ཁ་བའི་རྣམ་ཤེས།
ཕྱག་སྟོང་འདབ་མ་གྲོལ་བའི་དཀྱིལ་འཁོར་དུ།།
སྤྱན་སྟོང་གེ་སར་ཕྲེང་བ་ཚར་དུ་དངར།།
ལེགས་བྱས་བྲང་རྩིས་གང་བའི་པད་དཀར་ཁྱེད།།
བདག་ཡིད་བུང་བ་སྐྱོང་བའི་མགོན་དུ་བྱོན།།
སྐུ་ཡི་ཡོན་ཏན་རབ་འབྱམས་ཞིང་དུ་ཁྱབ།།
གསུང་གི་ཡོན་ཏན་གང་འདུལ་འགྲོ་ལ་སྨན།།
ཐུགས་ཀྱི་ཡོན་ཏན་སྙིང་རྗེ་ཆེན་པོ་མངའ།།
གང་གི་ཡོན་ཏན་བརྗོད་ལ་སྤྲོ་བ་བརྟས།།
ཡེ་ཤེས་མེ་ལོང་ལྷ་མོའི་བླ་མཚོ་རུ།།
ཨ་ཀ་མ་ཞེས་ཡིག་འབྲུ་ལྷམ་མེར་གསལ།།
སྔོན་གནས་རྗེས་དྲན་མི་མཆོག་སྐྱེས་བུ་བྱོན།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་དུ།།
ཁ་བ་རི་པའི་བསོད་ནམས་གསེར་གྱི་ཁྲིར།།
ཞབས་སེན་མཚན་རིས་བཀོད་པའི་དུས་སྟོན་ཆེ།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
ཀླ་ཀློའི་མེ་ཆེན་འབར་བའི་ཁུག་སོ་ན།།
བསྟན་འགྲོའི་མཚོ་མོ་སྐེམ་ལ་ཉེ་བའི་ཚེ།།
ན་ཚོད་ཕྲ་ཡང་ཆོས་སྲིད་འགན་འཁྲི་བཞེས།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
དུས་ཀྱི་འཁོར་ལོས་དུས་ངན་སྣུབ་པའི་ཕྱིར།།
ཁ་བའི་ལྗོངས་སུ་རིགས་ལྡན་དྲག་པོའི་སྐུ།།
སྐལ་ལྡན་འགྲོ་ལ་སྨན་པའི་དབང་ཆེན་བསྩལ།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
གསུང་རབ་རྒྱ་མཚོ་ཆེན་པོའི་འཇིངས་བརྒལ་ཏེ།།
དགེ་བའི་བཤེས་ཀྱི་གྲགས་སྙན་ནོར་བུའི་འོད།།
ཆེ་དགུ་དར་ལྕེ་གསུམ་པའི་གཙུག་ཏུ་བཀོད།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
མ་འོངས་མངོན་གཟིགས་འཕགས་པའི་ཡུལ་དུ་ཕེབས།།
གངས་ལྗོངས་ཆབ་དཔལ་རིག་གནས་སླར་གསོ་མཛད།།
གངས་ཅན་འགྲོ་ལ་བདེ་བའི་དབུགས་དབྱུང་བསྩལ།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
བསྟན་པ་རིན་ཆེན་ཡུན་དུ་གནས་པའི་ཕྱིར།།
བསྟན་འཛིན་སྐྱེས་བུ་ཀུན་ལ་མཐུན་སྒྲིལ་མཛད།།
བསྟན་པའི་སྦྱིན་བདག་འབྱོར་ལྡན་རྒྱལ་ཁབ་མང་།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
འཚེ་བའི་ལམ་དུ་ཞུགས་པའི་ནགས་པོའི་ཕྱོགས།།
བརྩེ་ཆེན་ཐུགས་རྗེའི་ངང་ལས་མ་གཡོལ་ཀྱང།།
འཚེ་མེད་ཡེ་ཤེས་མེ་དཔུང་འབར་བས་བསྲེགས།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
ཞི་བའི་ལམ་ནས་བོད་དོན་བདེན་མཐའ་བཙལ།།
ཞི་བའི་ཆེ་མཐོང་ཞི་བདེའི་གཟེངས་རྟགས་བཞེས།།
ཞི་བའི་ལྟ་གྲུབ་འཛམ་གླིང་ཡོངས་ལ་སྤེལ།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
བོད་བརྒྱུད་ནང་བསྟན་བླ་མའི་ཆོས་ལུགས་ཞེས།།
གྲགས་པའི་རྗེས་འབྲང་བླུན་རྨོངས་སྐྱེ་བོ་ཡི།།
མི་བདེན་རྫུན་ཕུག་གཏོར་ཏེ་རླུང་ལ་བསྐུར།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
ཞིང་བྲན་ལམ་ལུགས་རྨོངས་དད་རྗེས་ལུས་ཞེས།།
མ་ཉེས་ཞྭ་ནག་གཡོགས་པའི་མི་རིགས་འདིའི།།
གཟི་བརྗིད་སླར་གསོ་དབུ་འཕང་དགུང་ལ་བསྟོད།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
བྱམས་བརྩེའི་འོད་སྟོང་འབར་བའི་གཞུང་ལམ་དུ།།
རིས་མེད་ཆོས་ལུགས་ཡོངས་ལ་དག་སྣང་འཕེལ།།
བོད་རིགས་སྤུན་ཟླའི་བརྩེ་སེམས་མཚོ་ལས་ཟབ།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
རང་རྒྱལ་གཞན་ཕམ་རྩོད་པའི་འཇིགས་རྟེན་འདིར།།
དམར་ནག་ཁྲག་གི་ལོ་རྒྱུས་རྫོགས་མཐའ་མེད།།
དེ་ཕྱིར་གཉིས་ཕན་དབུ་མའི་ལམ་བཟང་བསྟན།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
ལྐོག་གྱུར་གཏན་ལ་འབེབས་པའི་ཆོས་ལུགས་དང་།།
ཚུར་མཐོང་བདེན་པར་འཛིན་པའི་ཚན་རིག་གཉིས།།
སྔོན་མེད་ཟུང་དུ་འབྲེལ་བའི་ཤིང་རྟ་ཆེ།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
ཇི་སྲིད་འགྲོ་བའི་སྡུག་བསྔལ་གནས་ཀྱི་བར།།
དེ་སྲིད་མགོན་ཁྱོད་བསྟན་འགྲོའི་དོན་ཉིད་དུ།།
མི་འགྱུར་རྡོ་རྗེའི་དམ་བཅའ་མཐིལ་དུ་བཟུང་།།
ཕུལ་བྱུང་མཛད་བཟང་དྲན་པས་སྤྲོ་བ་བརྟས།།
གང་གི་མཛད་བཟང་ནམ་མཁའི་མཐའ་ལ་རེག།
བདག་བློ་རྒྱ་ཁབ་བུ་ག་ལས་ཀྱང་དོག།
དེ་ཕྱིར་འདི་ལས་འབྲི་བར་མི་ནུས་ཞེས།།
སྙིང་རྗེའི་ལྷ་ལ་མི་སྦེད་སྙིང་ནས་འཆགས།།
འདི་ལས་འོངས་བའི་རྣམ་དཀར་དགེ་བའི་ཆ།།
མི་ཟད་ནམ་མཁའི་མཛོད་ལྟར་ཡངས་པ་དེས།།
གངས་ལྗོངས་རྒུད་པའི་སྨག་རུམ་སེལ་བའི་གཉེན།།
མཚན་མོའི་མགོན་ཁྱོད་གཏན་དུ་འཆར་བར་སྨོན།།
ལྷག་བསམ་གངས་ཀྱི་རི་ལ་གནས་བཅས་ཤིང་།།
ཉམས་འགྱུར་ཡན་ལག་བརྒྱད་ལྡན་གངྒཱའི་ཆབ།།
རྣམ་དཔྱོད་རལ་པའི་ཁུར་འཆང་ཆབ་བྲག་བ།།
གང་གི་བཀའ་དྲིན་དྲན་བཞིན་འདི་བྲིས་སོ།།