆུ་བཅས་སུ་མི་གསུམ་ལྷག་འཛོམས་མི་ཆོག་པའི་བཀོད་ཁྱབ་སྤེལ།
ཟླ་བ་དེའི་སྤྱི་ཚེས་ ༡༧ ཉིན་ནས་བཟུང་གཞིས་རྩེ་ས་གནས་སྲིད་འཛིན་ལས་ཁུངས་དང་། ཆོས་དོན་ལས་ཁུངས། འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས། གསང་བའི་ལས་ཁུངས། ཉེན་རྟོག་ལས་ཁུངས་བཅས་སྡེ་ཚན་མི་འདྲ་བ་ཁག་ལྔའི་མི་སྣ་ལས་གྲུབ་པའི་ལས་དོན་རུ་ཁག་དང་། དེ་རྗེས་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་རག་སྡིག་དང་རྒྱལ་མཚན་ནོར་བུ་སོགས་ བཀྲས་ལྷུན་དགོན་དུ་ཡོང་ནས་༸གོང་ས་མཆོག་གིས་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ། ༸པཎ་ཆེན་གྱི་ཡང་སྲིད་དུ་ངོས་འཛིན་གནང་བ་ཁྲིམས་འགལ་ཡིན་པས། རྩིས་མེད་གཏོང་དགོས་པའི་འཇམ་རྩུབ་ཅི་རིགས་ཀྱི་སློབ་གསོ་ཟླ་བ་གཉིས་ལྷག་ཙམ་ཉིན་མཚན་ལྟོས་མེད་ཀྱིས་སྤེལ་ཞིང་། དེའི་རིང་མཚན་མོ་དགེ་འདུན་པའི་གྲྭ་ཤག་སོ་སོར་ཉེན་རྟོག་པ་དང་དམག་མི་འཛུལ་ཏེ། གསང་བའི་ཐོག་དགེ་འདུན་པ་གྲངས་ ༢༧ བཟུང་བ་དང་། གཞིས་རྩེ་གྲོང་ཁྱེར་ནས་ཀྱང་མི་འགའ་ཞིག་བཟུང་། བཀྲས་ལྷུན་དགོན་པའི་འགོ་ཁྲིད་རྙིང་པ་རྣམས་གནས་དབྱུངས་བཏང་ཞིང་། འགོ་ཁྲིད་གསར་དུ་བསྐོས།
རྒྱ་ནག་གི་ཆེས་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་བགྲེས་སོང་དཀའ་ཆེན་ཕུར་བུ་སྲིད་མཐར་དང་། གཞོན་སྐྱེས་དབང་འདུད་ཅེས་པས་རང་སྲོག་ལྕེབས། དེ་ལྟར་བོད་དུ་དྲག་གནོན་གྱིས་འགུལ་བསྐྱོད་མེད་པར་བཟོས་པ་དང་། ཆབས་ཅིག་པེ་ཅིང་དུ་བོད་ཀྱི་ཆོས་ཕྱོགས་མི་སྣ་གལ་ཆེ་རྣམས་བསྐོངས་ནས་༸གོང་ས་མཆོག་དང་ ༸ཆུང་སྲིད་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ། བྱ་བྲལ་རིན་པོ་ཆེ་བཅས་ལ་དགག་པ་རྒྱག་དགོས་པ་དང་། ༸པཎ་ཆེན་གྱི་ཡང་སྲིད་གཞན་ཞིག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་ཞུ་རྒྱུའི་གཏན་འབེབས་བྱས།
༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི་འོས་སྤྲུལ་གསུམ་གྱི་མིང་བསྡུ་རུབ་བྱས་ཡོད་ཀྱང་། ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མའི་མཚན་དེའི་ཁོངས་བསྡུས་མེད། སྤྱི་ལོ་ ༡༩༩༥ ཟླ་ ༡༡ ཚེས་ ༢༨ ཉིན་ལྷ་ལྡན་གཙུག་ལག་ཁང་དུ། དམག་མིས་དམ་དྲག་ཆེན་པོས། གསེར་བུམ་དཀྲུགས་པའི་ཟོལ་གྱིས་བྱིས་པ་རྒྱལ་མཚན་ནོར་བུ་ཞེས་པ་ཞིག ༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་གསལ་བསྒྲགས་བྱས་པ་མ་ཟད། ཞོགས་པའི་ཆུ་ཚོད་དྲུག་པར་བཙན་སྐུལ་གྱིས་དེད་པའི་བླ་སྤྲུལ་འགའ་ཤས་དང་། བྱིས་པ་རྒྱལ་མཚན་ནོར་བུ་བཅས་གཞིས་རྩེར། ༸པཎ་ཆེན་སྐུ་གོང་མའི་གདན་སར་བསྐོས། ད་བར་བོད་ཀྱི་ས་ཆ་སྟོད་སྨད་བར་གསུམ་དུ་རྒྱལ་མཚན་ནོར་བུ་ལྟ་སྐོར་དུ་ཁྲིད་དེ། ༸པཎ་ཆེན་སྐུ་ཕྲེང་ན་རིམ་ལ་བོད་མི་རྣམས་ཀྱིས་དད་གུས་ཞུ་བ་བཞིན། དེ་ལྟ་བུའི་དད་ཡུལ་དུ་བཀུར་འདོད་ཀྱང་། བོད་མི་རྣམས་ཀྱིས་རྒྱལ་མཚན་ནོར་བུའི་མིང་ལ་པཎ་ཆེན་རྫུན་མ་ཞེས་འབོད་པ་དང་། ཡ་མཚན་ཆེ་བ་ཞིག་ལ། ཆོས་མེད་ལྟ་གྲུབ་འཛིན་པའི་གུང་ཁྲན་ཏང་གིས་པཎ་ཆེན་རྫུན་མར་དད་པ་བྱེད་དགོས་ཞེས་བཙན་ཤེད་བྱེད་ཀྱི་ཡོད་ལ། དེར་མི་དད་པའི་སེར་སྐྱ་དུ་མ་ཞིག་ལས་གནས་ནས་ཕུད་པ་དང་འཇིགས་སྐུལ་ལ་བརྟེན་ནས་བྲོས་བྱོལ་ཕྱིན་པ་གྲངས་ཉུང་མིན།
རྒྱལ་སྤྱིའི་གནོན་ཤུགས་ཀྱིས་ད་བར།༸པཎ་ཆེན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཐོག་གསལ་བཤད་ཐེངས་དགུ་ཙམ་བྱས་ཡོད་པའི་ནང་། ཁོང་ཉིད་སྐུ་གཟུགས་བདེ་ཐང་དང་། སློབ་གྲྭར་ཕེབས་ཀྱི་ཡོད་པའི་ཤོད་སྲོལ་ཞིག་བཟུང་ཡོད་པ་ལས། ཐ་ན་སྐུ་འཚོ་བཞུགས་ཡིན་མིན་ཐད་ཀྱང་། མི་རྣམས་ཡིད་ཆེས་འོས་པའི་གནས་ཚུལ་གྱི་ཁུངས་སྣེ་ཞིག་ཀྱང་མེད། འོན་ཀྱང་བོད་མི་རྣམས་ཀྱི་སེམས་དབུས་ནས་དུས་ད་ལྟ་བར་ཁོང་བརྗེད་མེད་ལ། བོད་དོན་ཆེད་སྐུ་ལུས་མཆོད་མེར་འབུལ་མཁན་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་། ལྷབ་ལྷུབ་ཏུ་འབར་བཞིན་པའི་མེ་དཔུང་དབུས་ནས་ཁོང་བཙོན་གྲོལ་དགོས་པའི་རེ་འདུན་འདོན་བཞིན་ཡོད།
༸པཎ་ཆེན་ངོ་མ་དེ་གར་སོང་ཆ་མེད་བཟོས་ནས་རྫུན་མ་ཞིག་བཙན་བསྐོས་བགྱིས་པ་དེས། རྒྱ་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་འཛམ་གླིང་ཀུན་ལ་དམར་རྗེན་དུ་ཐོན་པ་ལས། བོད་རྒྱ་གཉིས་ཀར་དགེ་ཕན་གྱི་ཆ་ཏིལ་འབྲུ་ཙམ་ཡང་བྱུང་མེད་པའི་ཁར། བོད་མི་མང་གི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཞིག་བཏང་སྟེ། བོད་རྒྱ་གཉིས་འགལ་བའི་ཕུང་པོ་གསར་པ་ཞིག་བསྐྲུན་པ་དང་། མ་འོངས་༸གོང་ས་ཏཱ་ལའི་བླ་མས་དབུས་བོད་ཀྱི་བླ་ཆེན་རྣམས་ཀྱི་ཡང་སྲིད་ཐད་ཀྱང་། བོད་མི་རྣམས་ཀྱིས་སྦིར་གསང་དོད་པོ་བྱེད་དགོས་པའི་ལྡོག་ཕྱོགས་ཀྱི་བརྡ་ཞིག་ཀྱང་རང་བཞིན་གྱིས་སྤྲད་ཡོད།
བློ་བཟང་བཀྲ་ཤིས་ལགས་ཐུགས་རྗེ་ཆེ་ཡག་པོ་བྲིས་འདུག དེའི་སྐབས་གདན་ས་བཀྲ་ཤིས་ལྷུན་པོའི་དགེ་འདུན་ཡོངས་ནས། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གདན་སར་ཁྲི་གསོལ་ཞུ་དགོས་པ་དང་བྱ་བྲལ་རིན་པོ་ཆེ་བཙོན་ནས་གློད་བཀྲོལ་དགོས་པའི་རེ་འདུན་གུང་ཁྲན་གཞུང་ལ་ཐེངས་མང་ཞུས་ཀྱང་གྲུབ་འབྲས་མ་སོན་པ་མ་ཟད།་༡༩༩༥ ཕྱི་ཟླ ༥ ཚེས་༡༥ ནས་ད་ལྟ་བར་ལོ་ངོ་བཅུ་བདུན་རིང་ཁོང་གཉིས་སྐུ་འཚོ་བཞུགས་ཡིན་མིན་མ་ཤེས་པར་གནས་མུད་ཡིན། ཀུན་གཟིགས༧པཎ་ཆེན་བཅུ་པ་ཆེན་པོའི་བཀའ་དྲིན་བསབ་ཕྱིར་ང་ཚོས་ཁོང་གི་ཡང་སྲིད་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྐུ་གོང་མས་ཐུགས་བརྩེ་དང་གདེང་འཇོག་ཆེན་པོ་གནང་ཡུལ་བྱ་བྲལ་རིན་པོ་ཆེ་བྱམས་པ་འཕྲིན་རྣམ་གཉིས་ཕྲལ་མྱུར་རྒྱའི་བཙོན་འོག་ནས་གློད་འཐབ་ཀྱི་ལས་སྐུལ་ཕྲལ་མ་ཉིད་དུ་འགོ་འཛུགས་ངེས་ཞིག་ཏུ་མཐོང་ངོ་།།
འགོ་འཛུགས་དགོས་ངེས་ཞིག་ཏུ་མཐོང་ཞེས་གསུངས་རུགས།
ང་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་བཀའ་དྲིན་བསམ་ན་མིག་ཆུ་རང་དབང་མེད་པ་ཤོར་གྱི་འདུག། ཁོང་གིས་གུང་ཁྲན་གཞུང་ལ་སྐུ་སྲོག་ལ་འཕངས་མེད་ཀྱིས་བོད་ལ་རང་སྲིད་རང་སྐྱོངས་ཚད་ལྡན་སྤྲོད་དགོས་པ་དང་།བོད་མི་ལས་བྱེད་པ་རྣམས་ལ་ཡུལ་གོམས་ཤིས་ལུགས་གི་འཐོབ་ཐང་དམིགས་བསལ་སྤྲོད་དགོས་པ་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་སོགས། གངས་ཅན་པ་རྣམས་ལ་སྨན་པའི་འབོད་སྐུལ་དང་ཕྱག་ལས་སྐུ་ཚེ་གང་པོ་གནང་བ་ཡིད་ལ་ལྷང་ལྷང་དུ་དྲན། གུང་ཐང་རིན་པོ་ཆེ་སྐུ་གོང་མས་༡༩༨༩ ལོར༧པན་ཆེན་རིན་པོ་ཆེ་དགོངས་པ་མྱང་ངན་ལས་འདས་སྐབས་ད་ལྟ་ང་ཚོ་བོད་ནང་ཡོད་པའི་བླ་མ་ཚང་མ་འཆི་བ་དང་ཁྱད་མེད་རེད་ཅེས་གསུངས་ཡོད་། རྒྱུ་མཚན་དེས་པཎ་ཆེན་རིན་པོ་ཆེ་བོད་པ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ནས་ཆེན་པོ་ཡིན་པ་བསྟན་པ་རེད། དེ་འདྲ་སོང་ང་རང་ནི་༧པཎ་ཆེན་སྐུ་གོང་མའི་བཀའ་དྲིན་རྗེས་འཐབ་མེད་ལ་ཁོང་གི་ཡང་སྲིད་རྒྱའི་བཙོན་འོག་ནས་མགྱོགས་མྱུར་གློད་བཀྲོལ་འཐོབ་རྒྱུ་སྒུག་བཞིན་ཡོད།
ཚེ་དཔག་མེད་མགོན་ལ་སོགས་བྱིན་རླབས་དང་།།
དམར་ཟོར་རྒྱལ་དང་ལྕམ་སྲིང་མཐུ་སྟོབས་ཀྱིས།།
གངས་ཅན་སྐྱབས་མགོན་ཡབ་སྲས་ཉི་ཟླ་ཟུང་།།
སྐུ་ཚེ་བརྟན་ཅིང་གསེར་ཞལ་མྱུར་མཇལ་ཤོག།། །།
བློ་བཟང་བཀྲིས་ལགས་ཀྱིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་སྐོར་གནས་ཚུལ་གལ་ཆེན་མང་པོ་ཞིག་བྱུང་རིམ་ཞིབ་ཚགས་དང་།ནང་དོན་ཕུན་སུམ་ཚོགས་པ།གནད་དོན་ཁུངས་དག་པ།ཡིག་རྫོབ་ཉུང་བ།བརྗོད་བྱ་གཟབ་ལ་ཚིག་སྦྱོར་སྙན་པ་བཅས་ཡིད་དབང་འཕྲོག་པ་ཞིག་བྲིས་འདུག་པ་མ་ཟད།དྲ་རྒྱའི་འཇིག་རྟེན་ནང་༧ཀུན་གཟིགས་མཆོག་གི་སྐོར་ལ་རྩོམ་ཡིག་ནང་དོན་ཁུངས་དག་ལ་དག་སྡེབ་ལེགས་པ།སྙན་པོ་དེ་འདྲ་བྲིས་མཁན་ད་ལམ་འདི་ཙམ་དུ་སྣང་བས་གུས་པས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་གནས་བབ་ལ་ངོས་འཛིན་ཡང་དག་པ་དགོས་རྒྱུའི་གནད་དོན་ཁག་ཅིག
༡༽༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པོ་ཆེན་མོས་བོད་ཀྱི་ནང་བསྟན་སླར་གསོ་དང་།སྐད་ཡིག་རིག་གཞུང་སླར་གསོ།གསོ་རིག་རིག་གཞུང་སླར་གསོ།བོད་མི་མང་བདེ་སྡུག་ལ་ཐུགས་འགན་གཙང་བཞེས་གནང་བ།བོད་ཀྱི་ཆབ་སྲིད་ཐད་རྒྱ་གཞུང་ལ་མེར་འཚིག་མེར་གཏུགས་གནང་བ་བཅས་མདོར་ན་ཁོང་གི་མཛད་རྗེས་དེ་དག་ཚང་མ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་གྲུང་བོན་བཅས་རིས་སུ་མ་ཕྱེད་པའི་གྲུབ་མཐའ་ཡོང་དང་།མདོ་དབུས་ཁམས་གསུམ་མཐའ་དག་ལ་ཁྱབ་ཡོད་པས།གང་གི་བླ་ན་མེད་པའི་མཛད་འཕྲིན་དེ་དག་ལ་ང་ཚོ་བཙན་བྱོལ་བོད་མི་ཚོས་ངོས་འཛིན་ཡང་དག་པ་གནང་དགོས་འདུག
༢༽༧ཀུན་གཟིགས་༧པཎ་ཆེན་པོ་ཆེའི་གནད་དོན་དེ་ནི་བོད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་ལས་བཀྲིས་ལྷུན་པོ་གཅིག་བུའི་གནད་དོན་ཞིག་མིན་པས་༧ཀུན་གཟིགས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང་།བཙོན་འོག་ནས་ཀློད་འཁྲོལ་གྱི་ལས་འགུལ་སྤེལ་རྒྱུས་མཚོན་པས་༧ཀུན་གཟིགས་མཆོག་གི་ཞུ་སྒོ་མཐའ་དག་བོད་གཞུང་མང་ཡོང་དང་བོད་མི་ས་དྲུག་ལ་འགན་འཁྲི་ཐད་ཀར་ཡོད་པས་དེར་ང་ཚོས་ངོས་འཛིན་ཡང་དག་པའི་སྒོ་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་ཁོང་ཉིད་ཀློད་འཁྲོལ་གྱི་ལས་འགུལ་སྤེལ་དགོས་པ་མཐོང་།
༣༽༧ཀུན་གཟིགས་མཆོག་གི་ལོ་རྒྱུས་གནས་བབ་ཐད་ནས་ཞུ་ན།བོད་མིའི་གསུང་འགྲོས་སུ་གནམ་ལ་ཉི་མ་ཟུང་དང་།ས་ལ་རྒྱལ་བ་པཎ་ཆེན་ཞེས་འབོད་སྲོལ་ཡོད་པ་ལྟར་༧ཀུན་གཟིགས་མཆོག་རྒྱལ་བ་ཡབ་སྲས་གཉིས་ཀྱི་ཡ་གྱལ་དང་།བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཚབ་གནང་མྱོང་མཁན།ལོ་རྒྱུས་ཡུན་རིང་ལྡན་པའི་བླ་མ་ཆེན་པོ་ཞིག་དང་།བོད་ཀྱི་བླ་ན་མེད་པའི་བསམ་པའི་གཙོ་འཛིན་བཅས་ཞིག་ཡིན།
༤༽༧ཀུན་གཟིགས་པཎ་ཆེན་པོ་རེན་པོའི་ཆེ་སྐུ་ཕྲེང་གསུམ་བསྟུད་མར་རང་ཡུལ་དང་ཞལ་གྱེས་ནས་མིའི་ལུང་པར་བཙོན་ཁང་དུ་བཞུགས་དགོས་བྱུང་བ་དང་།ཡང་ན་བཙོན་བྱོལ་ལ་བཞུགས་དགོས་བྱུང་ཡོད།དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་བོད་མི་ནང་ཁུལ་གྱིས་དཀའ་རྙོག་གིས་རྐྱེན་པས་རྒྱ་སོག་ཡུལ་གྲུ་དང་།མདོ་སྨད་ཕྱོགས་སུ་ལོ་མང་བཞུགས་དགོས་བྱུང་བ་མ་ཟད།མཐར་སྒ་སྐྱེ་མདོར་སྐུ་ངལ་ཆེན་པོའི་ངང་དགོངས་པ་རྫོགས་དགོས་བྱུང་།
དེ་རྗེས་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་རྒྱ་གཞུང་གིས་བཙན་འོག་དུ་གྲལ་རིམ་འཐབ་རྩོད་དང་།ཆབ་སྲིད་སློབ་གསོ།དུས་ངན་རིག་གནས་བརྗེ་བཅས་སུ་ལོ་ངོ་༡༥ཙམ་འཐབ་རྩོད་དང་།བཙོན་ཁང་ནང་བཞུགས་དགོས་བྱུང་།
དེ་ནས་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་དེ་བས་སེམས་སྐྱོ་བ་ཞིག་ལ་ངོས་འཛིན་བྱས་ནས་མི་མང་གིས་ཞལ་མཇལ་གསུང་ཐོས་མ་བྱུང་གོང་ནས་རྒྱའི་སྲིན་བུས་བཟུང་ནས་ད་བར་བཙོན་ཁང་དུ་བཅུག་ནས་མཐའ་ན་སྐུ་འཚོ་བཞུགས་ཡིན་མིན་ཡང་ཤེས་རྟོགས་མེད་པར་གྱུར་ཡོད།
༥༽༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་དེ་ནི་བོད་ཀྱི་རྩ་དོན་གྱི་གནད་དོན་ཕུད་པའི་དེ་མིན་གྱི་བོད་ཀྱི་གནད་དོན་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ཆགས་ཡོད།༧ཀུན་གཟིགས་མཆོག་གི་གནད་དོན་དེ་ནི་བོད་ཀྱི་ནང་བསྟན་གྱི་གཞི་རྩ་ལ་ཐུགས་ཡོད་པ་དང་།བོད་རིག་གཞུང་དང་།ཆབ་སྲིད་ཀྱི་བདག་དབང་།བོད་མིའི་དད་སེམས་སོགས་ཀྱི་རྩ་བའི་ཁེ་ཕན་ལ་ཐུགས་ཡོད།
༦༽བཙན་བྱོལ་ནང་གི་ཆོས་བརྒྱུད་ཁག་ནང་དང་།ལྷག་པར་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་༧ཀུན་གཟིགས་མཆོག་གི་བཙོན་འོག་དུ་ཀློད་འཁྲོལ་ཡོང་རྒྱུའི་ལས་གཞི་བརྩམ་རྒྱུ།འཆར་གཞི་འགོད་རྒྱུ་ལྟ་ཅི་མཐའ་ན་༧ཀུན་གཟིགས་མཆོག་གི་སྐུ་འཁྲུངས་སྐར་ཉིན་མོར་སྨོན་ལམ་སྐྱོན་པ་དང་།གསུང་འཕྲིན་ཕེབས་རྒྱུ་ཙམ་ཡང་མེད་པ་མ་ཟད།ཞལ་ཙམ་ཡང་བསྒྲགས་ཀྱི་མེད་པ་དེ་ནི་འགྱེལ་བའི་སྒང་ལ་རྡོག་བརྫིས་ཞེས་པའི་དཔེ་ལྟར་སོང་བ་ངོ་མ་བློ་ཕམ་གྱི་གནས་སུ་ལྷུང་།
༧༽གཞིས་བྱེས་བོད་མིས་རེ་བའི་མིག་འབུར་ལྟོས་ས་བཙན་བྱོལ་གཞུང་གིས་ཀྱང་ལོ་ཤས་སྔོན་ནས་དགྲ་ཕྱོགས་ཀྱི་དགྲ་ཚོད་མ་ལོན་པའམ་གང་ལྟར་ཡང་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་རྟག་མཚན་གང་ཡང་མེད་ཅིང་།བོད་མི་མང་གིས་པཎ་ཆེན་རྫུན་མ་ཞེས་འབོད་པའི་བྱིས་པ་རྒྱལ་མཚན་ནོར་བུར་ཡང་སྲིད་རྫུན་མ་བརྗོད་མི་ཆོག་ཚུལ་གྱི་ཉེན་ཁ་ཆེ་བའི་གསལ་བསྒྲགས་ཤིག་སྤེལ་ཡོད།རྫུན་མར་རྫུན་མ་ཞེས་འབོད་མི་ཆོག་ན་རྫུན་མ་དེ་བརྒྱ་ཆ་ལྔ་བཅུ་ཁས་འཆེས་པ་དང་ཅིས་མི་མཚུངས།གལ་ཏེ་ཁོ་ཚོས་རྒྱ་བོད་གཉིས་མོལ་གྱིས་སྔོན་འགྲོའི་ཆ་རྐྱེན་དུ་པཎ་རྫུན་བཞག་ན་སྐབས་དེའི་བཀའ་ཤག་གིས་གང་འདྲ་བྱེད་དམ་ཞེས་མི་རྣམས་སྐབས་དེར་ཧང་སངས།འཇིགས་སྣང་སྐྱེས་དགོས་པ་ཆགས་ཡོད།གནད་དོན་དེ་དག་ནི་༧ཀུན་གཟིགས་མཆོག་གི་ལོ་རྒྱུས་ཀྱི་གནས་བབ་ངོས་འཛིན་འདང་ངེས་ཤིག་མ་བྱུང་བ་ཞིག་ལ་མཐོང་།
༨༽༧ཀུན་གཟིགས་མཆོག་གི་ཡང་སྲིད་རིན་པོ་ཆེའི་གནད་དོན་དེ་ནི་བོད་ཀྱི་གནད་དོན་ཛ་དྲག་གནད་དོན་གཅིག་ལ་ངོས་འཛིན་བྱེད་དགོས་པ་རེད།གང་ཡིན་ཟེར་ན་༧པཎ་ཆེན་རིན་པོ་ཆེའི་གནས་བབ་བདག་གིར་བཞེས་པ་ལ་གསེར་སྐུ་བཞེངས་ནང་བཞིན་ཟླ་ངོ་འགའ་ཤས་ནང་བཞེངས་ཐུབ་ཐབས་མེད་ཅིང་།གང་ཟག་དེར་ལོ་མང་རིང་ཆོས་ཕྱོགས་ཀྱི་སློབ་གཉེར་དང་།ཆོས་ཕྱོགས་ཀྱི་ལམ་གྱི་རིམ་པའི་གནད་རྣམས་ཐུན་མོང་མ་ཡིན་པའི་ཚུལ་དུ་གསན་བསམ་གནང་དགོས་སྟབས་གང་ཉིད་ཀྱི་དགུང་ནའི་བབ་དང་བསྟུན་ནས་ཀུན་གཟིགས་མཆོག་གནས་བབ་དུ་བཞུགས་རྒྱུར་སྐུ་ངལ་ཆེན་པོ་ཆེ་རེད་སྙམ།དེ་ན་ཀུན་གཟིགས་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལས་དབང་དེ་ནི་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལས་དབང་ལས་ཐབས་སྐྱོ་བ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་འདུག
༩༽བོད་ནང་པཎ་ཆེན་རྫུན་མར་དད་བཀུར་མ་བྱས་པ་དང་།དཔར་སྒྲིག་གཤམ་མ་བྱས་པ་སོགས་ཀྱི་ཉེས་བཙུགས་འོག་བོད་མི་མང་པོར་རྒྱ་གཞུང་གིས་མནར་གཅོད་དང་།བཙོན་དོང་དུ་བཅུག་གི་ཡོད་པ་རེད།ཡིན་ནའང་བློ་ཕམ་པ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ནང་ཉེ་བའི་ལོ་ཤས་ནང་བསམ་བཏང་དྲན་རྐྱེན་གྱིས་ཚུལ་དུ་དྲ་རྒྱ་སོགས་སུ་པཎ་རྫུན་རྒྱལ་མཚན་ནོར་བུར་དེ་ལྟར་འབོད་མི་ཆོག་ཚུལ་དང་།ཁོང་ཡང་བོད་མི་ཡིན་པས་སྐྱོན་བརྗོད་མི་ཆོག་ཚུལ།གང་ཙམ་ནས་མཛད་འཕྲིན་དེ་དང་འདི་བཞིན་རྒྱས་རྒྱུའི་རེ་བསྐུལ་བྱས་པ་བཅས་ཀྱི་འཁྲུལ་འཚབ་ཆེ་བའི་བསམ་ཚུལ་དང་བལྟ་ཚུལ་དེ་འདྲ་ཡོང་གི་འདུག་པ་ཆུ་ངན་ལང་ཤོར་དེ་རིགས་ད་ལྟ་ནས་རྩ་མེད་མ་བཟོས་ན་འཁྲུལ་སྣང་གི་བསམ་བློ་དེ་རིགས་ཁྱབ་སྤེལ་ལ་སོང་ན་ནམ་ཞིག་རིམ་རབས་གསར་པའི་ཁྲོད་བྱིས་པ་རྒྱལ་མཚན་ནོར་བུར་པཎ་ཆེན་ངོ་མ་ཡིན་ཞག་གི་དད་བཀུར་བྱེད་མི་ཡོང་ཉེན་དང་།དེ་འདྲ་བྱུང་༧ཀུན་གཟིགས་༧པཎ་ཆེན་པོའི་ཆེའི་ལོ་རྒྱུས་ཀྱི་གནས་བབ་ལ་དོ་ཕོག་འཚབ་ཆེན་ཡོང་རྒྱུ་དང་།པཎ་ཆེན་བདེན་རྫུན་དང་ངོ་རྫུས་གཉིས་ཀྱི་ལར་ཞེན་ཕྱི་ཅི་ལོག་ན་བོད་ལ་བཀྲིན་ཆེ་བའི་༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པར་ངོ་གནོང་དགོས་པའི་ལས་འབའ་ཞིག་ཏུ་མཐོང་ངོ།
༡༠༽ཡང་སྲིད་འཛིན་ཀྱི་ལམ་ལུགས་ནི་དུས་རབས་༡༢ཙམ་ནས་དར་བའི་བོད་ཀྱི་ཆོས་ཕྱོགས་ཀྱི་ཐུན་མིན་གྱི་རྒྱུན་སྲོལ་ཞིག་ཡིན་ཞིང་།དེར་མཚོ་མཇལ་དང་།བརྟག་ལུང་ཞུས་པ།གོང་མའི་སྐུ་ཆས་ངོས་འཛིན་བྱེད་རྒྱུས་མཚོན་དུས་ཚོད་ངེས་ཅན་ཞིག་ནང་བརྒྱུད་རིམ་ངེས་ཅན་ཞིག་གི་ཐོག་ནས་མཐའ་མའི་ཡང་སྲིད་ངོས་འཛིན་གཏན་འབེབས་ཡོང་གི་ཡོད།འོན་ཀྱང་ཆོས་མེད་རྒྱ་དམར་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་རྒྱུན་སྲོལ་དང་།ཆོས་ཕྱོགས་ཀྱི་གནང་སྒོ།བོད་ཀྱི་སྲོལ་རྒྱུན་ཡང་སྲིད་ངོས་འཛིན་ལམ་ལུགས་སོགས་གང་ལ་ཡང་མི་བསྟུན་པར་ཕྱི་ལོ་༡༩༩༥ཟླ་༦ཙམ་ནས་ལོ་དེའི་ཟླ་༡༡བར་ལ་ཟླ་ངོ་འགའ་ཤས་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་ལུགས་ཀྱི་གློ་བུར་དུ་བྱིས་པ་བསམ་མེད་གསུམ་ལྷ་ལྡན་གཙུག་ཁང་དུ་འཁྱེར་ཡོང་ནས་འཁྲབ་ཚན་རིང་པོ་འགོ་བརྩམས།གསེར་བུམ་གྱི་བྱང་བུར་རིང་ཐུང་ལྡན་པའི་སྒོ་ནས་འཁྲབ་སྟོན་རྒྱ་ཆེ་ཞིག་བྱས།འཁྲབ་འཁྲིད་པ་ཀྲུང་དབྱང་དང་།འཁྲབ་ཡུལ་ལྷ་ས་གཙུག་ལག་ཁང་།འཁྲབ་མཁན་རྒྱ་གཞུང་དཔོན་ངན་ཁག་དང་།དེ་དག་གི་རྒྱུགས་ཁྱི་བོད་མི་ཉུང་ཤས་བཅས་ཀྱིས་འཁྲབ་ཆས་བྱིས་པ་རྒྱལ་མཚན་ནོར་བུ་ཀུན་གཟིགས་མཆོག་གི་ཡང་སྲིད་ཡིན་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས།ཉིན་དེ་ནས་རྒྱལ་མཚན་ནོར་བུར་དད་པ་བྱེད་དགོས་སྐོར་བཙན་བཀའ་རབས་དང་རིམ་པོ་མང་པོ་བཏང་།དེའི་དབང་གིས་བོད་མི་མང་པོ་བཙོན་ནང་ལྷུང་ཡོད།བོད་མི་མང་པོར་མནར་གཅོད་རྡུང་རྡེག་ཕོག་ཡོད།།
༡༡༽མཐའ་དོན་ང་ཚོ་བཙན་བྱོལ་ནང་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གཏན་འབེབས་གནང་ཡོད་པ་བཞིན།ང་ཚོས་ཁོང་གི་གནད་དོན་ཐད་བདག་པོ་ཡག་པོ་བརྒྱབ་ནས་ག་དུས་ཡིན་རུང་དོན་ཆེ་གལ་ཆེར་འཛིན་ཏེ་གཞུང་ཆོས་དམངས་གསུམ་གྱིས་འཁྲུངས་སྐར་ཙམ་མིན་པར་རྒྱུན་ཏུ་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་།རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་རྒྱའི་བཙོན་འཁྲོལ་ཡོང་ཐབས་བྱེད་དགོས་པ།མགོན་པོ་མཆོག་གི་སྐུ་གེགས་ཀྱི་མཚན་མ་ཞི་ཐབས་སུ་ཞབས་རིམ་དང་བརྟན་བཞུགས་གསོག་བསྒྲུབས་བྱེད་དགོས་རྒྱུ་བཅས་ཀྱི་འབོད་བསྐུལ་ཞུ་བར་ཐལ།།།།
༸པཎ་ཆེན་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག
ཨ་རོགས་བློ་བཟང་བཀྲ་ཤིས།
ཁྱོད་ཀྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་གླེང་སྐབས་ཐོག་མའི་ངོས་འཛིན་ཞུ་སྟངས་ཐད་༧གོང་ས་མཆོག་གི་བཀའ་སློབ་ཁག་ནས་ཐད་བཤུས་གནང་འདུག་པར་ཐུགས་རྗེ་ཆེ།
འོན་ཀྱང་། ངོས་འཛིན་རྗེས་ཀྱི་རྙོག་དྲ་རྣམས་ཁྱོད་བཀྲ་ཤིས་ལྷུན་པོའི་གྲྭ་ཟུར་ཡིན་ཀྱང་ཞིབ་ཚགས་གནང་མི་ཐུབ་པའི་ཞན་ཆ་ཏོག་ཙམ་མངོན།
དཔེར་ན། ཡང་སྲིད་ངོས་འཛིན་གསལ་བསྒྲགས་བསྐྱངས་རྗེས་པཎ་ཆེན་ཡང་སྲིད་འཛིན་བཟུང་བྱས་པའི་དུས་ཚེས་ ༡༩༩༥།༥།༡༧ ཉིན་ཡིང་ཀྱང་། རྩོམ་ཡིག་ནང་གསལ་བཀོད་མི་ཐུབ་པ།
བྱ་བྲལ་རིན་པོ་ཆེ་འཛིན་བཟུང་སྐབས་ཁོང་གི་ཞབས་ཕྱི་དང་། དྲུང་ཡིག་ཅུང་ལགས་གཉིས་གནམ་ཐང་དུ་མཉམ་དུ་མེད་པར་མཉམ་དུ་ཡོད་པའི་སྐོར་བཀོད་ཡོད་པ།
ངོས་འཛིན་རྗེས་ཀྱི་ཟླ་བ་གཉིས་ནང་བཀྲ་ཤིས་ལྷུན་པོ་གདན་སའི་དགེ་འདུན་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ཟིང་སློང་བྱས་པའི་སྐོར་གསལ་ཁ་མེད་པ།
རྒྱལ་མཚན་ནོར་བུ་ཡང་སྲིད་རྫུན་མར་ངོས་འཛིན་བྱེད་དུས་ ༡༩༩༥།༡༡།༢༩ ཉིན་ཡིན་ཀྱང་། ཚེས་ ༢༨ ཉིན་བཀོད་པ།
རྒྱལ་མཚན་ནོར་བུ་གོང་ཚེས་ཉིན་ལྷ་སར་ངོས་འཛིན་བྱས་རྗེས། ཞོགས་པའི་ཚོུད་དྲུག་པར་གཞིས་རྩེར་ཁྲི་གསོལ་བྱས་སྐོར་ལ། ཟླ་ཚེས་གསལ་འབྲི་གནང་ཐུབ་མེད་པ་སོགས་ཀྱིས་རྩོམ་ཡིག་གི་ནང་དོན་ཕུན་སུམ་མི་ཚོགས་པ་དང་། གནད་དོན་ཁུངས་དག་པོ་མེད་པ། ཞིབ་ཚགས་པོ་མེད་པ་བཅས་ཀྱི་ཞན་སྐྱོན་ལྡན་པས། རྗེས་སུ་རྩོམ་པ་པོས་གནད་དོན་དེ་རིགས་ལ་ཞིབ་ནན་མ་གནང་ཚེ་ཀློག་པ་པོར་གནས་ཚུལ་ལོག་རྟོག་ཡོང་ངེས་པས་གཟབ་གལ་ཆེ།། ཐུགས་རྗེ་ཆེ།།
དྲ་གྲོགས་གུ་རུའི་སྲས་མིང་ཅན་ལགས་ཁམས་བཟང་།
༡༽ཉིད་ཀྱིས་རྩོམ་པ་པོར་ཞིབ་ཚགས་མེད་ཚུལ་གྱིས་ཀླན་ཀ་འདོན་གནང་བར་ཐུགས་རྗེ་ཆེ།འོན་ཀྱང་སྤྱིར་བཏང་གོང་གི་རྩོམ་ཡིག་འདི་བཞིན་ཆེད་རྩོམ་ཞིག་ཡིན་པ་ལས་ལོ་རྒྱུས་ཞིབ་འཇུག་གི་བསྡོམས་ཐོའི་དཔྱད་གཞི་མིན་ཞིང་།ཁྱེད་ཀྱི་བསམ་ཚུལ་ལྟར་༧པཎ་ཆེན་རིན་པོ་ཆེའི་གནད་དོན་ཞིབ་ཚགས་དང་མཐའ་དག་བྲིས་ན་དེབ་ཆེན་ཞིག་ལོངས་པ་བྲིས་དགོས་ཤིང་།ཡིག་ཚོགས་ཆེ་བ་དང་།དྲ་ནང་དུ་ཀློག་མཁན་ཡིད་ཐང་ཆད་པ་བཅས་ཞན་ཆ་ཡོང་གི་ཡོད།རྒྱུན་གཏན་ནས་དྲ་རྒྱའི་ནང་གི་རྩོམ་ཡིག་ག་ཚོད་ཐུང་བ་དང་བསྡུས་པ་བྱུང་ན་དགེ་མཚན་ཆེ་བར་མཐོང་།
༢༽རྩོམ་པ་པོ་སྐབས་དེར་བོད་ལ་དངོས་སུ་མེད་སྟབས་གནས་ཚུལ་ཆུང་ཚགས་རེ་གཉིས་ནོར་འཁྲུལ་ཡོང་བ་ཆོས་ཉིད་ཡིན་པས་ཁྱེད་ཀྱིས་བཀའ་སྐྱོན་མཛད་དོན་མེད།
༣༽གལ་ཏེ་སྐུ་ཉིད་ཀྱི་ཞིབ་ཚགས་དང་།ཁུངས་དག་མཁྱེན་གྱི་ཡོད་ཚོད་འདུག་པས་ཁྱེད་ཀྱིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཤར་ལ་ཉེ་བའི་སྐབས་འདིར་ཞིབ་ཚགས་དང་ཁུངས་དག་ཅིག་བྲིས་མི་གནང་བའི་རྒྱུ་མཚན་གང་ལགས།དེ་ལྟར་འབྲི་རྒྱུར་འབོད་བསྐུལ་ཞུ་རྒྱུ་ལགས།ཁྱེད་ཀྱི་རྩོམ་ཡིག་ཁུངས་དག་ཞིབ་ཚགས་དེ་སྒུག་ནས་སྡོད་ཀྱི་ཡིན།
དྲ་གྲོགས་ལ་རྒྱའི་བདག་པོས་དངོས་ནས་ཡག་པོ་བྲིས་འདུག ཧ་་ཧ་་ཧ་་ད་རྩོད་པ་མ་སྐྱོན་སྐུ་གོང་མའི་བཀའ་དྲིན་དྲན་ན་དོན་མེད་རྩོད་པ་རྒྱག་འདོད་རྩ་བ་ནས་ཡོང་གི་མ་རེད་། དེ་ལས་བཀའ་དྲིན་བསམ་བཞིན་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་གྲོལ་འཐོབ་ཐབས་གནང་མཛོད།།
༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
མཆན་འགོད་གནང་བའི་དྲྭ་གྲོགས་རྣམས་དང་། ལྷག་པར་གུ་རུའི་སྲས་ནས་དོགས་སློང་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གུ་རུའི་སྲས་ཀྱིས་གསུངས་པའི་དོན་གནད་རེ་རེར་གསལ་བཤད་ལན་འདེབས་ཞུ་རྒྱུར།
ཁྱོད་ཀྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་གླེང་སྐབས་ཐོག་མའི་ངོས་འཛིན་ཞུ་སྟངས་ཐད་༧གོང་ས་མཆོག་གི་བཀའ་སློབ་ཁག་ནས་ཐད་བཤུས་གནང་འདུག་པར་ཐུགས་རྗེ་ཆེ།
ཞེས་པའི་ལན་འདེབས། ༡
ངའི་རྩོམ་ཡིག་དེར་དུམ་མཚམས་བཅུ་གཅིག་ཡོད་པ་ནས་དུམ་མཚམས་གང་ཞིག་༸གོང་ས་མཆོག་གི་བཀའ་སློབ་ནས་ཐད་བཤུས་བྱས་འདུག་མཛུབ་མོ་རི་སྟོན་བྱེད་དགོས། ༸པཎ་ཆེན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མའི་ཡབ་ཡུམ་གྱི་མཚན་༸གོང་ས་མཆོག་གི་བཀའ་སློབ་ལས་ཐད་བཤུས་བྱས་འདུག་བརྗོད་ན་ནི་གཟིགས་པ་ཧ་ཅང་ཡངས།
འོན་ཀྱང་། ངོས་འཛིན་རྗེས་ཀྱི་རྙོག་དྲ་རྣམས་ཁྱོད་བཀྲ་ཤིས་ལྷུན་པོའི་གྲྭ་ཟུར་ཡིན་ཀྱང་ཞིབ་ཚགས་གནང་མི་ཐུབ་པའི་ཞན་ཆ་ཏོག་ཙམ་མངོན།
དཔེར་ན། ཡང་སྲིད་ངོས་འཛིན་གསལ་བསྒྲགས་བསྐྱངས་རྗེས་པཎ་ཆེན་ཡང་སྲིད་འཛིན་བཟུང་བྱས་པའི་དུས་ཚེས་ ༡༩༩༥།༥།༡༧ ཉིན་ཡིང་ཀྱང་། རྩོམ་ཡིག་ནང་གསལ་བཀོད་མི་ཐུབ་པ།
ཞེས་པའི་ལན་འདེབས། ༢
ངེད་ཀྱི་རྩོམ་ཡིག་གི་དུམ་མཚམས་དྲུག་པ་བསྐྱར་བཀོད་བྱས་ཡོད་ན། ཡང་བསྐྱར་ནན་ཙམ་གཟིགས་པའི་རེ་བ་ཞུ་རྒྱུ་ཡིན།
གཞིས་བྱེས་བོད་མི་ཡོངས་ཀྱི་རེ་འདུན་བཞིན། སྤྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནག་ཆུ་ལྷ་རི་རྫོངས་ཁོངས། སྐྱེད་བྱེད་དཀོན་མཆོག་ཕུན་ཚོགས་དང་། སྐྱེད་མ་བདེ་ཆེན་ཆོས་སྒྲོན་ཟུང་གི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ། ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་གཏམ་བཟང་ཨ་རིའི་སྒྲ་སྐད་རླུང་འཕྲིན་བརྒྱུད། བོད་ཀྱི་ས་གནས་གང་སར་ཐོས། འོན་ཀྱང་ཉིན་དེ་གར་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཡབ་ཡུམ་དང་བཅས་པ་དམ་དྲག་བྱས་པ་དང་། ཕྱི་ཉིན་སྤྱི་ཚེས་ ༡༥ ཉིན་བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་དང་། ཁོང་གི་དྲུང་ཡིག་བྱང་པ་གཅུང་ལགས། ཞབས་ཞུ་བ་བཀྲ་ཤིས་བཅས་བོད་དུ་ཕེབས་ལམ་རྒྱ་ནག་སི་ཁྲོན་གྲན་ཌུ་གནམ་ཐང་དུ་བཀག་སྐྱིལ་གྱིས། རྒྱ་གཞུང་གིས་བཏོན་པའི་ཆ་རྐྱེན་ལ་ཞལ་བཞེས་མ་མཛད་རྐྱེན་འཛིན་བཟུང་བྱས་ཤིང་། བོད་ཁྱོན་ཡོངས་སུ་དྲག་དམག་གིས་བསྐངས། གཞིས་རྩེ་དང་རྒྱལ་ས་ལྷ་ས། ནག་ཆུ་བཅས་སུ་མི་གསུམ་ལྷག་འཛོམས་མི་ཆོག་པའི་བཀོད་ཁྱབ་སྤེལ།
ཁྱོད་ཀྱིས་ཡང་སྲིད་རིན་པོ་ཆེ་འཛིན་བཟུང་བྱས་པའི་དུས་ཚེས་ ༡༩༩༥།༥།༡༧ ཉིན་ཡིན་པའི་ཁུངས་ཤིག་གསུངས་པར་ཞུ།
བྱ་བྲལ་རིན་པོ་ཆེ་འཛིན་བཟུང་སྐབས་ཁོང་གི་ཞབས་ཕྱི་དང་། དྲུང་ཡིག་ཅུང་ལགས་གཉིས་གནམ་ཐང་དུ་མཉམ་དུ་མེད་པར་མཉམ་དུ་ཡོད་པའི་སྐོར་བཀོད་ཡོད་པ།
ཞེས་པའི་ལན་འདེབས། ༣
བྱ་བྲལ་རིན་པོ་འཛིན་བཟུང་མ་བྱས་གོང་དྲུང་ཡིག་བྱང་པ་གཅུང་ལགས་དང་། ཞབས་ཞུ་བ་བཀྲ་ཤིས་བཅས་མཉམ་དུ་ཁྲིད་དེ། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དང་ཆབས་ཅིག་མཐའ་མའི་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་༸གོང་ས་མཆོག་ནས་ཐུགས་ཐག་གཅོད་དགོས་པའི་ཆོག་མཆན་ཞུ་བར་ཕེབས་ཐོན་གནང་བ་དང་། ཡར་ལམ་ཡང་མཉམ་དུ་ཕེབས་སྐབས་ཆབས་ཅིག་འཛིན་བཟུང་བྱས་ཡོད་པ་དོན་རྐྱེན་སྐབས་དངོས་སུ་ཡོད་པའི་མི་སྣས་གསལ་བར་གསུངས་བྱུང་ན། ཁུངས་ལྡན་གྱི་གནས་ཚུལ་ཞིག་ཡིན། ཁྱོད་ཀྱིས་ཁོང་ཚོ་མཉམ་དུ་གནམ་ཐང་དུ་མེད་པའི་གནས་ཚུལ་གྱི་ཁུངས་སྐྱེལ་གནང་དགོས།
ངོས་འཛིན་རྗེས་ཀྱི་ཟླ་བ་གཉིས་ནང་བཀྲ་ཤིས་ལྷུན་པོ་གདན་སའི་དགེ་འདུན་པ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ཟིང་སློང་བྱས་པའི་སྐོར་གསལ་ཁ་མེད་པ།
ཞེས་པའི་ལན་འདེབས། ༤
༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་དོན་རྐྱེན་སྐབས་ངེད་རང་ས་གནས་སུ་མེད་ཀྱང་། གནས་ཚུལ་དེའི་སྔ་ཕྱིའི་འབྱུང་རྐྱེན་མཐའ་དག་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ། གནས་ཚུལ་མཐའ་དག་གཅིག་ནས་གཉིས་སུ་ཟིན་ཐོ་བཀོད་ཡོད་པ་དང་། ཐོག་མའི་རྩོམ་ཡིག་མ་ཟིན་སྐབས་ཞིབ་ཙམ་བྲིས་ཡོད་རུང་། དུས་བབ་དྲྭ་རྒྱའི་ཐོག་ས་ཆ་མེད་པའི་དཀའ་ངལ་དང་ཀློག་པ་པོ་བཅས་ལ་བསམས་གཞིགས་ཀྱིས་ཉུང་ངུར་བཏུས་ཏེ་བཀོད་ཡོད། དེའི་ཐད་ཀྱི་གནས་ཚུལ་ལ་ཐུགས་སྣང་ཡོད་ཚེ་མྱུར་འཕྲིན་ཐོག་འབུལ་ཆོག ད་དུང་ཉིད་ཀྱིས་མཆན་འགོད་གནང་སྐབས་མིང་ཚིག་བེད་སྤྱོད་གཏོང་ཚུལ་ལ་གཟབ་དགོས་པར་མཐོང་། ད་བར་ང་ཚོས་རྒྱ་གཞུང་ལ་ཞི་རྒོལ་ལམ་གྱེན་ལངས་ངོ་རྒོལ་བྱས་ཡོད་པ་ལས། ཟིང་སློང་བྱས་མེད། ཟིང་སློང་ཞེས་པ་ཁྲིམས་བརྒལ་གྱིས་བདེ་འཇགས་ཟང་ཟིང་བཟོ་བར་གོ་དགོས་པ་དང་། རྒྱ་གཞུང་གིས་རྒྱབ་ལྗོངས་ཡོད་པའི་མིང་ཚིག་བེད་སྤྱོད་གཏོང་བ་དེར་གཡམ་རྒྱུགས་མ་གནང་བའི་རེ་བ་ཆེ།
རྒྱལ་མཚན་ནོར་བུ་ཡང་སྲིད་རྫུན་མར་ངོས་འཛིན་བྱེད་དུས་ ༡༩༩༥།༡༡།༢༩ ཉིན་ཡིན་ཀྱང་། ཚེས་ ༢༨ ཉིན་བཀོད་པ།
ཞེས་པའི་ལན་འདེབས། ༥
སྐབས་དེར་སྤྱི་ཚེས་ ༢༨ དང་། ༢༩ ནམ་ཕྱེད་ཙམ་ལ་གསེར་བུམ་དཀྲུགས་ཡོད་པས། བོད་པ་དང་ཕྱི་ལུགས་ཀྱི་རྩིས་སྟངས་ཐད་ང་གཉིས་ཀྱི་མ་མཐུན་པའི་གནས་ཚུལ་དེ་བྱུང་བ་དང་། རང་རེ་བོད་པ་རྣམས་ཀྱིས་སྤྱི་ཚེས་ ༢༨ ནམ་ཕྱེད་ལ་སྤྱི་ཚེས་ ༢༩ མི་ཟེར་བར་སྤྱི་ཚེས་ ༢༨ ཟེར་བའི་རྗེས་སུ་འབྲངས་པ་ལགས།
རྒྱལ་མཚན་ནོར་བུ་གོང་ཚེས་ཉིན་ལྷ་སར་ངོས་འཛིན་བྱས་རྗེས། ཞོགས་པའི་ཚོུད་དྲུག་པར་གཞིས་རྩེར་ཁྲི་གསོལ་བྱས་སྐོར་ལ། ཟླ་ཚེས་གསལ་འབྲི་གནང་ཐུབ་མེད་པ་སོགས་ཀྱིས་རྩོམ་ཡིག་གི་ནང་དོན་ཕུན་སུམ་མི་ཚོགས་པ་དང་། གནད་དོན་ཁུངས་དག་པོ་མེད་པ། ཞིབ་ཚགས་པོ་མེད་པ་བཅས་ཀྱི་ཞན་སྐྱོན་ལྡན་པས། རྗེས་སུ་རྩོམ་པ་པོས་གནད་དོན་དེ་རིགས་ལ་ཞིབ་ནན་མ་གནང་ཚེ་ཀློག་པ་པོར་གནས་ཚུལ་ལོག་རྟོག་ཡོང་ངེས་པས་གཟབ་གལ་ཆེ།། ཐུགས་རྗེ་ཆེ།།
ཞེས་པའི་ལན་འདེབས། ༦
ཡིག་རྗེས་གོ་བས་ཀློག་ཅེས་པ་ལྟར། སྤྱི་ཚེས་ ༢༨ ནམ་ཕྱེད་ཙམ་ལ་གསེར་བུམ་དཀྲུགས་རྗེས་སྤྱི་ཚེས་ ༢༩ ཞོགས་པའི་ཆུ་ཚོད་ ༦ ཙམ་ལ་གཞིས་རྩེར་ཁྲིད་པ་ཞིག་རེད། སྤྱིར་ངེད་ཀྱི་རྩོམ་དེའི་མི་སྣ་གཙོ་བོ་༸པཎ་ཆེན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་ཡིན་པ་དང་རྒྱལ་མཚན་ནོར་བུ་མི་སྣ་ཕལ་པ་ཡིན་པས་རྒྱལ་མཚན་ནོར་བུའི་སྐོར་རྒྱས་བཤད་བྱས་མེད། དེ་ལྟ་བུའི་སྐྱོན་འཚོལ་དགོས་ན་བྱ་བྲལ་རིན་པོ་ཆེའི་ཡབ་ཡུམ་དང་འཁྲུངས་ཡུལ་སོགས་འཁོད་མི་འདུག་ཅེས་མ་གསུངས་པ་གང་ཡིན་ནམ།
མཐའ་དོན། ཁྱོད་རང་གིས་དོགས་སློང་དེ་ལྟར་གནང་བ་ཡང་བསྐྱར་ལེགས་སོ་ཞུ་འོས་ཀྱང་། ཕྲན་གྱི་རྩོམ་ནང་སུས་ཀྱང་ཞིབ་འཇུག་གིས་གསལ་ཁ་གནང་མེད་པའི་གནད་དོན་འགའ་ལ་གསལ་ཁ་གཏོད་ཡོད་ཀྱང་། དེ་ལྟར་ངོས་འཛིན་མ་གནང་བའམ། གནང་མ་ཐུབ་པ་ཅུང་ཡ་མཚན་བྱུང་།
ད་དུང་མུ་མཐུད་བགྲོ་གླེང་གནང་རྒྱུར་དགའ་བསུ་ཞུ།
ཕྲག་དོགས་ཀྱིས་བཟི་བའི་གུ་རུའི་སྲས་ཀྱི་མིང་རྫུས་འོག་གབ་པའི་མཆན་འགོད་པ་དེ། ལ་རྒྱའི་བདག་པོ་དང་བློ་བཟང་བཀྲ་ཤིས་གཉིས་ཀྱིས་སྨྲ་བ་ལན་མེད་དུ་བཟོས་འདུག་གའ། ཧ་ཧ་ཧ་ཧ་ཧ། ད་དུང་ཁྱོད་པཎ་རྫུས་རྒྱལ་མཚན་ནོར་བུར་ཕྱོགས་པ་ཞིག་ཡིན་འདུག་པ། པཎ་རྫུས་རྒྱལ་མཚན་ནོར་བུའི་གནས་ཚུལ་གསལ་ཙམ་དགོས་ན། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དང་ཉེ་བར་སོངས།
རྒྱལ་མཚན་ནོར་བུར་བཀའ་སྐྱོན་མང་པོ་མ་གཏོང་རོགས། ཁོང་གིས་ང་པཎ་ཆེན་ཡིན་གསུངས་མེད། རྒྱ་མིས་ཁྱོད་རེད་ཟེར་ཚུར་ཟེར་བ་རེད། ཁོང་མིའུ་གདུང་དྲུག་གི་བུ་རྒྱུད་ཅིག་རེད། དེ་ལ་ཐུགས་ལ་འདོག
དངོས་གནས་དྲང་གནས་ཡག་པོ་ཞིག་བྲིས་འདུག་་་ང་ཚོའི་པཎ་ཆེན་དགུ་པ་དང་དེས་བྱས་པ་རྗེས་འབྲེལ་གྱི་ལོ་རྒྱུས་དག་དྲྭ་ངོས་སུ་བཀོད་ན་དགེ་མཚན་ཆེ་བ་མ་ཟད་སྐུ་ཕྲེང་བཅུ་པ་ངོས་འཛིན་ཞུ་ཕྱོགས་ཀྱི་གནས་ཚུལ་ཞིབ་ཚགས་པོའི་མི་དམངས་ལ་གསལ་སྟོན་དང་འབྲེལ་བཤད་རྒྱག་ཐུབ་ན་དེ་བས་ལེགས་པས་ངོ་མ་རྩོམ་པ་པོ་ཁོང་ལ་ཐུགས་རྗེ་ཞུ་རྒྱུ་ཡིན།
དྲ་གྲོགས་གུ་རུའི་སྲས་ལགས་སྐུ་ཁམས་བཟང།
བློ་བཀྲ་ཡིས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དང་འབྲེལ་པའི་སྐོར་ལ་དེ་སྔོན་ཐོན་མ་མྱོངས་པའི་གནས་ཚུལ་མང་བོ་ཞིག་བྲིས་འདུག ཡིན་ནའང་ཁྱེད་ཀྱི་སྐོར་ལ་ཚིག་ཅིག་ཀྱང་མི་བཤད་པར་དེ་ལ་ལོག་འགྲེལ་ལྟ་བུ་མང་བོ་བརྒྱབ་འདུག གལ་ཏེ་ཁྱེད་ཀྱི་རྩོམ་ཡིག་འདི་ཁྱེད་ཀྱི་མིང་ཐོག་ནས་སྟོན་འདོད་ཡོད་ན་བློ་བཀྲ་ལགས་སུ་སྤྲོད་རོགས་ལབ་ན་ཕལ་ཆེར་སྤྲོད་ཀྱི་རེད། ཁྱེད་གཞན་གྱི་རྩོམ་ཡིག་ལ་བསྒྱུར་བཅོས་ཕྲན་བུ་བཏང་ནས་རང་གིས་མིང་བྲིས་ནས་བཏོན་མཁན་རིགས་ཡིན་པས་སོ།
http://www.tibettimes.net/news.php?showfooter=1&id=8818པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་ལ་རྙོག་དྲ་བཟོ་མཁན་འཐབ་ཕྱོཊ་གཅིག་གྱུར་རེད།
འདོན་སྤེལ། ༢༠༡༤/༠༤/༢༦
དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༢༥ ལ་ཕེབས་པའི་དུས་དྲན་སྲུང་གཙི་དང་འབྲེལ་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག ངྷ་རམ་ས་ལའི་བཞུགས་སྒར་གཙུག་ལག་ཁང་དུ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༥ ཕེབས་པའི་འཁྲུངས་སྐར་གཞུང་འབྲེལ་གྱིས་སྲུང་གཙི་གནང་ཡོད་ཅིང་། དེར་བོད་མིའི་སྒྲིག་འཛུཊ་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པ་དང་གཞུང་ཞབས་ལས་བྱེད། དེ་བཞིན་ངྷ་ས་ཉེ་འཁོར་སློབ་གྲྭ་ཁག་གི་སློབ་ཕྲུག བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་ལྷན་འཛོམས་གནང་བའི་ཐོག བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་སྐུ་མགྲོན་རྣམས་བཞུགས་ཁྲིར་འཁོད་རྗེས། བོད་བསྟན་སྲིད་མི་རིགས་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་བ་རྣམ་པར་མྱ་ངན་དང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་འཕྲིན་གལ་ཆེན་སྙིང་བསྡུས་ངོ་སྤྲོད་གནང་སོང་།
སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་གཏམ་བཤད་གནང་དོན། པཎ་ཆེན་རིན་པོ་ཆེ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་བ་ཐམས་ཅད་མཁྱེན་པ་བོད་དུ་ཆིབས་བསྒྱུར་གནང་རྒྱུ་དེ་རེད། གལ་སྲིད། པཎ་ཆེན་རིན་པོ་ཆེར་དད་པ་ཡོད་མཁན་དང་ཁོང་གི་བཀའ་དྲིན་ལ་བསམ་ཤེས་བྱེད་མཁན་ཞིག་ཡིན་ན། ངེས་པར་དུ་ཁོང་གི་བཀའ་ལ་བརྩི་བཀུར་དང་ཤར་སྐྱོད་བྱ་རྒྱུ་གལ་ཆེན་པོ་རེད། དེར་བརྟེན། པཎ་ཆེན་རིན་པོ་ཆེས། ང་རང་ཚོ་དང་ཁྱེད་རང་ཚོ་(སྐུ་ཚབ་རྣམ་པ) ལ་བསམ་དོན་གཅིག་ལ་བཤད་སྟངས་ཁ་ཁ་རེད། བསམ་དོན་གཅིག་བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། རང་དབང་ལུང་པའི་ནང་ཡོད་པའི་བཤད་སྟངས་གཅིག་དང་། པཎ་ཆེན་རིན་པོ་ཆེ་གཙོས་བོད་ལ་ཐུགས་འཁུར་གནང་མཁན་གཞིས་ལུས་མགོ་ཁྲིད་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་བསྡད་པའི་བཤད་སྟངས་གཅིག་ཡོད། གཉིས་པ། པཎ་ཆེན་རིན་པོ་ཆེས་ཡང་ཡང་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་ལ་བཀའ་གནང་ཡོད་པ་རེད། རྒྱལ་བ་ཐམས་ཅད་མཁྱེན་པ་ཕྱིའི་རྒྱལ་ཁབ་ཁག་ནང་ཕེབས་ཏེ་མཛད་འཕྲིན་རྒྱས་པོ་ཡིན་སྟབས་བོད་མི་མང་ལ་ཕན་ཆེན་པོ་ཐོག་གི་ཡོད། འོན་ཀྱང་། རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཕྱྭ་ལ་འགན་ཡག་པོ་མ་འཁུར་ན་ཉེན་ཁ་ལྷག་ཡོང་དུས་ང་ཚོས་འདི་བྱེད་གང་བྱེད་མེད་པ་ཆགས་རྒྱུ་རེད། མདོར་བསྡུས་ན། ༧གོང་ས་མཆོག་གི་སྐུ་ཚེ་བརྟན་ན་བོད་མི་མང་ལ་རེ་བ་ཡོད་པ་རེད། ཅེས་བརྗོད་སོང་།
པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་ཡང་སྲིད་རྩད་གཅོད་དང་དེའི་རྙོག་ཟིང་སྐོར་ལ་ཁོང་གིས། ༡༩༩༡ ལོར་༧གོང་ས་མཆོག་གིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་བརྒྱུད་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་བྱེད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ལྷ་མོའི་བླ་མཚོར་མཚོ་གཟིགས་གནང་བར་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་། རྒྱ་ནག་གཞུང་ཚབ་ཁང་གིས་པཎ་ཆེན་ཡང་སྲིད་ངོས་འཛིན་ལ་ཕྱི་ཕྱོགས་ནས་བྱུས་གཏོགས་མ་བྱེད་ཅེས་ལན་བརྒྱབ་ཡོད། དེ་ནས་བཟུང་བཙན་བྱོལ་གཞུང་དང་བཀྲ་ཤིས་ལྷུན་པོའི་ཡང་སྲིད་རྩད་གཅོད་ཚོགས་ཆུང་བར་འབྲེལ་བ་ཆད་པ་རེད། ༡༩༩༤ ལོའི་ཟླ་ ༧ པའི་ནང་བོད་གཞུང་གི་ངོས་ནས་སྐུ་ངོ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གཉིས་ཕེབས་ཏེ། ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་ཚོགས་གཙོ་བྱ་བྲལ་རིན་པོ་མཆོག་བཅས་ཐུག་འཕྲད་གནང་སྐབས། ཁོང་ཚོས་པཎ་ཆེན་རིམ་བྱོན་གྱི་རྣམ་ཐར་སོགས་༧གོང་ས་མཆོག་ལ་བསྐུར་གནང་སྟེ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལོ་རྟགས་སྤྲུལ་དང་སྟག་ཡོང་གི་འདུག་པའི་རྟགས་མཚན་འདི་འདྲ་ཞིག་གཏན་འཁེལ་ཡོད་སྟབས། རྒྱལ་བ་ཐམས་ཅད་མཁྱེན་པས་ཡང་སྲིད་ཐུགས་གཏན་འཁེལ་བའི་རོགས་རམ་སྐྱབས་འཇུག་ཞུས་ཡོད། ལོ་དེའི་ཟླ་བ་ ༨ པའི་ནང་༧གོང་ས་མཆོག་གིས་ལྡི་ལིར་རྒྱ་ནག་གཞུང་ཚབ་བརྒྱུད་དེ་བྱ་བྲལ་རིན་པོ་གཙོས་ཡང་སྲིད་སྐོར་ལ་ཕྱག་ལས་གནང་མཁན་ཁ་ཤས་ཤིག་རྒྱ་གར་ནང་ཕེབས་ཐུབ་ན་ཡག་ས་རེད་ཅེས་བཀའ་ཡིག་གནང་ཡང་རྒྱ་གཞུང་གིས་བཀའ་ལན་སྤྲད་མེད། ཅེས་དང་།
༧གོང་ས་མཆོག་གིས་བཀའ་ལན་ཡིག་ཆ་ཕུལ་བ་དེ་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་ཉར་ནས་ཡང་སྲིད་ཚོགས་ཆུང་ལ་སྤྲད་མེད་པར་བརྟེན། ཡང་སྲིད་ཚོགས་ཆུང་གི་ངོས་ནས་ཚུར་བརྡ་ལན་བསླེབས་མ་སོང་བསམ་བསམ་ཞིག་ཡོད། ལན་གསལ་བོ་མ་བྱུང་བའི་གནད་དོན་དེ་རྒྱ་ནག་གཞུང་གིས་བཟོས་པ་རེད་མ་གཏོགས་༧གོང་ས་མཆོག་གི་ངོས་ནས་ལྷོད་གཡེང་ཤོར་བ་གཏན་ནས་མ་རེད། སྐབས་དེའི་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་གིས་ལྷོད་གཡེང་ཤོར་བ་སུས་ར་སྤྲོད་བྱས་ཡོད་ཟེར་ན། དུས་སྐབས་དེའི་རྒྱ་ནག་དབུས་ཨུ་ཡོན་ལྷན་ཁང་དུ་ཡོད་པ་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་པ་ལགས་ཞི་ཀྲོང་ཞོན (Xi zhongxun) གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་ཚོར་པཎ་ཆེན་རིན་པོ་ཆེ་དང་ང་ཕོད། འབའ་བ་ཕུན་ཚོགས་དབང་རྒྱལ་བཅས་རྒྱ་གར་ལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ཡོང་གི་མ་རེད། འོས་ཤིང་འཚམས་པ་འབའ་བ་ཕུན་ཚོགས་དབང་རྒྱལ་གཏོང་དགོས་པའི་གནས་ཚུལ་ཞིག་འགྲོ་སྐབས། པཎ་ཆེན་རིན་པོ་ཆེའི་དགོངས་པ་རྫོགས་པ་རེད། ཞི་ཀྲོང་ཞོན་གྱིས་འབའ་བ་ཕུན་ཚོགས་དབང་རྒྱལ་རྒྱ་གར་དུ་གཏོང་བ་ཕྱི་འགྱངས་རྩ་བ་ནས་མི་བྱེད་པར་གཏོང་དགོས་པ་དང་། གལ་སྲིད་། ཕྱི་འགྱངས་བྱས་ན་མ་འོངས་བར་པཎ་ཆེན་གྱི་ཡང་སྲིད་གཉིས་ཆགས་པའི་ཉེན་ཁ་ཡོད་པ་རེད་ཅེས་གསལ་བོར་བཤད་ཡོད། གཞན། འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་ཐོག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་བོད་རང་སྐྱོང་ལྗོངས་དང་ཡང་སྲིད་རྩད་གཅོད་ཚོགས་ཆུང་ལ་བརྡ་ལན་གསལ་བོ་སྤྲད་མེད་པའི་ར་སྤྲོད་བྱས་ཡོད། ཅེས་བརྗོད་སོང་།
ཡང་ཁོང་གིས། ༡༩༩༤ ལོར་རྒྱ་ནག་གཞུང་གིས་མི་གཉིས་ཧོང་ཀོང་བརྒྱུད་༧གོང་ས་མཆོག་ལ་ཐུགས་འཕྲད་དུ་བཏང་སྟེ། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གང་ངོས་འཛིན་གནང་བར་༧གོང་ས་མཆོག་གིས་ཡང་སྲིད་ངོ་མ་ཡིན་པའི་རྒྱབ་སྐྱོར་དང་ངོས་འཛིན་བྱེད་ཐུབ་མིན་ཉམས་ཚོད་ལེན་དུ་ཡོང་བ་རེད། ༧གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་བ་དེ་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བྱིས་པ་ཞིག་འདི་རེད་མ་རེད་ཅེས་ངས་རྩ་བ་ཉིད་ངས་ཐག་གཅོད་ཐུབ་པ་མ་རེད། ཆོས་ལུགས་ཀྱི་ཐོག་ནས་ཡང་སྲིད་མ་ནོར་བ་ཞིག་དགོས་ཀྱི་རེད། ལྷག་པར་དུ་དད་ལྡན་མང་ཚོགས་ཀྱིས་ཡིད་ཆེས་དང་ངོས་ལེན་ཡོད་པ་ཞིག་དགོས་སྟབས། ཕན་ཚུན་མཉམ་རུབ་ཀྱིས་གནང་ན་ཡག་པོ་ཡོང་ས་མ་རེད་ཅེས་བཀའ་ལན་གནང་ཡོད་ཀྱང་། འཐབ་ཕྱོགས་གཅིག་འགྱུར་ཁང་གིས་ཚུར་བརྡ་ལན་གང་ཡང་གནང་མེད། གནད་དོན་འདིའི་ཐོག་ནས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་མི་སྣས་ལས་ཀ་འཐུས་ཤོར་བཏང་ཡོད། ཡང་སྲིད་རྩད་གཅོད་ཀྱི་རྒྱུད་རིམ་ཆ་ཚང་ཞིག་ཕྱིན་རྗེས། ༧གོང་ས་མཆོག་གིས་ཡང་སྲིད་གསལ་བསྒྲགས་བྱས་པར་རྒྱ་ནག་གཞུང་གིས་ཁྲིམས་མཐུན་མ་རེད་ཅེས་སྐྱོན་བརྗོད་བྱས་ཡོད། སྐབས་དེར་༧གོང་ས་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ལ་བཀའ་ཡིག་ཅིག་ཕུལ་བའི་ནང་། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་འདི་ང་མི་སྒེར་གཅིག་དང་བཀྲ་ཤིས་ལྷུན་པོ་དགོན་པ་གཉིས་ཀྱི་གནད་དོན་ཞིག་མ་རེད། དེ་བོད་མི་རིགས་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཡོད་སྟབས། ངས་འགན་འཁུར་བ་ཡིན། ངས་ངོས་ནས་རྒྱ་གཞུང་ལ་འབྲེལ་བ་རིམ་པ་བྱས་ཀྱང་རྒྱ་གཞུང་གིས་བརྡ་ལན་གང་ཡང་བསླེབས་མ་སོང་ཅེས་གསུངས་ཡོད། དེར་བརྟེན། ཀུན་གཟིགས་པཎ་ཆེན་རིན་ཆེའི་ཡང་སྲིད་གཉིས་བཟོས་པའི་རྙོག་དྲ་བཟོ་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་དང་ལྷག་པར་དུ་བོད་ཀྱི་ཐོག་ལ་ལས་ཀ་བྱེད་མཁན་ཚོས་འཐུས་ཤོར་དང་ནོར་འཁྲུལ་བཟོས་པ་རེད་ཅེས་བརྗོད་སོང་།
དེའི་རྗེས་སྲིད་སྐྱོང་མཆོག་གི་སྲིད་ཚབ་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བཀའ་ཤག་གིས་གསུང་འཕྲིན་སྒྲོགས་སྦྱོང་གནང་བའི་ནང་། ༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྟབས། ༧གོང་ས་མཆོག་གིས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་ལམ་ལུགས་གཞི་བཟུང་ལོ་མང་རིང་བརྟག་དཔྱད་ཞིབ་བསྡུར་གནང་རྗེས། ༡༩༩༥ ལོའི་༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་འཕེལ་གྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་ངོས་འཛིན་གསལ་བསྒྲགས་གནང་ཡོད།
ཡང་སྲིད་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་སློབ་གཉེར་གསན་བཞེས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་འགན་བཞིན་རྒྱུར་རྒྱ་ནག་གཞུང་གིས་མཐུན་འབྱུར་རོགས་རམ་ཡོང་བའི་རེ་འདུན་བཏོན་ཡང་། རྒྱ་གཞུང་གིས་དེ་ལས་ལྡོག་ཏེ་བཀག་རྒྱ་དམ་པོར་འོག་ད་བར་ཡང་སྲིད་རིན་པོ་ཆེ་མཇལ་ཡུལ་མེད་པར་བཟོས་པ་དང་གར་སོང་དུ་གྱུར་པ་འཛམ་གླིང་ཡོངས་ཀྱིས་ཤེས་གསལ་ལྟར་རེད། རྒྱ་ནག་གཞུང་གིས་ཡང་སྲིད་ཁོང་བཙན་འཁྲིད་བྱེད་སྐབས་དགུང་གྲངས་དྲུག་ལས་སོན་མེད་ཁོང་ནི་འཛམ་གླིང་ནང་ཆབ་སྲིད་ཀྱི་བཙོན་པ་ལོ་ཆུང་ཤོས་ཆགས་ཡོད་ཅེས་སོགས་གསུངས་སོང་།
པཎ་ཆེན་རིན་པོ་ཆེའི་ཀློད་གྲོལ་ཡོང་ཐབས་ཐད་ཁོང་གིས། “འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དམངས་གཙོའི་ཁེ་དབང་དར་ཁྱབ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་བཟང་སྤྱོད། ཐ་ན་སོ་སོའི་ཁྲིམས་ལུགས་ཚུན་ཆད་གང་ལའང་བརྩི་འཇོག་མེད་པར་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ཁོ་ནའི་ཆེད། དགུང་ལོ་དྲུག་ལས་མ་སོན་པའི་བྱིས་པ་ཞིག་ད་བར་དོ་དམ་བཀག་ཉར་བྱས་པ་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་མཚན་ཤས་དང་། ཁྱད་པར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མང་གཙོའི་ཁེ་དབང་གལ་ཆེར་བརྩི་མཁན་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཆགས་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་པ་བཅས་ཀྱིས་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་ཀློད་གྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་མུ་མཐུད་རེ་འདུན་ཞུ་སྐུལ་གནང་རོགས་ཞུ་རྒྱུ་དང་། རྒྱ་ནག་གཞུང་གི་ངོས་ནས་ཀྱང་བོད་རྒྱ་མི་རིགས་ཡོངས་ཀྱི་ཁེ་ཕན་དང་། རྒྱལ་སྤྱིའི་ནང་རྒྱ་ནག་རྒྱལ་ཁབ་ཀྱི་མཚན་མཐོང་བཅས་ལ་དགོངས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མགྱོགས་མྱུར་ཀློད་གྲོལ་གྱིས་སྔར་སྲོལ་ལྟར་རྒྱལ་བ་ཡབ་སྲས་རྣམ་གཉིས་ལྷན་འཛོམས་བྱ་རྒྱུའི་གོ་སྐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་།
མཇུག་ཏུ། སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་པཎ་ཆེན་རིན་པོ་ཆེ་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་སྐབས་འདིར། རྒྱ་ནག་གཞུང་གིས་ཡབ་ཡུམ་ལྷན་བཙན་ཁྲིད་ཀྱིས་གར་ཡོད་ཆ་མེད་དུ་གྱུར་ཏེ་མི་ལོ་ ༡༩ འཁོར་ལ་ཉེ་བ་ཡོད། ཆོས་ལུགས་དགྲར་འཛིན་པའི་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནའི་ཆེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་དད་འདུན་རྩེ་གཅིག་ཏུ་ཡོད་པའི་བོད་རིགས་མི་མང་ དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཡོད་པའི་བོད་ཀྱི་གྲོགས་པོ་བཅས་པའི་སེམས་ཚོར་ལ་ལྟོས་མེད་དང་། འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་སྲོལ་རྒྱུན་ལ་སྣང་མེད་བཞག་པ་རེད་ཅེས་གསུངས་སོང་།
ཡང་པཎ་ཆེན་པ་ཆེའི་ཡང་སྲིད་གང་དུ་ཡོད་མེད་ཐད་རྒྱ་གཞུང་གི་གསལ་བཤད་གནང་དགོས་པའི་འབོད་སྐུལ་ཐད། ཁོང་གིས་ “མཆོག་སྤྲུལ་རིན་པོ་ཆེ་དགུང་ལོ་དྲུག་གི་ཐོག་ནས་བཙན་ཁྲིད་བྱས་ཏེ། ད་བར་མི་ལོ་ ༡༩ ཉེ་བའི་རིང་གར་ཡོད་ཆ་མེད་དུ་གྱུར་ཡོད། ཀུན་གཟིགས་སྐུ་གོང་མ་བཙོན་གྲོལ་ཐོབ་ནས་ལོ་ངོ་བཅུ་ཙམ་རིང་བོད་ཀྱི་ཆོས་དང་རིག་གཞུང་རྨང་ནས་གསོ་བའི་མཛད་ཐབས་རླབས་ཆེན་སྐྱོང་བཞིན་པའི་<མུར། དར་མའི་ན་ཚོད་སྐབས་གློ་བུར་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་པའི་བློ་ཕམ་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་། མཆོག་སྤྲུལ་རིན་པོ་ཆེ་སྐུའི་གནས་སྟངས་ལ་ཉེ་ཞོ་མི་འབྱུང་བར་ཤོག་ཅེས་ང་ཚོས་གསོལ་འདེབས་ཞུ་རྒྱུ་ལས་ཐབས་ཤེས་གཞན་མེད། རྒྱ་གཞུང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་གཞེས་ཡིན་ལུགས་ཤོད་བཞིན་ཡོད་པ་ལྟར་ད་ལྟ་གང་དུ་བཞུགས་ཡོད་མེད་དང་། སྐུ་ཡོན་གསན་བཞེས་ཅི་འདྲ་གནང་གི་ཡོད་མེད་སོགས་བོད་མི་གཙོས་འཛམ་གླིང་རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་གསལ་བོ་བཟོ་དགོས་པ་ནི་རྒྱ་གཞུང་གི་ལས་འགན་ཆགས་ཡོད་པ་ལྟར་གོ་སྐབས་འདི་བརྒྱུད་ནས་ནན་བསྐུལ་ཞུ་བཞིན་ཡོད་”ཅེས་གསུངས་སོང་།
གསུང་བཤད་གནང་ཚར་རྗེས་གསོལ་ཇ་དང་ངྷ་སྟེང་བོད་ཁྱིམ་དང་ངྷ་ཤོད་བོད་ཁྱིམ་གཉིས་ཀྱི་སློབ་ཕྲུག་དང་བོད་ཀྱི་ཟློས་གར་ཚོགས་པ་བཅས་ཀྱི་པཎ ཆེན་རིན་པོ་ཆེ་མཛད་རྗེས་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་གནང་སོང་།
གཞན། དེ་རིང་སྲིད་སྐྱོང་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཉིས་རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་ཕེབས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དུས་དྲན་སྲུང་གཙི་གནང་ཡོད་འདུག