སྙན་བཟང་གཡུང་དྲུང་ཚེ་རིང༌།
————————————
སྐར་ཚོགས་རྒྱ་མཚོའི་འོག་ཏུ། རི་བོ་རྡ་རམ་ས་ལ་ནི་སེང་གེ་དཀར་མོ་རལ་བ་ནག་པོ་ཅན་ཞིག་གིས་ཆོས་འཆད་པའི་ཕྱག་རྒྱ་དང་བཅས་ཏེ་ཤར་ལ་གཟིགས་བཞིན་ཡོད་པ་དང་ཀུན་ནས་མཚུངས་ནའང༌། རི་བོ་འདིའི་གཡས་གཡོན་ཀུན་ཏུ་གྲག་འགུལ་ཅི་ཡང་མེད་པར་ལྐུགས་པའི་རྣམ་ཐར་འཛིན་པར་གཞིགས་ན། གནས་འདིར་གཉུག་མར་སྡོད་པའི་མི་རྣམས་ཀྱིས་དབྱངས་ཀྱི་འགྱུར་ཁུག་ལྡན་པའི་སྔུར་བ་རིང་མོ་ཧུར་ཧུར་དུ་འཐེན་བཞིན་ཡོད་པ་འདྲ། རྒྱུ་རྐྱེན་ཅི་ཡིན་མི་ཤེས་ཀྱང༌། ད་དུང་ཐོག་ཁང་འགའ་རེའི་སྒེའུ་ཁུང་ལས་གློག་འོད་ལམ་ལམ་འཚེར་གྱིན་འདུག དེ་ནི་ཕར་བལྟས་ཚོད་ཀྱིས་མཁའ་མཐའི་སྐར་མ་འགའ་སྟབས་མ་ལེགས་པར་རི་བོའི་མགུལ་བར་ལྷུང་སྟེ་དངངས་སྐྲག་གིས་འདར་གྱིན་པའི་ཚོར་བ་ཞིག་བཅོས་མིན་དུ་སྟེར། ཁྱད་པར་དུ་རྒྱལ་བ་རིན་པོ་ཆེའི་སྐུ་སྲུང་བ་ཚོའང་གྲུང་ཤ་དོད་པའི་ངང་ཕོ་བྲང་གི་མཐའ་འཁོར་དུ་ཡར་འགྲོ་མར་འགྲོ་བྱེད་པ་དང༌། ཚང་ཚིང་དུ་རྒྱས་པའི་ལྗོན་ཤིང་དག་གི་གསེབ་ཏུ་སྤྲེའུ་འགའ་མཆོང་ལྡིང་གིས་ལྗོན་རྩེ་ནས་མར་འབབ་པའི་སྒྲ་ཐོས་ཤིང༌། སུས་ཀྱང་མ་བཏབ་པའི་མེ་ཏོག་གི་དྲི་ཞིམ་ཞིག་རླུང་གིས་ཁྱེར་ཏེ་རི་བོ་འདིའི་ཕྱོགས་ཀུན་ཏུ་ཁྱབ་འདུག་པས། མུན་འོགསནས་བལྟས་ནའང༌། རི་བོ་རྡ་རམ་ས་ལ་ནི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད་ཨང༌།
སྐབས་འདིར་ཞོགས་པའི་ཆུ་ཚོད་བཞི་བ་ཏག་ཏག་ལ་སླེབས་འདུག ད་དུང་རྡ་སའི་སྣང་ངོ་ཅོག་སྨུགས་པའི་སེང་རས་ཀྱིས་བསྒྲིབས་པ་ལྟར་ནོར་རོག་རོག་ཏུ་གྱུར་ཡོད་ནའང༌། དབེན་འཇགས་འཁྱིལ་བའི་གཟིམ་ཁང་གི་ནང་དུ། རྒྱལ་བ་རིན་པོ་ཆེ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་གཟིམ་གོས་ཕྱི་ངོས་སུ་འབུར་བ་ཞིག་གི་ནང་ནས་ཡར་བཞེངས་པ་དང༌། ཞལ་ལ་ཞི་བའི་འཛུམ་ཞིག་ལངས་ནས་ཁྲུས་ཁང་དུ་ཕེབས་ཤིང༌། ཚེམས་ཤིང་གསོལ་ཅིང་ཁྲུས་ཤིག་མཛད་པ་དང༌། དེས་ཁོང་གི་ཐུགས་ལའང་གློ་བུར་དུ་སྐུ་ཇེ་བདེར་སོང་བའི་ཉམས་སྣང་ཞིག་འཁྲུངས་བྱུང༌། དེ་མ་ཐག བྱང་ཆ་དོད་པོས་སྟོན་པའི་ན་བཟའ་བཞེས་ཤིང༌། ཙན་དན་གྱི་ཕྲེང་བ་ཞིག་ཕྱག་མགོར་དཀྲིས་ཏེ། ཉིན་མཚན་མེད་པར་མཆོད་མེའི་འོད་ཟེར་བཞེས་ཀྱིན་པའི་སྟོན་པའི་སྐུ་བརྙན་གྱི་མདུན་དུ་ཕེབས་ཏེ། སེར་ལེམ་ལེམ་གྱི་མཆོད་མེ་རྐང་གཅིག་ལ་མེ་སྦར་བ་དང་དུས་མཉམ་དུ། མཆོད་ཁང་གྲུ་བཞི་མའི་གཡས་གཡོན་གྱི་རྩིགས་སྡེབས་ངོས་སུ་བཀལ་བའི་ཐང་གའི་ངོས་ཀྱི་རི་མོ་དེ་དག་གི་ཞལ་རས་ཀྱང་ཇེ་གསལ་དུ་གྱུར། དེ་ནས་ཐུགས་ལྷོད་ལྷོད་ཀྱིས་བུམ་པ་ཞིག་གི་ནང་དུ་རང་བྱོན་དུ་འཁྱིལ་བ་ལྟ་བུའི་བུམ་ཆུ་མཆོད་རྐོང་བདུན་གྱི་ནང་དུ་བླུགས་ཏེ་མཆོད་པ་བཤམས་ཚར་རྗེས། ཕྱག་གཉིས་ཐལ་སྦྱོར་གྱིས་བཅོམ་ལྡན་འདས་ཀྱི་སྐུ་ཞལ་ལ་ཡུན་རིང་པོར་གཟིགས་ཤིང༌། གསོལ་བ་ནན་གྱིས་འདེབས། ཡུན་ཙམ་རིང་སྤྱན་ཆབ་ཤ་ལེར་ཞི་དུལ་ངང་བཞུགས་པའི་དེའི་ཚེ། སྐབས་སྐབས་སུ་རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་གཟུགས་སུ་གྱུར། མཚམས་མཚམས་སུ་སྟོན་པ་བཅོམ་ལྡན་འདས་ཀྱི་གཟུགས་སུ་གྱུར་པ་དང༌། མཐར་རྒྱལ་བ་རིན་པོ་ཆེ་སྐུ་རྗེན་པའི་གཟུགས་སུ་གྱུར་ཏེ། རྫོགས་སངས་རྒྱས་ལ་ཕྱག་འཚལ་ཞིང༌། ངལ་གསོ་ཕྲན་བུ་ཙམ་ཡང་མི་མཛད་པར་ཕྱག་གྲངས་བརྒྱ་ལྷག་འཚལ་ནའང༌། ཞལ་ངོས་སུ་སྐུ་ཐང་ཆད་ཅིང་ཅུང་ཟད་ངལ་གྱིས་དུབ་པའི་སྣང་བ་ཅི་ཡང་མི་འདུག དེ་ནས་གུས་ཉམས་ཀྱིས་ཕེབས་ཏེ། སྐྱིལ་མོ་དྲུང་གི་ཉམས་འགྱུར་གྱིས་མཆོད་ཁང་གི་གྲུ་ཟུར་དུ་ཡོད་པའི་སྟན་ལ་བཞུགས་པ་དང༌། དུས་ཡུན་ཐུང་ངུ་ཞིག་ལ་ཡང་དག་པར་འཇོག་ལ་བཞུགས། སྐབས་དེར་སྐུ་རྒྱབ་ཏུ་ཡོད་པའི་བཞུགས་ཁྲི་ངོས་ཀྱི་རལ་གྲིའི་རྩེ་ནས་རྣོ་དབལ་འབར་ཞིང༌། དེས་ཕས་ཀྱི་རྒོལ་བ་དག་གི་མཇིང་བ་བརྒྱ་ཕྲག་དུས་གཅིག་ཏུ་དུམ་བུར་གཅོད་པ་ལ་ཐེ་ཚོམ་མེད་པའི་ཚོད་དུ་གདའ། བར་མཚམས་དེར། རྒྱལ་བ་རིན་པོ་ཆེའི་སྤྱན་གཉིས་འབྱེད་ཙམ་འབྱེད་ཙམ་བྱེད་པའི་མོད་ལ། དད་དམ་གཡོ་མེད་ཀྱིས་ཕྱག་གཉིས་དཔྲལ་བར་གཏུགས་ཏེ་དུས་ཡུན་རིང་བོ་ཞིག་ལ་སྨྲ་བཅད་ནས་བཞུགས་པ་དང༌། ཕྱག་གཡས་པས་ཞལ་ཉག་གཟར་བོའི་ཐོག་ཏུ་སྤྱན་ཤེལ་དཀར་པོ་ཞིག་གིས་བརྒྱན་པར་བྱས་ཏེ། མདུན་ཅོག་གྲུ་བཞི་མ་སུག་ཐུང་དེའི་སྟེང་དུ་བཞུགས་སུ་གསོལ་བའི་གླེགས་བམ་སེར་པོ་ཞིག་གི་ཁ་ཕྱེ་ཞིང༌། ཕར་བལྟས་ན། བྲེལ་སྣང་ཆེན་པོས་ལྗགས་ཀློག་གནང་གི་ཡོད་པའི་ཚོར་བ་ཞིག་བཅོས་མིན་དུ་སྟེར་བར་བྱེད། དུས་སྐབས་ཏག་ཏག་དེར། སྐུའི་ཞབས་ཞུ་བ་ཞིག་གིས་བྱམས་པ་དང་བརྩེ་བ། སྙིང་རྗེ་བ་བཅས་ཀྱི་ངོ་མཚར་གྱི་སྙིང་བོ་ཞི་བར་བལྟམས་པའི་གཟིམ་ཤག་ཏུ་གསོལ་ཇ་བཀྱགས་ཏེ་འཛུལ་ཞིང༌། ཧ་ཅང་གུས་པའི་ཉམས་ཀྱིས་སྐུ་གམ་དུ་བཅར་ཏེ་ཞོགས་ཟས་མདུན་ཅོག་སྟེང་དུ་ཕུལ། རྒྱལ་བ་རིན་པོ་ཆེས་ཞལ་འཛུམ་ལྷང་ལྷང་གིས་ཤིང་ཕོར་ཞིག་གི་ནང་དུ་རྩམ་པ་རྫི་བཞིན་འོ་ཇ་མཆོད་ཅིང༌། རབ་ཏུ་དགྱེས་དགྱེས་རང་མཛད་དེ་ཞོགས་ཇ་ལ་རོལ། སྐབས་དེར་རྡོར་ལ་རྡར་གྱི་རི་རྩེ་ནས་སྐྱ་མདའ་ཞིག་སྐྱ་ཧྲིལ་ལེར་བཏང་བྱུང་ལ། དེ་དང་བསྡོངས་ནས་བག་ལེབ་བཙོང་མཁན་གྱི་གསར་འབྱོར་བ་འགའ་སྔ་ས་ནས་སྲང་ལམ་དུ་བསླེབས་ཡོད་པ་དང༌། མདང་དགོང་གཉིད་ཆགས་པའི་ཕོ་མོ་ང་རྒྱལ་ཅན་དེ་ཚོ་ད་དུང་མལ་དུ་ཡོད་ནའང༌། དད་པས་དྲངས་པའི་རྒན་རྒོན་ཁ་ཤས་ཀྱི་གོམ་པའི་འདེགས་འཇོག་རྒྱལ་བའི་ཕོ་བྲང་གི་ཕྱོགས་སུ་བསྒྱུར་བཞིན་བདོག
མི་འགྱངས་པར་གནས་རི་རྡ་རམ་ས་ལ་འདི་ཡང་ཟང་ཟིང་ཅན་དུ་འགྱུར་ངེས་རེད།
རྒྱལ་བ་རིན་པོ་ཆེས་གསོལ་ཇ་བཞེས་གྲུབ་མ་ཐག་སྟན་ལས་ཡར་བཞེངས་ཤིང༌། བསྐྱར་དུ་ཚེམས་ཤིང་གསོལ་རྗེས། གཞི་ནས་ཕོ་བྲང་གི་ཕྱི་རོལ་དུ་ཕེབས་ཏེ་མཛེས་ཤིང་ཡིད་དུ་འོང་བའི་རྡ་སའི་ཞོགས་ལྗོངས་ལ་གཟིགས་པ་དང༌། དེ་དང་མཉམ་དུ་ཞོགས་པའི་མཁའ་དབུགས་གསར་བ་རྔུབ་པའི་འདུན་མ་ཞིག་བཅོས་མིན་དུ་འཁྲུངས་པ་འདྲ་ནའང༌། རེ་ཞིག་འགུལ་ཙམ་ཡང་མི་བྱེད་པར་སྤྱན་གཉིས་འབུར་ཚུགས་ཀྱིས་ཤར་ཕྱོགས་སུ་གཟིགས་པའི་ཚུལ་འདིས། ཁོང་ལའང་སྡུག་བསྔལ་ཆེན་པོ་ཞིག་དང་སྐྱོ་སྣང་དྲག་པོ་ཡོད་པའི་ངང་ཚུལ་གསལ་པོར་མཐོང་ཐུབ། སྐར་མ་འགའ་དེ་ལྟར་འདས་རྗེས། སྐུ་ལུས་སྦྱོང་བརྡར་གྱི་ཟོལ་གྱིས་ཕོ་བྲང་ཕྱི་རོལ་གྱི་སྐེད་ལམ་དུ་ཞུགས་པ་དང༌། བྲེལ་སྟབས་ཀྱིས་ཕེབས་ཞོར་དུའང་སྐུ་སྲུང་བ་ཚོར་འཛུམ་གྱིས་བསུ་ཞིང༌། ལག་འཇུ་བྱེད་པར་རྩོམ། སྐུ་སྲུང་བ་ཚོས་ཀྱང་རྒྱལ་བ་རིན་པོ་ཆེའི་སྐུ་ལ་ཧྲིག་ཧྲིག་ཏུ་ལྟ་བཞིན། གུས་པའི་ཉམས་ཀྱིས་མགོ་བོ་ཡང་ཡང་སྒུར། དེ་ལྟར་མགྱོགས་མྱུར་གྱི་ངང་ནས་སྐེད་ལམ་དེར་ཐེངས་གསུམ་བགྲོད་རྗེས་ཕྱིར་ཕོ་བྲང་དུ་ཕེབས་ཤིང༌། སྐབས་དེར་སྐུ་འཁོར་རྣམ་པས་ཀྱང་སེམས་ཀྱི་ཉོན་མོངས་བཀྲུས། ལུས་ཀྱི་སྒྲིབ་ཆ་དག་པར་བྱས་པའི་ཟོལ་གྱིས་ཕེབས་འདུག དར་ཅིག་ནས་རྒྱལ་བ་རིན་པོ་ཆེས་བསིལ་ལྷམ་བཞེས་ཤིང༌། ཁུག་མ་དམར་ནག་ཅིག་ཕྲག་པར་བསྣམས་ཏེ་ཕེབས་བྱུང༌། སུས་ཀྱང་གཡས་སྐྱོར་གཡོན་སྐྱོར་གནང་མི་དགོས་པར། སྐུ་འཁོར་ལྷན་རྒྱས་དང་ལྷན་དུ་གཙུག་ལག་ཁང་གི་ཕྱོགས་སུ་ཕེབས་པ་ན། ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི་གང་ཟག་ཁྲི་སྟོང་གི་ངོ་གདོང་ཡང་ཕོ་བྲང་གི་སྒོ་ནང་དུ་ཅེར་འདུག དུས་དེར་རྒྱལ་བ་རིན་པོ་ཆེ་སྐུ་ལུས་ཅུང་ཟད་སྒུར་སྒུར་གྱིས་ཕྱག་གཉིས་ཐལ་མོ་སྦྱོར་བའི་གུས་ཉམས་དང་བཅས་ཏེ་ཕེབས་ཤིང༌། ཆོས་ཞུ་བ་ཚོར་སྤྱན་འཛུམ་འཛུམ་དང་དབུ་སྒུར་སྒུར་ངང་ཕྱག་རྒྱ་གནང་བཞིན་གཙུག་ལག་ཁང་གི་ཕྱོགས་སུ་ཕེབས། བཞུགས་ཁྲིའི་མདུན་ནས་སྟོན་པ་ཐུབ་པའི་དབང་བོར་ཕྱག་གསུམ་འཚལ་བ་དང༌། དེ་ནས་གཡས་གཡོན་གྱི་བླ་སྦྲུལ་ཚོར་ཞིབ་གཟིགས་ཤིག་གནང་སྟེ། དགུང་ལོ་ཤིན་ཏུ་བགྲེས་པའི་བླ་མ་ཆེ་གེ་མོར་ཁམས་འདྲི་གནང་རྗེས། བཞུགས་ཁྲིར་ཕེབས་ཤིང༌། ཐོག་མར་བཞུགས་ཁྲི་སྟེང་ནས་ཡར་བཞེངས་ཏེ་ཆོས་ཞུ་བ་ཚོར་ལན་གཅིག་གཟིགས་ནས། ཆོས་ཞུ་བ་ཚོར་མར་བཞུགས་དགོས་པ་ལ་ཕྱག་བརྡ་ཞིག་མཛད་པ་དང་མཉམ་དུ། ཆོས་ཞུ་བ་ཚོ་སར་བཙོག་པ་དང༌། རྒྱལ་བ་རིན་པོ་ཆེ་ཁྲི་ལ་བདེ་བར་བཞུགས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་དྲིན་དྲན་བཞིན་པའི་སྒོ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་མཇུག་གི་ཚིགས་བཅད་ཚར་གཅིག་སྐྱོར་ནས། ཕྱག་གི་ཐལ་མོ་སྤྱི་བོར་སྦྱར་ནས་གསོལ་འདེབས་བྱེད། དེ་ནས་ཆོས་ཞུ་བར་འོངས་པ་རྣམས་ལ་ནན་ཏན་དང་ཞིབ་ཚགས། ཁྱད་པར་དུ་དཀའ་སར་སླེབས་ན་དེའི་ཚོད་ཀྱིས་འགྲེལ་བཤད་རྒྱས་པར་གནང་སྟེ་ཆོས་སྟོན་ཅིང༌། སྐབས་རེར་ཆོས་འཆད་ཀྱིན་ཏུ་བྱམས་བརྩེའི་སྤྱན་གྱིས་མི་མང་ལ་གཟིགས་ཏེ། ཞལ་འཛུམ་ལྷང་ལྷང་གིས་མི་ཆེ་གེ་མོར་ཕྱག་བརྡ་བྱེད་པ་དང༌། མཚམས་རེར་མི་མང་ལ་ཀུ་རེ་རྩེད་དགོད་སློང་བཞིན། ཕྱག་གཡས་པས་ཕྱག་གཡོན་པའི་དཔུང་པར་འཕྲུག་ཙམ་འཕྲུག་ཙམ་བྱེད་པའི་མོད་ལ། རྩེད་མཚར་དང་ཧབ་དགོད་རེ་རེས་ཆོས་ཞུ་བ་ཁྲི་སྟོང་གི་སེམས་ནང་གི་སྡུག་བསྔལ་སྐད་ཅིག་ཉིད་ལ་ཡལ་བར་བྱེད་ནའང༌། མདུན་ཟུར་དུ་བཞུགས་པའི་བླ་རྒན་རེ་ཟུང་གིས་སྨིན་མ་མི་གཡོ་ཞིང་མིག་རྡེབ་ཙམ་ཡང་མི་བྱེད་པར་རྒྱལ་བ་རིན་པོ་ཆེའི་གསུང་ལ་ཉན་བཞིན། འབྲོམ་སྟོན་པས་གསུང་ཆོས་གནང་གི་ཡོད་པའི་ཚོར་སྣང་དངོས་སུ་བྱུང་ནའང༌། རྒད་པོ་ལོ་ལོན་ཞིག་གིས་རྒྱལ་བ་རིན་པོ་ཆེའི་རྒས་ཉམས་ལ་ལྟ་བཞིན་སེམས་མི་བདེ་བར་གྱུར་པ་དང༌། གདོང་ལ་སྐྱོ་སྣང་རྒྱས་ཏེ་མགོ་བོར་ཐུར་དུ་དཔྱངས་པ་དང༌། ཡུན་རིང་བོ་ཞིག་ལ་མགོ་བོ་གྱེན་དུ་འདེགས་པའི་སྤོབས་པའང་ཞུམ་པར་གྱུར། ཡིན་ནའང༌། རྒྱལ་བ་རིན་པོ་ཆེས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་ཞོགས་པ་དེ་ལྟར་དུས་འདའ་བར་བྱས། ཉིན་གུང༌། གཞི་ནས་བཞུགས་ཁྲི་ལས་ཡར་བཞེངས་པ་དང༌། ཞལ་ལ་འཛུམ་དམུལ་དམུལ་གྱི་རྣམ་པས་ཁེངས་ཤིང༌། གྲུང་ཤ་དོད་ཅིང་སྤྱན་དཀྱུས་རིང་བའི་སྤྱན་ཟུང་གིས་ཆོས་ཞུ་བ་ཚོར་ཕྱོགས་རིས་མེད་པར་གཟིགས་བཞིན་ཕོ་བྲང་དུ་ལོག་པ་དང༌། ཆོས་ཞུ་བ་རྣམས་ཀྱིས་ཀྱང་ཕྱག་གཉིས་ཐལ་སྦྱོར་གྱིས་རྒྱལ་བ་རིན་པོ་ཆེ་ཕོ་བྲང་གི་སྒོ་ཁའི་བར་དུ་མིག་སྐྱེལ་བྱས་རྗེས། སྐོར་ཚོ་དང་སྐོར་ཚོ་བྱས་ཏེ་རང་རང་སར་འཐོར་འགོ་ཚུགས། གཙུག་ལག་ཁང་གི་ཕྱི་རོལ་དུ་གསར་ཤོག་དང་དུས་དེབ་བཙོང་མཁན་དང༌། མོག་མོག་དང་བག་ལེབ་བཙོང་མཁན་སོགས་ཀྱིས་ཆོས་ཞུ་བ་རྣམ་པར་སྒུག་བསྡད་འདུག་ལ། འགྲུལ་སྐྱེལ་མོ་ཊ་གཏོང་མཁན་གྱི་རྒྱ་གར་བ་ཚོས་ཕྱི་ཤུན་ཤིང་ལོ་ཡིན་པའི་ཐ་མག་རེ་འཐེན་བཞིན་རྒྱང་རིང་ནས་ཆོས་ཞུ་བ་ཚོའི་གཡོ་འགུལ་ལ་བལྟས་འདུག
རྒྱལ་བ་རིན་པོ་ཆེ་སྟན་ལ་ཞུགས་པ་དང་མཉམ་དུ། སྐུའི་ཞབས་ཞུ་བ་ཚོས་གུང་ཇ་འདྲེན་འགོ་ཚུགས་ཤིང༌། ཤིང་ཕོར་ནང་གི་འབྲས་དཀར་དང༌། སྡེར་མའི་ནང་གི་རླངས་པ་ཐོལ་ཐོལ་འཕྱུར་བའི་ཚོད་མ་གཉིས་མཉམ་དུ་བསྲེས་ཏེ་མཆོད། གུང་ཇ་དང་མཉམ་དུ་རྒྱལ་སྤྱིའི་གསར་འགྱུར་ཁག་ལ་གཟབ་གནན་གྱིས་གསན་པ་དང༌། མཐར་རྒུན་འབྲུམ་ཉུང་ཙམ་མཆོད་ནས་གུང་ཇ་ཆོག་པར་མཛད། དེ་ནས་སྟན་ལས་ཡར་བཞེངས་ཏེ་ཕོ་བྲང་ཕྱི་རོལ་དུ་ཕེབས་ནས་མེ་ཏོག་ལྡུམ་རྭའི་ནང་དུ་ཆུ་དྲངས་པ་དང༌། སྨན་གྱི་བཟང་བོ་དྲུག་གི་ཆུ་རྗིང་ནང་དུ་སྐྱེས་པ་ལྟ་བུའི་མེ་ཏོག་ཅིག་ལ་སྣོམ་ཙམ་སྣོམ་ཙམ་བྱས་རྗེས། རྒྱུན་དུ་སྐབས་འདིར་ཡོང་བའི་སྤྲེའུ་བཞིན་བཟང་བ། ཞི་ཞིང་དུལ་བ་ཅན་དེར་ཤིང་ཏོག་ངང་ལག་ཅིག་སྤྲད་མ་ཐག སྤྲེའུ་དེས་ཀྱང་མགོ་བོ་ལྕོག་ལྕོག སྐེད་པ་ལྡེམ་ལྡེམ། རྐང་ལག་ལྷེམ་ལྷེམ་དུ་གཡོ་བཞིན་ཕྱིར་ནགས་གསེང་དུ་མཆོངས་སོང༌། ཡུད་ཙམ་ནས་ཕྱིར་གཟིམ་ཤག་ཏུ་ཕེབས་ཏེ་གསར་འབྱོར་བ་འགའ་ལ་མཇལ་ཁ་གཏོང་འགོ་ཚུགས་བྱུང༌། རྒྱལ་བ་རིན་པོ་ཆེ་ཁྲི་ལའང་མི་བཞུགས་པར་ཡར་བཞེངས་ཏེ། བོད་མི་གསར་འབྱོར་བ་ཚོར་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་གྱི་བརྒྱུད་རིམ་དང༌། ནམ་ཡང་བོད་མི་ཚོའི་སེམས་ཤུགས་མ་ཉམས་པའི་ཐོག་ནས་འབད་བརྩོན་གནང་དགོས་པ་ལ་བཀའ་སློབ་རིང་བོ་ཞིག་བསྩལ། གསར་འབྱོར་བ་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་ཉན་བཞིན་དབུགས་ཀྱང་གཏོང་གི་ཨེ་ཡོད་སྙམ་པའི་ཚུལ་དེར་བལྟས་ན། བཀའ་སློབ་དེ་དག་ནི་བོད་མི་གསར་འབྱོར་བ་ཚོའི་སྙིང་གི་དབུས་དང་སེམས་ཀྱི་གཏིང་དུ་བབས་པ་འདྲ། ལྷག་པར་དུ་གསར་འབྱོར་བསོད་ནམས་ཅན་ཞིག་གིས་རྒྱལ་བ་རིན་པོ་ཆེ་ནི་སྐུའི་བོངས་ཚོད་བརྗིད་བག་ཆེ་ཞིང་སྐུ་མདོག་དམར་ནག་ཅན་གྱི་རྟ་མགྲིན་དངོས་སུ་མཇལ་བ་ལྟ་བུའི་ཚོར་སྣང་བྱུང་བས། ཁོང་ལ་སྔོན་ལས་ལྷག་གི་དད་པ་ཞིག་སྐྱེས་ཏེ་དད་པ་དེས་ཁོང་གི་འཚོ་བ་ལའང་ཉིང་བཅུད་གསར་བ་ཞིག་བསྣན་བྱུང༌། མཇལ་ཁ་གྲུབ་རྗེས། མཇལ་བ་ཚོའི་གདོང་ལ་དགའ་བའི་མདངས་ཤར་བ་དང༌། ཕ་ཡུལ་ཨ་མདོ་ནས་ཨ་མའི་ཐོད་རུས་ཁུར་ཡོང་བའི་གསར་བུ་དེས་ད་ནི་རང་གི་ཨ་མའི་དྲིན་ལན་བསབས་པར་དྲན་ནས་སེམས་ལ་སྤྲོ་སྣང་འཁྱིལ་ཞིང༌། རྒད་པོ་རྒན་མོ་ཁ་ཤས་ཀྱིས་དེ་རིང་རྒྱལ་བ་རིན་པོ་ཆེ་མཇལ་བས་ད་ནི་ཤི་ནའང་འགྱོད་པ་མེད་སྙམ་པ་དང༌། ད་དུང་སྐེ་ན་ཁ་བཏགས་མང་བའི་འབྲོག་པ་དེས་རྒྱལ་བ་རིན་པོ་ཆེས་གསུང་སྐད་ཆེན་པོས་རང་གི་ཕ་ཡུལ་གང་ཡིན་དྲིས་གནང་བས། རང་ཉིད་ནི་མི་བསོད་ནམས་ཅན་ཞིག་རེད་ཨང་སྙམ་ནས་སེམས་ལ་ངོ་མཚར་ཞིང་དཔོག་པར་དཀའ་བའི་འཆར་སྣང་མང་བོ་སྐྱེ་བཞིན་འདུག
ད་ནི་ཕྱི་དྲོའི་ཆུ་ཚོད་གསུམ་པར་བསླེབས་འདུག རྒྱལ་བ་རིན་པོ་ཆེས་གསར་འབྱོར་བ་ཞིག་གིས་ཕུལ་བའི་གླེགས་བམ་དེར་ཡུད་ཙམ་གཟིགས་ཏེ། མདུན་ཅོག་སྟེང་དུ་ཡོད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་པར་ལའང་ལན་གཅིག་གཟིགས། དེ་ནས་སྐུའི་ཕོ་བྲང་དུ་གྲ་སྒྲིག་བྱས་པའི་ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་ལ་ཞུགས་ཤིང༌། ཨ་རི་དང་ཡུ་རོབ་ནས་ཕེབས་པའི་ཚན་རིག་པ་ཚོ་དང་ལྷན་དུ་སྣོད་ཀྱི་ཆགས་འཇིག་དང༌། ཉི་ཟླ་གཟའ་སྐར་གྱི་འགྲོ་སྟངས་དང་མྱུར་བུལ་སོགས་རང་བྱུང་ཚན་རིག་དང་ད་དུང་རྩོམ་རྡུལ་ནས་བསགས་རྡུལ། རྡུལ་ཕྲན་ནས་ཆེ་གཟུགས་ཀྱི་གྲུབ་རིམ། དུས་ཀྱི་འགྱུར་བ་དང་དངོས་པོའི་འགུལ་བསྐྱོད་སོགས་ལ་བགྲོ་གླེང་མང་དུ་མཛད་ཅིང༌། ལྟོས་གྲུབ་རྟེན་འབྱུང་དང་བཏགས་དོན་བཙལ་ནས་མི་རྙེད་པའི་དངོས་པོའི་རང་བཞིན་དེ་ཁོ་ན་ཉིད་དེ་སའི་གོ་ལའི་སྟེང་ཇེ་གསལ་དུ་གཏོང་དགོས་པ་སོགས། སྐབས་རེར་བོད་སྐད་དུ་གསུངས་པ་དང༌། མཚམས་རེར་གྲེ་བསལ་རེ་བྱས་ཏེ་དབྱིན་སྐད་དུ་གསུངས་པས། ནམ་རྒྱུན་མཁས་རློམ་ཆེ་ཞིང་རང་མཐོང་ཆེ་བ། རྙིང་ཞེན་ཅན་དང་ཁེངས་དྲགས་ཆེ་བའི་
ཡུ་རོབ་ཀྱི་མཁས་པ་དེས། དེ་རིང་རྒྱལ་བ་རིན་པོ་ཆེའི་སྐུ་ལ་ཧྲིག་ཧྲིག་ཏུ་ལྟ་བཞིན། ཡིད་ལ་ངོ་མཚར་བའི་སྤྲོ་སྣང་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་ཞིག་སྐྱེས་བྱུང༌། ཡིན་ནའང་དུས་ཚོད་གཉིས་ནི་ཨུ་ཤུ་བཏབ་པ་ལྟར་འདས་པས། ཚོགས་འདུ་ཆེན་མོ་དེ་ནི་བགྲོ་གླེང་སྣ་ཚོགས་ཀྱི་ཀློང་ནས་འདས་པར་བྱས་ཤིང༌། མཐར་ཚན་རིག་པ་ཚོས་རྒྱལ་བ་རིན་པོ་ཆེའི་ཕྱག་ལ་འཇུ་བཞིན་པའི་སྐུ་པར་རེ་བརྒྱབ་སྟེ་ཕེབས་སོང༌།
རྒྱལ་བ་རིན་པོ་ཆེ་ཚོགས་འདུ་གྲོལ་ནས་ལས་ཤག་ཏུ་འཛུལ་མ་ཐག ཆབ་སྲིད་བཙོན་པ་ཞིག་གིས་ཕྱག་འཚལ་ཞིང༌། ཁ་བཏགས་ཤིག་རུམ་ནས་བཏོན་མ་ཐག རྒྱལ་བ་རིན་པོ་ཆེས་ཞལ་འཛུམ་ལྷང་ལྷང་གིས་ཁོང་གི་ལག་པར་འཇུས་ཤིང༌། ཡུད་ཙམ་རིང་ཁོང་གི་གདོང་ལ་གཟིགས་བཞིན་མགོ་ལ་བྱིལ་བྱིལ་ཅིག་བྱས་ཏེ་བཞུགས། བཙོན་པ་དེས་གདོང་ལ་སེམས་སྐྱོ་བའི་རྣམ་འགྱུར་དང༌། སུ་ཞིག་ལ་ཞེན་ཆགས་པའི་མིག་མདངས་ཤར་བཞིན་གསང་བ་རྣམས་ཞུས་པ་དང༌། རྒྱལ་བ་རིན་པོ་ཆེས་ཀྱང་སྒམ་ཉམས་ཀྱིས་གསན་བཞིན་པའི་མུར། བཙོན་པ་དེས་ཞུ་འདོད་པའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་ཞུས་པ་ན། གདོང་ལ་དགའ་བའི་འཛུམ་དང་སྐྱིད་པའི་མདངས་ཤིག་ཤར་འདུག་ལ། སྐེ་རུ་ཡོད་པའི་ཁ་བཏགས་དཀར་པོའི་སྣེ་མོ་གཉིས་ཀྱང་རླུང་གིས་འཁྱུད་དེ་ལྷབ་ལྷུབ་ཏུ་གཡོ་སྙམ་པ་ཞིག་འདུག རྒྱལ་བ་རིན་པོ་ཆེས་ མཚོན་གྱིས་རྨས་པའི་བརླ་ཐོག་གི་རྨ་ཤུལ་འཇིགས་སུ་རུང་བ་དེ་ལ་གཟིགས་ནས་ཕྱག་གིས་ཕུར་ཕུར་ཅིག་བྱས་ཏེ། དེ་རིང་སྤྱན་རས་གཟིགས་ཀྱི་ཕྱག་གིས་རེག་པ་ཡིན་སྟབས། ད་ནས་བཟུང་ཁྱེད་ཀྱི་རྐང་པ་ལྕགས་ལྟར་གྱུར་པ་རེད་ཅེས་བཞད་མོ་བཞད་ཀྱིན་གསུངས་པ་དང༌། དེ་ནས་བཙོན་པ་དེ་ཧུར་གྱིས་ལངས་ཏེ་གུས་གུས་ཞུམ་ཞུམ་གྱིས་ཕྱི་ལོགས་སུ་ཐོན་དུས། བཀའ་བློན་ཁྲི་པའང་དེ་ན་སྒུག་ཡོད་པ་མཐོང༌། རྒྱལ་བ་རིན་པོ་ཆེས་སྐུའི་ཞབས་ཞུ་བ་ཞིག་ལ་བཀའ་ཁྲི་ནང་དུ་ཕེབས་ཆོག་པའི་བརྡ་བསྟན་པ་དང༌། བཀའ་ཁྲི་ནང་དུ་ཕེབས་ནས་བོད་གཞུང་བཀའ་ཤག་གི་ལས་གཞི་སྐོར་ཅིག་དང༌། སྤྱི་འཐུས་གྲོས་ཚོགས་ཀྱི་བསམ་འཆར་འགའ། ད་དུང་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་སྐོར་གྱི་གནད་དོན་འགའ་སྙན་གསེང་ཞུས་པ་ན། རྒྱལ་བ་རིན་པོ་ཆེས་དང་བོར་འདི་ལ་གཟིགས། བར་དུ་འདི་ལྟར་བགྱིད། མཐའ་མར་འདི་བཞིན་གྱིས་གསུངས་ནས། བཀའ་བློན་ཁྲི་པར་ཕྱག་ཡིག་ཅིག་ཕུལ་བ་དང༌། དུས་མཚུངས་སུ་དོགས་གནད་འགའ་ལ་ནན་ཏན་གྱིས་བཀའ་འདྲི་གནང་བྱུང༌།
རྡོར་ལ་རྡར་གྱི་རི་རྩེ་ན་འཁྱིལ་བའི་སྤྲིན་དཀར་གྱི་ཕུང་བོ་དེ་ཉིད་རིམ་གྱིས་ཕྱོགས་ཕྱོགས་སུ་འཐོར་ནས་ཁ་དོག་ཇེ་དམར་དུ་གྱུར་པ་དང༌། འཐོར་སྤྲིན་དམར་པོ་དེ་དག་ནི་ས་སྲོད་འགུགས་པའི་ཕོ་ཉ་ཞིག་དང་འདྲ་བར་དལ་གྱིས་རྒྱུ་བཞིན་འདུག སྐབས་དེར་རྒྱལ་བ་རིན་པོ་ཆེས་སྐུ་སྒེར་ཡིག་ཚང་གིས་ཕུལ་བའི་ཡིག་ཆ་དེར་གཟིགས་པ་དང༌། སང་ཉིན་ཞོགས་པའི་མཛད་སྒོ་གྲུབ་མ་ཐག ཨ་རི་དང༌། ཨ་རི་ནས་ཡུ་རོབ་ཏུ་ཕེབས་དགོས་པའི་ལས་རིམ་སོགས་ལ་གཟིགས་རྗེས། གསོལ་ཇ་གསོལ་བཞིན་དུ། སིལ་ཏོག་ཅིག་བཞེས་ཤིང་དེས་དགོང་ཇའང་ཆོག་པར་མཛད་དེ། གླེགས་བམ་རིང་པོ་ཞིག་གི་ཁ་ཕྱེ་ནས་དར་ཅིག་དགོངས་པ་ལ་བཞུགས། སྐབས་དེར་ཕོ་བྲང་གི་ནང་དུའང་གྲགས་འགུལ་ཅི་ཡང་མེད་པར་དབེན་ཞིང་ཁུ་སིམ་པ་ཞིག་རེད། བར་མཚམས་ཤིག་ལ་རྒྱལ་བ་རིན་པོ་ཆེས་ཆུ་ཚོད་འཁོར་ལོར་གཟིགས་པ་དང༌། ཕྱི་དྲོའི་ཆུ་ཚོད་བརྒྱད་པར་བསླེབས་འདུག རྒྱལ་བ་རིན་པོ་ཆེ་ཡར་བཞེངས་ཏེ་ཕོ་བྲང་གི་མཐའ་འཁོར་དུ་སྐུ་ལྷོད་ལྷོད་ངང་ཞབས་ཐང་གིས་ཅུང་ཙམ་བགྲོད་རྗེས། ཕྱིར་ཕོ་བྲང་དུ་ཕེབས་ནས་སྟོན་པ་ཐུབ་པའི་དབང་པོར་བརྐྱངས་ཕྱག་འགའ་འཚལ་ཞིང༌། སྣང་བ་མིན་ན། བརྗིད་བག་ལྡན་པའི་ཟས་གཙང་སྲས་ཀྱིས་ཀྱང་རྒྱལ་བ་རིན་པོ་ཆེར་འོད་ཟེར་གྱི་ཀློང་ནས་གཟིགས་བཞིན་འདུག དེ་ནས་སྐུ་ལུས་བསལ་ཅིང་ཚེམས་ཤིང་གསོལ་ཚར་བ་ན། སྐབས་དེར་ཆུ་ཚོད་ཀྱང་བརྒྱད་དང་ཕྱེད་ཀར་བསླེབས་འདུག་པས། རྒྱལ་བ་རིན་པོ་ཆེར་སྐུ་འཁྲེང་བའི་རྣམ་འགྱུར་དང་ཐུགས་ཕམ་པའི་ཚོར་བ་ཅི་ཡང་མེད་པར་གཟིམ་ཤག་ཏུ་ཕེབས་སོང༌།
དུས་དེར། རྡ་རམ་ས་ལའི་གནས་རི་འདི་ལའང་མུན་པའི་ཡོལ་བ་བརྒྱབ་འདུག་ལ། སྨིན་དྲུག་ཁྲ་མོའང་དད་པ་སྐྱེས་ཏེ་དབུ་སྐེ་གཡོན་པའི་ཚུལ་གྱིས་རྒྱལ་བའི་ཕོ་བྲང་ལ་གཟིགས་བཞིན་འདུག
ཡིན་ནའང༌། རྡ་རམ་ས་ལའི་སྲང་ལམ་ཁག་དང་སྲང་ལམ་གྱི་གཡས་གཡོན་ཀུན་ཏུ་གློག་འོད་ཁྲ་ལེམ་མེར་འཚེར་བཞིན་འདུག མི་རྣམས་དལ་བྲེལ་མེད་པའི་ངང་ཡར་འགྲོ་མར་འགྲོ་བྱེད་པ་དང༌། ཨ་རིར་འགྲོ་བསྐྱོད་ཐོངས་ཆེན་རེག་པའི་གསར་བུ་དེས་གྲོགས་པོ་གྲོགས་མོ་འགར་སྟོན་མོ་བཤམས་ཏེ་སྤྲོ་སྐྱིད་གཏོང་བཞིན་མཆིས་ལ། མདང་དགོང་དགོང་ཟས་གཅིག་པུ་ལས་ཟོས་མེད་པའི་གསར་འབྱོར་བ་དེས་ཟ་ཁང་ཁག་གི་སྒེའུ་ཁུང་ལས་འཕུར་འོངས་པའི་དྲི་མར་སྣོམ་བཞིན། དོ་དགོང་གནས་གང་དུ་ཉལ་བ་ལ་ཁོག་རྩིས་རྒྱག་གིན་གདའ། སྐྲ་ལོ་རིང་བོ་བཞག་པའི་གསར་བུ་འགས་ཀྱང་སྒྲོབ་ཉམས་སྟོན་བཞིན་མགོ་སེར་མ་འགར་ཁ་བརྡ་སྐྱིད་པོ་བྱེད་ཀྱིན་འདུག་པས། འདི་ལྟར་བལྟས་ན། རྡ་རམ་ས་ལའི་ཟང་ཟིང་གི་རྒྱུན་ཐག་ད་དུང་ཆད་རྒྱུ་མིན་པའི་ངང་ཚུལ་གསལ་པོར་མཐོང་ཐུབ།
ཁོང་གི་དགུང་ལོའི་ན་བབ་དང་བསྟུན་དེ་ཉིན་གཅིག་གི་ཕྱག་ལས་ལ་བསམ་བློ་གཏོང་རྒྱུ་བོད་མི་ཡོད་དོ་ཅོག་གིས་བརྗེད་མི་ཉན་པའི་གནས་སྟངས་ཤིག་རེད། བོད་མི་ཁ་ཤས་ཀྱིས་དོན་ཕྲའི་ཆེད་འཇོན་འདོགས་འདོགས་ཀྱིས་གོང་ས་མཆོག་ལ་གཟིམ་འཇལ་དང་མཉམ་དུ་པར་ཞིག་བླངས་ཏེ་གཞན་ལ་ངོམཱ་འཁྲབ་གྱི་བེད་སྤྱོད་དང༌། ད་དུང་ཚོགས་པ་མང་པོས་དོན་ཕྲའི་ཆེད་གདན་འདྲེན་ཞུས་བཞིན་ཡོད་པ་སོགས། འདོར་དགོས་པའི་གནས་སྟངས་ཆགས་ཡོད་པ་ཚང་མས་བསམ་ཤེས་བྱ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ལྟ་ན་སྡུག་པ་བཞི་འཛོམས་མ།
ལྟ་ན་སྡུག་པའི་ཡུལ་ལྗོངས་ཞིག་ན། །
ལྟ་ན་སྡུག་པའི་བླ་མ་ཞིག་གི །
ལྟ་ན་སྡུག་པའི་ཉིན་མ་གཅིག་གི །
ལྟ་ན་སྡུག་པའི་ཕྱག་ལས་གཅིག་འདུག །
༸གང་༸སྐུའི་༸སྐུ༸ཚེ་ཡུན་བརྟན་ཤོག
ཇི་འདྲའི་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ་ཞུ།
བརྗོད་བྱ་ཡིད་འཕྲོག་པ་ཞིག་བསྐྲུན་འདུག བཀའ་དྲིན་ཆེ།
“ངའི་དེ་རིང་གི་ཉིན་གཅིག”
ཞོགས་པ་འཕྱི་བོ་ལངས། དེ་རིང་གི་གསར་འགྱུར་ལ་བལྟས། ཁ་འདོན་ཐུང་ཐུང་ཞིག་སྐྱོར། རང་གི་རྩ་བའི་བླ་མར་ཕྱག་འཚལ། ཨིས་མེལ་ཁ་ཕྱེས། ཞོགས་ཇ་ཟ་རུ་ཕྱིན། འཛིན་གྲར་སོང་། འཛིན་གྲ་གྲོལ། ནང་ལས་བྲིས། ནང་ལས་ཚར། དགོང་ཟས་ལ་རོལ། གྲོགས་པོ་ཚོའི་མཉམ་དུ་ཁ་བརྡར། ཕྱིར་ཉལ་ཁང་དུ་ཡོང་། དེབ་ཞིག་གི་ཁ་ཕྱེས། མགོ་ནས་ཅུང་ཙམ་ྐློག གྲོགས་པོས་ཁ་པར་སླེབས། ཁ་བརྡ་བྱས། ཁ་བརྡ་འདྲ་མིན་བྱས། ཁ་པར་མཚམས་བཞག བསྐྱར་དུ་དེབ་དེའི་ྐློག་འཕྲོར་འཇུས། བསམ་བློ་བཏང་། བསྐྱར་དུ་བསམ་བློ་བཏང་། ངལ་གསོ་ཞིག་རྒྱག་དགོས་བསམ། ངོ་དེབ་སྒང་ལ་ཕྱིན། གྲོགས་པོ་ཚོའི་སྒེར་གྱི་གསར་འགྱུར་ཁག་ལ་བལྟས། བོད་རིགས་དབྱིན་ཡིག་རྩོམ་འབྲི་བ་ཚོའི་རྩོམ་རྣམས་བཙལ།
ཁོང་ཚོའི་རྩོམ་རྣམས་བྐླགས། མཚན་གྱི་ཆུ་ཚོད་བཅུ་གཉིས་ལ་སླེབས། ལུས་སེམས་གཉིས་ཀར་ཐང་ཆད་པའི་སྣང་བ་ཞིག་སླེབས། གཉིད་ཀྱི་ཞིངས་ཁམས་འགྲིམས།
ངའི་ཉིན་གཅིག་དེ་ནས་རྫོགས། ངའི་གྲོགས་པོའི་ཉིན་གཅིག ཨོ། དེ་འབྲི་མི་ཉན། ཆོག་མཆན་མེད་པ། དེ་ཙམ་བྱོས།