སྙན་བཟང་གཡུང་དྲུང་ཚེ་རིང་།
ངས་སྐད་ཆ་ཞིག་བཤད་འདོད་བྱུང་། ༸རྒྱལ་བ་རིན་པོ་ཆེས་བོད་གཞིས་ལུས་མི་དམངས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་ཞེས་གསུངས་པ་རེད། ཁོང་གི་གཤམ་དུ་ཡོད་པའི་མཐོ་རིམ་མི་སྣ་ཡིན་ནའང་འདྲ། བྱེས་འབྱོར་བོད་མི་ཚོའི་ངག་ཏུའང་གོང་གི་ཚིག་དུམ་འདི་གོམ་ལོབས་སུ་སོང་ཡོད། བོད་ནང་དུ་དོན་རྐྱེན་ཆེ་ཆུང་ཇི་འདྲ་ཞིག་བྱུང་ནའང་། བྱེས་འབྱོར་བོད་མི་ཚོའི་དོན་རྐྱེན་དེ་དག་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་པོ་མཐོང་གི་ཡོད། དོན་རྐྱེན་དེ་དག་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་གདུང་སེམས་མཉམ་སྐྱེད་དམ། ཡང་ན། དོན་རྐྱེན་དེ་དག་རྡ་རམ་ས་ལ་ནས་བསྒྲགས་བསྒྲགས་ནས་འཛམ་གླིང་མི་དམངས་ཀྱི་རྣ་ལམ་དུ་བསྐྱལ་ཐུབ་ཡོད། འོན་ཀྱང་། ༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱག་ལས་ག་རེ་གནང་གི་ཡོད་པ་དང་། ལས་འགུལ་གང་འདྲ་ཞིག་སྤེལ་གྱིན་ཡོད་པ་བོད་གཞིས་ལུས་མི་དམངས་ཀྱིས་ཚོར་གྱི་ཡོད་དམ། འདི་ནི་དྲི་བ་ཞིག་རེད། འདི་དྲི་བ་གལ་ཆེན་ཞིག་ཡིན་ནམ།
དཔེ་ཞིག་འཇོག་འདོད། ཁ་སང་ཁེ་ཉིན་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ། བཀའ་བློན་ཁྲི་པའི་སྐོར་ལ་ཟིང་ལོང་ཞིག་བྱུང་བ་དང་། ད་དུང་ཡང་ཚ་ཚ་འུར་འུར་བྱེད་བཞིན་པའི་བཟོ་རེད། སྐབས་དེར་བཀའ་ཁྲིའི་འོས་གཞིར་ལངས་མཁན་ཚོས་བོད་གཞིས་ལུས་མི་དམངས་ནི་གལ་ཆེན་ཡིན་ཞེས་གླེང་བ་རེད། བདེན་པ་རེད། དེའི་ཁྲོད་ཀྱི་བཀའ་ཁྲིར་ལངས་མཁན་གཅིག་གིས། ང་ལྟ་བུའི་གཞོན་སྐྱེས་ཤིག་དང་། གཞིས་ཆགས་སྐྱོ་པོ་ཞིག་ཏུ་འཚར་ལོངས་བྱུང་བའི་མི་ཞིག་བཀའ་ཁྲིའི་འོས་གཞིའི་གྲས་སུ་ལངས་ཏེ་སྐད་ཆ་བཤད་ཀྱི་ཡོད་པ་དང་། བཙན་བྱོལ་དུ་དམངས་གཙོ་ཡོད་པའི་མཚོན་རྟགས་འདི་དག་གིས། བོད་གཞིས་ལུས་མི་དམངས་ཚོར་སྤོབས་པ་ཞིག་དང་རེ་བ་ཞིག་འབྱུང་ངེས་རེད་གསུངས་སོང་། སྐད་ཆ་འདི་གོ་མ་ཐག ངའི་མགོ་ལ་ཁུ་ཚུར་གྱིས་གཞུས་པ་ལྟར་ནག་འཐོམས་མེར་གྱུར་སོང་། རྒྱུ་མཚན་ནི། ཐོག་མར་སྤོབས་པ་ཞིག་སྐྱེས་པ་ལ་བོད་གཞིས་ལུས་མི་དམངས་ཀྱིས་དམངས་གཙོ་ཞེས་པའི་ལྟ་གྲུབ་འདི་ཤེས་དགོས་པ་རེད། མ་མཐར་ཡང་དམངས་གཙོའི་ཁེ་ཕན་རོབ་ཙམ་མཁྱེན་དགོས་པ་རེད། དེ་ལས་ལྡོག་སྟེ། རྒྱ་གཞུང་གིས་གཞིས་ལུས་མི་དམངས་ཚོར་དམར་ཤོག་གི་ལྟ་བ་བཤད་བཤད་ནས་སེམས་པ་དམར་ཆིལ་ལེར་བཏང་ཡོད་པ་རེད། གཞིས་ལུས་མི་དམངས་ཚོར་རེ་བ་ཞིག་འབྱུང་བ་ལའང་དང་པོར་བཀའ་བློན་ཁྲི་པ་ཟེར་ན་ག་རེ་རེད། ཁོང་ལ་དམིགས་བསལ་གྱི་ལས་འགན་ག་རེ་ཡོད། བོད་གཞིས་བྱེས་གཉིས་ཆིག་སྒྲིལ་བཟོ་བར་ནུས་པ་ག་རེ་ཡོད། ཁོང་གིས་བོད་རྒྱ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འཇོན་ཐང་ག་རེ་ཡོད་པ་སོགས་ཤེས་དགོས་པ་རེད། འདི་དག་བོད་གཞིས་ལུས་མི་དམངས་ཀྱིས་ཤེས་ཀྱི་ཡོད་དམ། ངས་བལྟས་ན། ཕལ་ཆེར་ཤེས་ཀྱི་མེད་པ་འདྲ་པོ་རེད།
བཙན་བྱོལ་དུ་བཀའ་ཁྲི་ཞེས་ཟིང་ལོང་བྱས་འགོ་ཚུགས་ནའང་། བོད་གཞིས་ལུས་མི་དམངས་ཚོས་བཀའ་ཁྲིའི་སྐོར་ལ་དོ་སྣང་ཅི་ཙམ་བྱེད་ཀྱི་ཡོད་དམ། ང་ལ་དཔེ་མཚོན་གཅིག་རེག་བྱུང་། ཉེ་ཆར་བོད་ཀྱི་འབྲོག་ཕྱོགས་ཤིག་ཏུ་འཁྲབ་པའི་འཁྲབ་གཞུང་༼༼མོ་བ་རེ་བ་ཁ་༽༽ཞེས་པ་ཐོན་པ་རེད། འཁྲབ་གཞུང་གི་བརྗོད་བྱ་ནི་མི་སྣ་གསུམ་གྱིས་སྡེ་བ་གསུམ་གྱི་སྡེ་དཔོན་ནི་མི་ཇི་འདྲ་ཞིག་དགོས་མིན་ཐད་གླེང་སློང་བྱས་པ་ཞིག་རེད། འཁྲབ་གཞུང་འདིའི་བསྟན་དོན་ངོ་མ་ནི། བཙན་བྱོལ་གྱི་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་མི་ཇི་འདྲ་ཞིག་འདེམས་དགོས་མིན་ཐད་འཁྲབ་གཞུང་གི་ལམ་ནས་གསལ་སྟོན་གནང་བ་ཞིག་རེད། འདིས་བོད་གཞིས་ལུས་མི་དམངས་ཀྱི་སེམས་ཁམས་མཚོན་གྱི་ཡོད་པ་རེད་ཅེས་གོ་བྱུང་། འདིས་མི་རིགས་ཤིག་གི་སེམས་ཁམས་མཚོན་ག་ལ་ཐུབ། འཁྲབ་གཞུང་འདི་ནི་མི་གོ་རྟོགས་ཡོད་པ་ཞིག་གིས་བྲིས་པ་རེད། རྩོམ་པ་པོས་རང་གི་ལྟ་བ་འཁྲབ་གཞུང་དུ་ཕབ་པ་རེད། དེ་ནས་མི་གསུམ་གྱིས་འཁྲབ་པ་རེད། ཅི་ཙམ་བལྟས་ཀྱང་འཁྲབ་གཞུང་འདིའི་ནང་དུ་བོད་གཞིས་ལུས་མི་དམངས་ཀྱི་ད་ལྟའི་སེམས་ཁམས་ཀྱི་གཤིས་ཉམས་མངོན་གྱི་མེད་པ་རེད། ད་དུང་། འཁྲབ་གཞུང་འདི་བོད་ནང་གི་བརྙན་འཕྲིན་གང་རུང་ཞིག་བརྒྱུད་མི་དམངས་ཚོར་བསྟན་ཡོད་དམ། གལ་སྲིད་བསྟན་ཡོད་ནའང་། གཞིས་ལུས་མི་དམངས་ཚོའི་ནང་དུ་འཁྲབ་གཞུང་འདིའི་ཡང་སྙིང་གང་ཞིག་གླེང་གི་ཡོད་པ་ཤེས་མཁན་ག་ཚོད་ཅིག་ཡོད། དེ་འདྲ་རེད།
ད་འདི་འདྲ་ཞིག་བཤད། ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ལྔ་བཅུ་འགྲོ་གི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལའང་འགྱུར་བ་མང་པོ་ཐེབས་པ་རེད། ཐོག་མར་བཙན་བྱོལ་བོད་གཞུང་གིས་
རང་བཙན་གླེང་བ་རེད། དེ་ནས་རང་སྲིད་རང་སྐྱོང་། ད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་ཆུང་ཆུང་ཞིག་གླེང་གི་ཡོད་པ་རེད། བོད་གཞིས་ལུས་མི་དམངས་ཀྱིས་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ཀྱི་ལངས་ཕྱོགས་འདི་མཁྱེན་གྱི་ཡོད་དམ། བཙན་བྱོལ་བོད་གཞུང་གིས་ང་ཚོའི་སྲིད་ཇུས་ཀྱི་ལངས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཤོག་བུ་དཀར་པོའི་ངོས་སུ་ཡི་གེ་ནག་པོ་བྲིས་ཏེ་རྒྱ་གཞུང་ལ་བསྐུར་གྱི་ཡོད། བོད་ཚིག་ཐོག་དང་རྒྱ་ཡིག་ཐོག་ཅེས་པའི་གཏམ་དཔེ་ཞིག་ཡོད། བོད་ཚིག་ཐོག་ཡིན་ན། ད་ཚིག་ཤོར་བ་རེད། ཚིག་ཐོ་འདི་དག་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་རེད་དམ། སྐབས་འདིར། ‘‘བོད་ཀྱི་གནད་དོན་གྱི་མཐའ་མའི་ཐག་གཅོད་བོད་གཞིས་ལུས་མི་དམངས་ཀྱིས་གནང་གི་རེད་’’ཅེས་པའི་གསུང་དུམ་འདི་ནི། མགོ་རྙོག་ཅིག་རེད་འདོད། དེ་བཞིན་བོད་གཞིས་ལུས་མི་དམངས་ཀྱིས་ང་ཚོའི་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས། ཁྲིམས་ཁང་ཞེས་དམངས་གཙོ་ཀ་བ་གསུམ་གྱིས་མཚོན་པའི་ལྷན་ཁང་གཞན་དག་ངོ་ཤེས་ཀྱི་ཡོད་དམ། ངས་ཞིབ་འཇུག་ཕྲན་བུ་བྱས་པ་ནོར་མེད་ན། བོད་གཞིས་ལུས་མི་དམངས་ཀྱིས་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་ཕྱོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་འདི་ཡང་མཁྱེན་གྱི་ཨེ་ཡོད་སྙམ། བོད་མི་ཚོའི་སེམས་ངོར་༸རྒྱལ་བ་རིན་པོ་ཆེ་ནི་འཕགས་པ་སྤྱན་རས་གཟིགས་རེད། སངས་རྒྱས་རློན་པ་ཡིན་པས། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་བཞུགས་ཀྱིན་ཡོད་སྙམ་པའི་ཚོད་དུ་གདའ། འདི་གནས་སྟངས་ངོ་མ་རེད། ད་གནས་སྟངས་འདི་ལ་འགྲེལ་བཤད་འདི་འདྲ་ཞིག་བྱེད་འདོད། དང་པོ་ནི་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཁ་སྟབས་བཙན་དྲགས་པ་དང་། གཉིས་ནི་བཙན་བྱོལ་བོད་གཞུང་གིས་རང་ཡུལ་ལུང་པར་ལས་འགུལ་སྤེལ་མ་ཐུབ་པ་རེད། མ་རེད་དམ།
གནས་སྟངས་འདི་འདྲ་ཞིག་ཡིན་ནའང་། ད་དུང་བོད་གཞིས་ལུས་མི་དམངས་ཀྱི་སེམས་པ་༸རྒྱལ་བ་རིན་པོ་ཆེར་འཁྲེང་བཞིན་ཡོད་པ་ནི། དད་པ་ཞེས་པའི་གཟུགས་མེད་ཀྱི་སྟོབས་ཤུགས་འདི་རེད། འདི་ནི་བོད་གཞིས་བྱེས་གཉིས་སྦྲེལ་བྱེད་ཀྱི་རྣོ་སྐུད་ཕྲ་མོ་དེ་རེད། ༸རྒྱལ་བ་རིན་པོ་ཆེ་ནི་བོད་མི་ཚོའི་ཆོས་ཀྱི་དབུ་འཁྲིད་རེད། མགོ་ཐོག་གི་ཉི་མ་རེད། སྔས་མགོ་བླ་མ་རེད། ཆོས་ཕྱོགས་ནས་གངས་རིའི་མེ་ཏོག་གངས་ལ་ཕོག་པའི་ལྷ་སྐལ་རེད། སྐབས་རེར་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེར་དད་པ་བྱེད་པ་འདི་ལས་ལྷག་ཅིག་ལུང་པ་གཞན་ན་ཨེ་ཡོད་དྲན། དེ་ཡིན་དུས། ད་བཙན་བྱོལ་བོད་གཞུང་གིས་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་དང་མ་བསྟུན་པར་ལས་ཀ་ཞིག་བྱས་ནའང་། དད་པ་འདི་ལ་བརྟེན་ནས་ནོར་འཁྲུལ་ཡོད་ཚད་གུ་ཡངས་སུ་གཏོང་ཐུབ་པར་མ་ཟད། དད་པ་འདིས་གཞིས་བྱེས་གཉིས་ཆིག་སྒྲིལ་བཟོ་བ་དང་། དད་པ་འདི་ལ་བརྟེན་ནས་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར་ཐུབ་ཀྱི་འདུག མདོར་ན་དད་པ་འདི་ལ་འགག་རྫས་ལྟ་བུའི་ནུས་པ་ཞིག་འདུག བརྒྱ་ལ་བཤད་ཀྱང་། ད་གནད་འགག་༸རྒྱལ་བ་རིན་པོ་ཆེའི་སྒང་ན་འདུག ༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བརྟན་དགོས་པ་དེ་རེད། བདག་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས། ༸རྒྱལ་བ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག་ཅེས་ཞུ་བ་ཡིན།
ཁོ་བོས་བལྟས་ན་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ན་ཡོད་པའི་བོད་རིགས་རྣམས་ཀྱིས་བོད་སྤྱི་ལ་ཕན་པའི་ལས་ཀ་གང་བྱེད་ཀྱིན་ཡོད་པ་དེ་དྲང་པོ་དྲང་བཞག་གི་ཐོག་ནས་གཞིས་ལུས་བོད་མི་རྣམས་ལ་གསལ་བཤད་བྱེད་ཡས་ནི་བོད་ནས་གསར་དུ་འབྱོར་བའི་བོད་རིགས་རྣམས་ཀྱི་ལས་འགན་གལ་ཆེ་ཤོས་ཡིན། དགོས་མེད་ཀྱི་བཙན་བྱོལ་ནང་གི་ཕྱོགས་རིས་ཀྱི་རྙོག་གླེང་དེ་འགྲེལ་བཤད་རྒྱག་པ་ལས་གོང་གི་གནད་དོན་འདི་དག་འགྲེལ་བཤད་རྒྱག་རྒྱུ་གནད་འགག་ཆེན་པོ་ཡིན། གང་ཡིན་ཟེར་ན། གསར་འབྱོར་བ་རྣམས་ནི་བོད་ནང་དུ་འབྲེལ་ལམ་ཡག་པ་ཡོད། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་རིགས་ལ་སྐྱོན་བརྗོད་གཅིག་པུ་བྱེད་པས་མི་ཕན་པར་རང་གིས་གང་བསྒྲུབ་ནུས་པ་དང་བསྒྲུབ་ཐུབ་པ་དེ་མིང་དང་གྲགས་པ་ཁོ་ན་ལ་མི་བལྟ་བར་བོད་རྒྱལ་ཁབ་རང་ལ་བསམས་ནས་འགྲེལ་བཤད་ལེགས་པོར་བྱོས་ན་ལེགས།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
དིལ་མཁྱེན་པས་གསུངས་སོ། ། བདག་གིས་སྨོན་པ་ཡིན་ནོ། །
འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་དཔྲལ་བའི་མིག།
གངས་ཅན་འགྲོ་བ་ཡོངས་ཀྱི་འདི་ཕྱིའི་སྐྱབས།།
ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
འཇམ་དཔལ་རྡོ་རྗེ་ངག་ལ་དབང་སྒྱུར་ཞིང་།།
བློ་གྲོས་བུམ་བཟང་ཡེ་ཤེས་བདུད་བརྩིའི་གཏམ།།
བསྟན་འཛིན་རྒྱ་ཆེན་རོལ་མཚོ་མཛེས་པའི་རྒྱན།།
འཕགས་མཆོག་ཕྱག་ན་པད་མོར་གསོལ་བ་འདེབས།།
毛主席万岁! དང་འདྲ་ལ།
༧ རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་པའི་བཙན་བྱོལ་གཞུང་གི་ཕྱག་ལས་ག་རུ་གནང་གི་ཡོད་པ་དང་། ལས་འགུལ་འདྲ་ཞིག་སྤེལ་གྱིན་ཡོད་པ་གཞིས་ལུས་མི་དམངས་ཀྱི་མཁྱེན་གི་ཡོད་མེད་གྱི་སྙན་བཟང་གིས་དོག་པ་དེ་ནི་། མི་ལོ་ཉུ་ཤུའི་ཡར་སྔོན་གྱི་བོད་ནང་གི་གནས་བབས་ལ་གཞུགས་ནས་བཤད་གི་ཡོད་པ་འདྲ་བོ་འདུག་། ང་རང་ཉིད་གྱི་མཐོང་སྣང་ལ་བོད་ཕྱི་ནང་གཉིས་ཀྱི་ནང་ནས་བོད་གི་གཞོན་སྐྱེས་ཚོ་དེང་དུས་ཀྱི་ཤེས་ཡོན་གཙོ་བཅས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དུང་བ་ཟབ་པ་་་ལ་རྒྱ་དང་སྙིང་སྡོབས་གང་ཐད་ནས་། གཞིས་ལུས་བོད་མི་ཚོ་ལས་ལྷག་ཅིག་ཕྱི་སྡོད་པ་ཚོས་འཇོན་གི་མེད་པར་ངོས་འཛིན་བྱེད་གི་ཡོད་། དཔེ་མཚོན་ཙམ་བཤད་ན་། དུས་ཡིན་རིང་པོ་ཞིག་བཤད་མི་དགོས། ང་ཚོས་མིག་ལམ་ནས་ཡལ་ལ་ཉེ་པའི་མི་ལོ་གསུམ་དེ་ཉེས་སྟོང་བརྒྱད་གི་རྗེས་སུ་བོད་ནང་གི་བོད་མི་ཚོས་ད་དུང་ཉིན་རེ་བཞིན་རྣམ་པ་འདྲ་མུན་གྱི་སྒོ་ནས་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ཁྱོད་གྱིས་ཀྱང་དབང་པོ་ལྔ་པོ་སྐྱོན་མེད་ན་མཐོང་ཡོད་སྲིད་། འོན་ན་ང་ཚོ་སྟེ་ཕྱི་བསྡོད་པ་ཚོས་དུས་ཡིན་ལོ་ངོ་གསུམ་འདིའི་རང་ཅི་ཞིག་བྱས་ཡོད་པ་གང་ཞིག་བསྒྲུབས་ཡོད་། ང་ཚོ་ལོ་འདི་གའི་རང་བཀའ་ཁྲི་གསར་པ་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཞེན་ཁོག་མེད་མཁན་་་རིག་གཞུང་དང་སྐད་ཡིག་མི་ཤེས་མཁན་བོད་ཀྱི་ཨོ་བྷ་མིའི་གཏམ་བཤད་ཁོ་ན་མགོ་འཁོར་ནས་བསྡད་ཡོད་པ་མིག་ཡོད་མཁན་དང་རྣ་ཡོད་མཁན་ཅིག་ཡིན་ན་ཤེས་ཡོད་། ཉིན་ཞིག་བོད་ཀྱི་ཨོ་བྷ་མིའི་གཏམ་བཤད་ཞིག་ལ་ངས་ཉན་པ་ཡིན་། སྐབས་དེར་ཁོང་གིས་འདི་ལྟར་བཤད་གི་འདུག་། མི་རིགས་ཤིག་གི་རིག་གཞུང་དང་སྐད་ཡིག་བརླགས་ཚར་སོང་ན་་ མི་རིགས་དེ་བརླགས་པའི་ངེས་པ་མེད་་དཔེར་ན་irland་ཞེས་གཏམ་བཤད་དེ་ཉན་མ་ཐེག་ངས་ཀྱང་སྙན་བཟང་བཞིན་རང་ཉིད་ཀྱིས་མགོ་པོ་ཁུ་ཚུར་གྱི་གཞུས་འདོད་བྱུང་།
གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །
གོང་གི་མཆན་བུ་འདི་ཚོས་ཀྱང་སྨོན་ལམ་རྐྱང་རྐྱང་འདེབས་ཀི་འདུག དེས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པ་ལ་ཕན་ཡ་ཨེ་ཡོད། དེ་ལས་༧གོང་ས་མཆོག་ནས་སྐུ་ངལ་ཅུང་ཙམ་གསོ་དགོས་སྐོར་ལ་གྲོས་བསྡུར་འདྲ་བྱས་ན་དགའ་ཀི དངོས་ནས་༧གོང་ས་མཆོག་ཐང་ཆད་ཞག ད་ང་ཚོས་འདི་འདྲ་བྱེད་ཉེན་གྱི་མི་འདུག
འོ། ལོ་མང་རིང་སྙན་བཟང་མཐོང་ཡ་མི་འདུག དེ་རིང་གཞི་ནས་ས་ཁར་བུད་འདུག་ག ཨ་རོ་སྙན་བཟང་། བཀྲ་ཤིས་བདེ་ལེགས། དེ་རིང་ཁ་བརྡ་ཡག་པོ་ཞིག་བྱས་འདུག་ཡག་པོ་རེད། ཁོམ་སྐབས་རེ་ཡོད་ན་མུ་མཐུད་དུ་བསམ་ཚུལ་རེ་བཤད་ན་བསམ་ཀི
༧རྒྱལ་བ་རིན་པོ་ཆེས། ང་ཚོར་སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་བཀའ་སློབ་སྔ་རྗེས་སྩལ་བ་དཔེར་ན། རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས། ཁྱེད་ཚོས་བྱེད་མ་ཐུབ་པ་ང་ཏྰ་ལའི་བླ་མའི་མིང་ཐོག་ནས་བྱེད་དགོས་རིགས་ངས་བྱེད་ཀྱི་རེད་ཅེས་དང་། ཡང་། ངས་ཉིན་རེའི་འཛིན་སྐྱོང་གི་ལས་འཁུར་བྱེད་རྒྱུར་དུས་ཁོམ་ཡང་ཞེ་དྲག་མེད་པ་དང་། དགོས་པ་རྒྱུ་མཚན་ཡང་ཞེ་དྲག་མི་འདུག་ཅེས་སྔོན་ཚུད་ནས་ཡང་ཡང་གསུངས་ཡོད་པ་དྲན་གྱི་འདུག་མ་གཏོགས་དབུ་འཁྲིད་ཀྱི་འགན་འཁུར་བཞེས་ཀྱི་མིན་ཞེས་པ་ནམ་ཡང་གོ་མྱོང་མེད། བྱས་ཙང་འཛིན་སྐྱོང་གི་ཉིན་རེའི་ཕྱག་ལས་ནས་བགྲེས་ཡོལ་གནང་རྒྱུ་དང་། དབུ་འཁྲིད་ནས་བགྲེས་ཡོལ་གནང་རྒྱུ་གཉིས་ནམ་ཡང་གཅིག་པ་མིན་པ་གསལ་བཤད་དགོས་དོན་མེད། ང་ཚོས་གོ་ནོར་ཐེབས་ཏེ་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་བྱེད་ཀྱི་མེད་དམ་སྙམ་གྱི་འདུག། གང་ལྟར་ད་ལྟའི་གནས་སྐབས་སུ་བོད་མིའི་དབུ་འཁྲིད་ཀྱི་འགན་འཁུར་བཞེས་ཀྱི་མ་རེད་སྙམ་པའི་ང་ཚོ་སེམས་ཁྲེལ་དགོས་དོན་མེད་པ་མ་ཟད། གཞིས་བྱེས་རྒྱ་ཆེའི་མང་ཚོགས་ཀྱིས་ངོས་ལེན་ཡང་ཞུ་སྲིད་ཀྱི་མ་རེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་འགནའཁུར་མེད་པར་༧རྒྱལ་བ་རིན་པོ་ཆེས་མཁྱེན། ༧ སྐུ་ཚེ་ཁྲི་ཕྲག་བརྟན་པར་ཤོག། ཅེས་སྨོན་ལམ་རྒྱབ་པ་ཙམ་གྱིས་འགྲིགས་ཀྱི་ཨེ་ཡོད། དེ་བཞིན་གཤེགས་པ་སྟོན་པ་སྟེ། ཁྱེད་ཅག་རྣམས་ཀྱིས་བྱ་དགོས་སོ། ཞེས་པའི་རྒྱལ་བའི་གསུངས་དེ་དོན་ལ་གནས་པ་ཞིག་མ་རེད་པས། དེ་ནི་དཔེ་མཚོན་ཙམ་ལས་ཚང་མས་འགན་འཁུར་བཞེས་ཀྱི་མི་འདུག་ཞུ་གི་མེད་དོ།
ཡང་གཞིས་ལུས་མི་མང་གིས་༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་ཕྱོགས་ཀྱི་ཐུགས་འགན་བཞེས་ཀྱི་ཡོད་པ་འདི་ཡང་མཁྱེན་གྱི་ཨེ་ཡོད་སྙམ་ཞེས་པའི་བསམ་ཚུལ་ལ་གུས་པའི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། ༧གོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀའི་དབུ་འཁྲིད་ཡིན་པ་གཞིས་ལུས་བོད་མིས་མཁྱེན་པ་ཙམ་དུ་མ་ཟད། གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གིས་ཡིད་འཆེས་བློས་འགེལ་གཙང་མའི་ཐོག་ནས་གུས་བརྩི་དང་། རེ་སྐྱབས་ཞུ་གི་ཡོད་པ་ཡང་གཞིས་ལུས་བོད་མིས་གསལ་ཐག་ཆོད་མཁྱེན་གྱི་ཡོད་ཅིང་། དེ་བཞིན་འཛམ་གླིང་མི་མང་གིས་ཀྱང་མཁྱེན་གྱི་ཡོད་པ་ཕྱི་གསལ་ནང་གསལ་རེད་དོ།