མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
བཀུར་འོས་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་མང་ཚོགས་ཡོངས་ལ།
༡༽ ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནི། བོད་བསྟན་སྲིད་ཀྱི་བྱུང་རབས་ནང་མཛད་རྗེས་ཤིན་ཏུ་ཆེ་ཞིང་བོད་མི་མང་གི་འདི་ཕྱིའི་སྐབས་གནས་ཕུལ་དུ་བྱུང་ཞིག་ཡིན་པ་ལྟར། དེ་རིང་འདིར་ཀུན་གཟིགས་༸པཎ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ཐེངས་༢༤ སྲུང་བརྩི་ཞུ་བ་དང་ཆབས་ཅིག ཕྱི་ལོ་དུས་རབས་ཉི་ཤུ་བའི་ནང་༸པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་བ་བློ་བཟང་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཀྱང་། བོད་བསྟན་སྲིད་དང་མི་རིགས་རིག་གནས་བཅས་ཀྱི་ཆེད་དུ་རླབས་ཆེ་བའི་ཕྱག་རྗེས་ཇི་སྙེད་ཅིག་འཇོག་གནང་མཛད་པའི་བཀའ་དྲིན་རྣམས་སྙིང་དབུས་ནས་རྗེས་དྲན་ཞུ་རྒྱུ་ཡིན།
༢༽ བོད་མི་མང་གི་མིག་མདུན་དུ། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གློ་བུར་སྐུ་བཀྲོངས་པ་དང་། ༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀྱང་འཕྲལ་དུ་བོད་མིའི་མདུན་ནས་བཙན་འཕྲོག་བཙོན་འཇུག་བྱས་ཏེ་མི་ལོ་ཧྲིལ་བོ་༡༨ ལ་ཉེ་བའི་གནད་དོན་གཉིས་ནི། བོད་མི་མང་ལ་སེམས་སྡུག་ཧ་ཅང་ཆེན་པོ་ཞིག་ཡིན་པར་རྒྱ་གཞུང་ལ་གསལ་འདེབས་བྱ་རྒྱུ་ཡིན།
༣༽ རྒྱ་གཞུང་གི་འགོ་ཁྲིད་གསར་བས། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས། བོད་བསྟན་སྲིད་ཀྱི་ཆེད་དུ་བློས་གཏོང་དང་ཆོད་སེམས་ཆེ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ། སྡང་ཟུག་ཆེན་པོས་བཀག་ཉར་དང་རྩ་མེད་གཏོང་བའི་ཞེ་འཁོན་སྲིད་བྱུས་མུ་མཐུད་བཟུང་བ་ཡིན་ན། དེ་ནི་བོད་རྒྱའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ། མི་རིགས་གཉིས་བར་འགལ་ཟླ་ཇེ་ཆེར་ངོས་འཛིན་བྱ་རྒྱུ་ཡིན།
༤༽ ད་ལྟའི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐོག རྒྱ་གཞུང་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཚད་ལྡན་ནས་ཁོང་གི་གནས་བབ་སྐོར་འགྲེལ་བརྗོིད་ཁ་གསལ་ཞིག་ཡོངས་བསྒྲགས་མ་བྱུང་བར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མིས་གཙོས་འབྲེལ་ཡོད་རྣམས་ཀྱི་བདེ་འཇགས་ཐད། བོད་མི་ཙམ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཉིན་རེ་ནས་ཉིན་རེར་དོགས་པ་དང་རྣམ་རྟོག་ཇེ་ཆེ་རུ་འགྲོ་ངེས་པའི་གསལ་འདེབས་བྱ་རྒྱུ་ཡིན།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གནས་གཉིས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༤ ཉིན་སྤེལ།
པཎ་ཆེན་རྒྱལ་མཚན་ནོར་བུ་ལ་ཉེས་པ་གང་ཡང་མེད། ཁོང་ལའང་བོད་མི་སྤྱི་མཚུངས་ལྟར་རང་དབང་མེད་ལ། ཐ ན་རང་ལུས་རང་དབང་མེད་པར་རྒྱ་ནག་གི་བཙན་བཀའི་འོག་མགོན་པོ་ཚེ་བརྟན་ནམ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་བདག་གིར་བཞེས་བཞིན་ཡོད། སྐུ་གོང་མ་སྐུ་ཕྲེང་བཅུ་བའི་གནས་སྟངས་ལ་བལྟས་ན། བུ་རང་གིས་འཇོན་མ་འཇོན་ཞིག་ལས་གཞན་གང་ལའང་རེག་ལས་མེད་པའི་རྣམ་ཐར་ཞིག་བདག་གིར་བཞེས་ཡོད་སྟབས། པཎ་ཆེན་རྒྱལ་མཚན་ནོར་བུས་ཀྱང་ཨ་མདོའི་མགོན་པོ་ཚེ་བརྟན་བཞིན་བོད་མི་རིགས་ཀྱི་རྩ་དོན་ལ་ཤ་ཚ་འབད་འབུངས་ཅི་ཙམ་བྱ་མིན་གྱིས་རང་ཉིད་པཎ་ཆེན་ཡིན་མིན་ཐག་གིས་ཆོད་ཀྱི་རེད་བསམས་ལ། པཎ་ཆེན་རིན་པོ་ཆེར་བོད་མི་རིགས་ལ་ཕན་ཐོག་པའི་བུ་དཔའ་བོ་སྟག་འདྲ་བའི་སྤྲུལ་སྐུ་གསུམ་ཡོད་ནའང་མང་སྐྱོན་མི་འདུག་ལ། ཕན་མ་ཐོག་ན་གཅིག་ཀྱང་མེད་ནའང་དེས་དགའ་ཞེས་སོར་སྐྱེ་ཕལ་བས་རྟག་ཏུ་འདོད་བཞིན་ཡོད།།