གནས་ཚུལ་གཏོང་མཁན། དགེ་འདུན་བློ་བཟང་།
ཕྱི་ལོ་༢༠༡༦ ཟླ་༣ ཚེས་༡༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་རང་བྱུང་ལྟེ་གནས་(India Habitat Centre) ཀྱི་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་འཛམ་གླིང་ཞི་བདེའི་ཆེད་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཞེས་པའི་ཚོགས་འདུ་ཞིག་བསྐོངས་འཚོགས་གནང་ཡོད་པ་རེད། ཚོགས་འདུ་དེར་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་རྒྱ་གར་ནང་སྐད་གྲགས་ཆེ་བའི་ཡེ་ཤུ་དང་། ཁ་ཆེ་གསར་རྙིང་གཉིས། ནང་པ། ཧིན་རྡུ་གསར་རྙིང་གཉིས། གཅེར་བུ་པ། འཇོ་སི། པར་སིག བྷ་ཧི་སོགས་ཆོས་ལུགས་མི་འདྲ་བ་དགུ་ཙམ་གྱི་བླ་ཆེན་དང་། མཁས་དབང་ཁག་༢༨ ཙམ་ཆེད་དུ་གདན་ཞུས་ཀྱིས་གསུང་བཤད་གནང་ཡོད་པ་དང་། ཆོས་ལུགས་ཁག་མི་འདྲ་བ་མང་པོ་ནས་ཟུར་ཉན་དུ་ཕེབས་མཁན་བཅས་ཁྱོན་མི་གྲངས་༢༠༠ ཙམ་མཉམ་ཞུགས་གནང་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་༡༠ ཐོག་གདན་ཞུས་ཆོས་ལུགས་ཁག་གི་བླ་ཆེན་དང་། ཆེད་མཁས་སྐུ་མགྲོན་ཁག་ལྷན་འཛོམས་ཀྱི་ཐོག་མར་སྣང་གསལ་མར་མེ་ཞལ་འབྱེད་དང་། བོད་པའི་གྲྭ་བ་གཉིས་ནས་རྒྱ་གླིང་སྙན་པོ་བཏང་འཕྲལ། རྒྱ་གར་གྱི་འཛིན་རིམ་དྲུག་པའི་སློབ་ཕྲུག་བུ་མོ་ཞིག་ནས་བཀྲ་ཤིས་པའི་གཞས་དང་རོལ་དབྱངས་དཀྲོལ་ཞིང་། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་ཞིང་། དེ་ནས་རིམ་བཞིན་སློབ་དཔོན་ཆེན་མོ། ཨེམ་ ཨེམ་ ཝརྨཱ། (ཆོས་ལུགས་མཐུན་སྒྲིལ་ཚོགས་པའི་ཚོགས་གཙོ་དང་། (ར་ཇས་ཐན་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ།) ཨ་ཤོཀ པཎྚེ། (ཨ་ཧལ་ཀོན་རྒྱལ་སྤྱིའི་སློབ་གྲྭའི་སློབ་སྤྱི།) པྲ་མོད་ཀུ་མཱར། (ཇ་གྷ་རན་སྒེར་བཙུགས་སློབ་གྲྭའི་སློབ་སྤྱི། ནོཡི་ཌ) སློབ་དཔོན་ཆེན་མོ་ཨེན་ཀི་ཨམ་བཱ་ཤཏ། (ཨ་ཡེ་ ཨེ་ ཨེས་ ཨི་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་ཟུར་པ། ར་ཇས་ཐན།) སློབ་དཔོན་ཆེན་མོ་ཅནྡྲ་ཤེ་ཁར། (དིལླི་མཐོ་སློབ།) སྐུ་ཞབས་ཨེ་ ཨེམ་ ཁཱན། (ཡུ་ནོན་བློན་ཆེན་ཟུར་པ) སྐུ་ཞབས་ཨལ་ཝན་ མཱ་སིཧ། (རྒྱ་གར་བྱང་ཕྱོགས་ཆོས་ལུགས་དགེ་རྩ་ཚོགས་པའི་དྲུང་ཆེ) སྐུ་ཞབས་ཨེ་ཛི་ཁིལ་ མ་ལེ་ཀར། (དི་ལླི་གསར་པའི་རབ་བྷེ་ཨི་ཇུ་ད་སི་ན་གྷོཀ) ཝི་ཀྲམ་ དཏྟ། (༧གོང་ས་མཆོག་གི་འཆར་སྣང་གོང་འཕེལ་ལས་གཞིའི་སློབ་སྟོན་པ།) སློབ་དཔོན་ཆེན་མོ་ ཧེ་མཱ་ ར་གྷ་ཝན། (དིལླི་གར་གི་མཐོ་སློབ་ཀྱི་སློབ་སྤྱི་ཟུར་པ) མེ་ཇར་ པི་ཀེ་ སེ་གཱལ། (བགྲེས་ཡོལ) སློབ་དཔོན་ཆེན་མོ་ཨེས་ ཨེམ་ ས་ཇཱིཏ། (ཇ་མ་ཡི་ མི་ལིཡ་ ཨིས་ལམ་མི་ཡའི་ཉེ་བའི་རིགས་བདག་ཟུར་པ) སྐུ་ཞབས་ཀ་ནཀ་མལ་ དུ་གར། (ར་ཇས་ཐན་མཐོ་སློབ་ཀྱི་རིགས་བདག) ཊོག་ཊར་ ཨེ་ཀེ་ མར་ཆེནྚ། (Temple of understanding ལྷ་ཁང་གི་དྲུང་ཆེ།) ཨ་ཤོཀ་ ས་ཇན་ཧཱརི། (རྒྱ་གར་གྱི་ཕྱི་སྲིད་ལས་བྱེད་ཟུར་པ) སྐུ་ཞབས་ཨེས་ ཨེན་ ས་ཧུ། (གྲོས་ཚོགས་གོང་མའི་ཟུང་འབྲེལ་དྲུང་ཆེ) སྭ་མི་ ཤནྟ་མ་ཨནྡ། (དིལླི་གསར་པའི་ར་མ་ཀི་རི་ཤ་ནའི་དྲུང་ཆེ) དགའ་ལྡན་ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན། དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྤྲུལ་སྐུ་ཐུབ་བསྟན་ཉི་མ། སྐུ་ཞབས་ཨལ་ཧཇ་སུ་ཕི་སེད་གུལཱམ་ཀིབ་རི་ཡ། (ག་དྷི་ན་ཤིན) སློབ་དཔོན་ཆེན་མོ་ཇེ་ཨེས་ རཱཇ་པུཏ། (རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གི་ངེས་སྟོན་པ་ཟུར་པ།) ཤཏྲུ་གཎ་ཇིབ་ན་ནི། (དིལླི་པདྨའི་ལྷ་ཁང་གི་ངེས་སྟོན་པ།) སློབ་དཔོན་ཆེན་མོ་ དི་པཱ་ལཱི་ བ་ནོཏ། (དིལླི་མཐོ་སློབ་ཀྱི་ཉེ་བའི་སློབ་དཔོན་ཆེན་མོ་ཟུར་པ) ཡི་ཤུ་བླ་ཆེན་ཕེ་ལེཀ་སི། སློབ་དཔོན་ཆེན་མོ་ར་ཛི་ ཨཧ་མད་ ཀ་མལ། (ཇ་མ་ཡི་ མི་ལིཡ་ ཨིས་ལམ་མི་ཡའི་སློབ་དཔོན་ཆེན་མོ་ཟུར་པ) སྐུ་ཞབས་ཨེམ་ པི་ ལེ་ལི། (ཨེ་ ཨཡི་ ཨར་གྱི་ཉེ་བའི་ངེས་སྟོན་པ་ཟུར་པ།) ཨཱ་ཙཱརྱ་ ལོ་ཀེཤ་ མུ་ནི་ཇཱི། (ཇེན་མུ་ནི།) དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས། (༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ།) ཊོག་ཊར་བཀྲ་ཤིས་དཔལ་འབྱོར། (སློབ་དཔོན་ཆེན་མོ།) བླ་མ་ཆོས་འཕེལ་བཟོད་པ། (ཧི་མཱ་ལ་ཡའི་རྒྱལ་ཡོངས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ།)
ཚང་མའི་གསུང་བཤད་ཀྱི་སྙིང་དོན་ནི། ཆོས་ལུགས་ཚང་མ་སྐྱེ་འགྲོ་སྤྱིའི་བདེ་སྐྱིད་སྐྲུན་ཐབས་དང་། སྡུག་བསྔལ་སེལ་ཐབས། གཅིག་ཕན་གཅིག་གྲོགས་དང་། མཐུན་ལམ་ཐོག་ནུས་ཤུགས་སྤུངས་ཐབས། ཆོས་ཀྱི་ལས་དོན་ནང་མཉམ་ཞུགས་སྐབས་ཆོས་པ་ཚོས་རང་ཚུགས་ཐུབ་པ་བྱ་རྒྱུ་ལས་སྲིད་དོན་པས་འོས་ཤོག་གི་གཞན་དབང་དུ་ཤོར་བ་དང་། ཆོས་ཀྱི་དབུ་ཁྲིད་ཚོའི་མངའ་དབང་རྒྱ་བསྐྱེད་ཀྱི་གཞན་དབང་དུ་ཤོར་བ་ཡིན་ན། ཆོས་པ་དང་ཆོས་གཉིས་ཀ་ལ་གུས་བརྩི་བརླག་པའི་ཉེན་ཁ་ཡོད་པ་དང་། དེ་ལྟར་ཕྱིན་ན་འཇིག་རྟེན་པས་མིག་དཔེ་ལྟ་སའི་གཞི་བརླགས་ཏེ། སྐྱེ་འགྲོ་སྤྱི་ཡོངས་ཀྱི་བཟང་སྤྱོད་ཉམས་རྒུད་དུ་གྱུར་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་བདེ་སྐྱིད་བརླག་པའི་ཉེན་ཁ་ཡོང་སྲིད་པས་ཆོས་པ་ཚོས་ནང་གི་ཤེས་ཡོན་དང་ཀུན་སྤྱོད་ཀྱིས་རང་ཚུགས་ཐུབ་དགོས་པར་མ་ཟད། རེ་བ་དང་ཡིད་ཆེས་ཀྱི་དམིགས་རྟེན་དུ་གནས་དགོས་སྐོར་དང་། ཞི་བདེ་ཡོང་རྒྱུར་དམག་རྒྱག་པ་དང་། བསླབ་བྱ་ལ་བརྟེན་དགོས་པ་གཉིས་ལས་ཕྱི་མ་དགེ་མཚན་ཆེ་སྐོར་དང་། ཞི་བདེ་ནི་དོན་དམ་རང་རང་སོ་སོས་ལག་ལེན་གྱི་ཐོག་ནས་ལས་ཀ་བྱེད་རྒྱུ་ཞིག་ཡིན་པ་ལས་སྨོན་ལམ་བརྒྱབ་པ་ཙམ་གྱིས་དེ་ཙམ་ཕན་ཐོགས་མེད་སྐོར་དང་། རིགས་རུས་དང་། སྤྱི་ཚོགས་གང་ལའང་དབྱེ་འབྱེད་བྱེད་མི་རུང་བར་ཚང་མ་འདྲ་མཉམ་དང་། གུས་བརྩི་ཙམ་མ་ཡིན་པར་རང་རང་སོ་སོ་ལ་ནུས་པ་རེ་ཡོད་པ་ཁས་ལེན་བྱེད་དགོས་པར་མ་ཟད་ཁ་ཙམ་དང་རྣམ་འགྱུར་ཙམ་མ་ཡིན་པར་སྙིང་ཐག་པ་ནས་ངོས་འཛིན་གསལ་བོ་དགོས་སྐོར་དང་། བརྩེ་བ་བྱེད་མཁན་གྱིས་བརྩེ་བ་བྱ་ཡུལ་ལ་ཞབས་འདེགས་ཀྱི་འདུ་ཤེས་འཛིན་པ་ལས་རང་ལས་དམན་པ་ལྟ་བུའི་བརྩེ་བ་བྱ་ཡུལ་གྱི་ངོས་འཛིན་གནང་མི་རུང་སྐོར་དང་། རང་གཅིག་པུའི་ཆེད་དུ་མིན་པར་གཞན་ཕན་གྱི་བསམ་བློ་དང་ལག་ལེན་དེ་ཚོ་ལན་ལ་རེ་བ་མེད་པའི་ཐོག་ནས་གཅིག་ཏུ་གཞན་དོན་བསྒྲུབ་རྒྱུ་དང་། མ་གཞི་ནས་མིའི་རང་གཤིས་དེ་བཟང་པོ་ཡིན་པ་དང་། ལྷན་སྐྱེས་སུ་ཡོད་པའི་ཡོན་ཏན་དེ་ཚོ་མཉམ་རུབ་དང་ཕྱོགས་གཅིག་ཏུ་སྤུངས་ནས་སྤྱི་ཚོགས་ནང་ཞབས་ཞུ་ཞུ་རྒྱུ་དེ་གལ་ཆེན་ཡིན་སྐོར་དང་།
རྩོད་རྙོག་མང་ཆེ་ཤོས་ཤིག་བསམ་བློའི་ནང་རྣམ་རྟོག་གིས་སྒྲོ་བཏགས་ནས་དངོས་ཡོད་ལས་བརྒལ་ཏེ་སྐད་ཆ་བཤད་པ་དང་། ལས་ཀ་བྱས་པ་ལས་འབྱུང་གི་ཡོད་པས་ཤེས་པ་རང་སོར་གནས་ཐབས་དགོས་སྐོར་དང་། ཆོས་ལུགས་གང་ཡིན་ན་འང་འཚེ་བ་མི་བྱེད་པ་མ་ཟད་འཚེ་བ་འགོག་ཐབས་བྱེད་ཀྱི་ཡོད་ཀྱང་སོ་སོའི་ཆོས་ལུགས་དང་ཚོགས་པ་རྒྱ་བསྐྱེད་ཀྱི་ཆེད་དུ་ཆོས་ཁ་ལ་ཁྱེར་ནས་འཐབ་རྩོད་བྱེད་པ་མི་ལེགས་པའི་སྐོར་དང་། མིའི་མི་ཚེའི་ནང་ཁྲིམས་ཀྱི་ནང་སྡོད་པའི་འདུ་ཤེས་གལ་ཆེ་བ་དང་། དེའི་ནང་ནས་ཀྱང་ཆོས་ཁྲིམས་ཀྱི་བསླབ་བྱ་ཁག་སྲུང་བརྩི་བྱ་རྒྱུ་དེ་མི་ཚེའི་ནང་གལ་ཆེན་ཡིན་སྐོར་དང་། མི་ཚང་མར་ལྟ་བ་དང་སྤྱོད་པ། ཁས་ལེན་སོགས་མི་མཐུན་པའི་ཕྱོགས་མང་པོ་ཡོད་ཀྱང་། སེམས་པ་མཐུན་དགོས་པ་དང་། དེ་ཡང་ཞི་བདེར་དགའ་བ་དང་། མཐུན་ཕྱོགས་ཀྱི་བསམ་བློ་ཡར་རྒྱས་སུ་གཏོང་གལ་ཆེ་སྐོར་དང་། ཕྱི་དོན་རིག་པ་ལས་ནང་དོན་རིག་པའི་སྐོར་ལ་དོ་སྣང་ཆེ་བ་བྱེད་དགོས་པ་དང་། རང་ཉིད་ཀྱི་སྐྱོན་ངོས་ཟིན་པ་དང་གཞན་གྱི་ཡོན་ཏན་ལ་དོ་སྣང་བྱེད་དགོས་པ།
ཁ་ཤས་ནས་ལོ་ལྔའི་གོང་དུ་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་མཉམ་དུ་ཆོས་ལུགས་རིས་མེད་ཀྱི་ལྷན་འཛོམས་ནང་མཉམ་ཞུགས་ཀྱིས་སྐད་ཆ་བཤད་རྒྱུ་བྱུང་བ་སྐལ་བ་བཟང་པོ་ཡིན་པ་དང་། ད་རེས་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དང་ཆེད་མཁས་རྣམ་པ་དང་མཉམ་དུ་སྡིངས་ཆ་གཅིག་ཏུ་སྐད་ཆ་བཤད་རྒྱུ་བྱུང་བ་དེ་ཡང་ཡར་རྒྱས་ཀྱི་རྟགས་མཚན་ཞིག་ཡིན་པ་དང་། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་བཀའ་དྲིན་རྗེས་དྲན་དང་འབྲེལ་དགེ་ལུགས་པའི་ངོས་ནས་གོ་སྒྲིག་གནང་བ་དེའི་དབང་གིས་བྱུང་བ་ཡིན་པས་འདིར་མཉམ་ཞུགས་ཐུབ་པ་བྱུང་བར་བསོད་སྡེ་ཆེན་པོ་ཡིན་སྐོར་དང་། ད་དུང་ང་ཚོ་ཆོས་ལུགས་རིས་མེད་ཀྱི་ཚོགས་འདུ་ཡང་ཡང་ཚོགས་དགོས་པ་གལ་ཆེན་པོ་ཡིན་ཚུལ་དང་། ང་ཚོ་ཚང་མ་ཆོས་ལུགས་སོ་སོའི་མིང་མི་འདྲ་ནའང་ཚང་མ་སྐྱེ་འགྲོ་སྤྱིའི་བདེ་ཐབས་ལ་འབད་བརྩོན་བྱེད་མཁན་ཡིན་པ་གཅིག་གྱུར་ཡིན་སྐོར་དང་། ཕན་ཚུན་ལ་སྙིང་ཐག་པ་ནས་གུས་བརྩི་དང་ཁས་ལེན་གནང་དགོས་སྐོར་དང་། སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་བྱམས་བརྩེ་དང་། ཚུལ་ཁྲིམས། བཟོད་སྒོམ། གུ་ཡངས། དྲང་བདེན་ལ་སྦྱོང་བརྡར་དགོས་པ་དང་། མི་མང་ལ་འགན་ཁུར་དགོས་པ། ཁ་ཡོད་ལག་ཡོད་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་དང་། ཉམ་ཆུང་ལ་རོགས་རམ་དགོས་སྐོར་སོགས་སོ་སོའི་ཆོས་ལུགས་ཀྱི་དགོངས་དོན་དང་། དེ་ཡང་ངོ་མཚར་བའི་གཏམ་རྒྱུད་རེ་དང་སྦྱར་ཞིང་། སོ་སོའི་མི་ཚེ་དང་ཆོས་ལུགས་ནང་མཉམ་ཞུགས་གནང་བའི་ཉམས་མྱོང་དང་སྦྱར་ནས་གསུངས་ཡོད་པ་རེད། མཇུག་ཏུ་གསུང་བཤད་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུའི་མཇལ་དར་བསྒྲོན་འབུལ་ཐོག་ཀ་བློན་སྦུག་གི་ཞབས་བྲོ་ཚོགས་པ་ནས་རྔ་སྦུབས་ཀྱི་རོལ་དབྱངས་ཁྲོད་སེང་གེའི་གར་འཆམ་འཁྲབ་སྟེ་མཇུག་བསྡུས་ཡོད་པ་རེད།
http://www.shambalapost.com/exile-news/12281-2016-03-16-13-02-04