གནས་ཚུལ་གཏོང་མཁན། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས།
དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་༸རྒྱལ་བའི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་འཚོགས་པ།
ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༥ ནས་༢༨ བར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་༸རྒྱལ་བའི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་རྡ་སའི་ཉེ་འཁོར་རྒྱུད་སྟོད་ར་མོ་ཆེ་གྲྭ་ཚང་དུ་འཚོགས་ཡོད་པ་རེད། དེ་ཡང་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་༸རྒྱལ་བའི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། ཕྱི་ཟླ་༢ ཚེས་༢༥ ཉིན་སྔ་དྲོ་ཆུ་ཚོད་༨།༤༥ ཐོག་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བགྲོ་གླེང་བ། ཟུར་ཉན་པ། གཞན་ཡང་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་། ས་གནས་འགོ་འཛིན་གྱིས་དབུས་པས་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ལྷག་ཙམ་བཅས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་དུ་བཞུགས་གྲལ་དུ་འཁོད་མཚམས།
སྐུ་མགྲོན་གཙོ་བོ་བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་བླ་གཉིས་དང་། དབུ་ཆོས་རྣམ་པ་གཉིས་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་ཞུས་ཀྱིས་ཁྲི་ཁར་བཞུགས་སུ་གསོལ་ཏེ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས། རྒྱུད་སྟོད་ཕྱག་མཛོད་སྔགས་རམས་པ་བསོད་ནམས་དཔལ་འབྱོར་ལགས་ནས་མཛད་རིམ་སྒྲོག་སྦྱང་ཞུས་ཤིང་། སྐུ་མགྲོན་རྣམ་པ་དང་། སཱ་ར་མཐོ་སློབ་དང་། དབུས་སྨན་རྩིས་མཐོ་སློབ། ཀིརྟི་དང་མཚན་ཉིད་གྲྭ་ཚང་། བཙུན་དགོན་ཁག་བཞི་བཅས་ནས་གདན་ཞུས་ཟུར་ཉན་པ་ཡོངས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་འབྲེལ། དགེ་འདུན་བརྒྱད་གྲྭ་ནས་སྐུ་ཡི་འཁྲུངས་རབས་གསོལ་འདེབས་དང་། ཤིས་བརྗོད་གསུངས་གྲུབ་མཚམས།
དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཕེབས་བསུ་དང་འབྲེལ། གོ་སྒྲིག་ཚོགས་ཆུང་ངོ་སྤྲོད་དང་། འདས་པའི་ཟླ་ཤས་ནང་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་གང་དང་གང་བསྒྲུབས་ཡོད་མེད་དང་། མ་འོངས་པར་བྱེད་འཆར་ག་རེ་ཡོད་མེད། མཛད་རིམ་ཁག་ཅི་གསུང་བཀའ་སྒྲུབ་གཙོར་བཟུང་གིས་དགོས་པ་དང་དམིགས་ཡུལ་མཚམས་སྦྱོར་ཐོག་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་བླ་ཆེན་རྣམ་པར་འབྲེལ་བ་ཞུས་ཏེ། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ཇོ་ནང་དང་བཅས་པའི་བགྲོ་གླེང་བ་གཉིས་རེ་བསྐོ་གཏོང་གནང་ཡོད་པ་དང་། ཝཱ་ར་ཎ་སཱི་དང་། སཱ་ར། ནོར་གླིང་། དབུས་སྨན་རྩིས་ཁང་། ཏཱ་ལའི་བླ་མའི་མཐོ་སློབ་བཅས་མཐོ་སློབ་ཁག་གི་སློབ་སྤྱི་བརྒྱུད་དགེ་རྒན་མཁས་པ་བསྐོ་གཏོང་གནང་ཡོད་པ་དང་། སྐུའི་གསུང་བསྒྱུར་རྒན་པ་ཁ་ཤས། མཛད་རྣམ་སྡེ་ཚན་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྩོམ་སྒྲིག་ཁང་། ཉམས་ཞིབ་ཁང་ཁག་ཅིག་བཅས་ནས་ཡོངས་གྲགས་མཁས་པ་༢༣ གདན་ཞུས་ཀྱིས་༸རྒྱལ་བའི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་གི་ཡོད་པ་དང་། མཁས་པ་རྣམ་པ་ཚོའི་གསུང་རྩོམ་ཁག་དེབ་ཏུ་བསྒྲིགས་ཏེ་འཛམ་གླིང་གི་རིག་གནས་བང་མཛོད་དུ་ནང་གནས་ཐུབ་པ་བཟོ་རྒྱུ་སོགས་ཀྱི་སྐོར་གཏམ་བཤད་ཞུས་པ་དང་།
རིམ་བཞིན་བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་མཆོག་དང་། མཁན་རིན་པོ་ཆེ་བྱ་དོ་མཆོག་སྤྲུལ་བསྟན་འཛིན་འབྱུང་གནས་མཆོག དམིགས་བསལ་སྐུ་མགྲོན་མཆོག་ནས་༸གོང་ས་མཆོག་གིས་བོད་ཀྱི་ལོ་རྒྱུས་ཐོག་གསར་གཏོད་ཀྱི་མཛད་འཕྲིན་གང་དང་གང་བསྐྱངས་ཡོད་མེད་སོགས་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་ངེད་ཀྱི་ཆབ་སྲིད་དེ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ག་རེ་ལམ་སྟོན་གནང་བཞག་པ་དེའི་རྗེས་སུ་འབྲང་རྒྱུ་དེ་ཡིན་སྐོར་སོགས་སྐུའི་མཛད་འཕྲིན་དང་། དགོངས་གཞི། གསུང་རྩོམ་གྱི་གལ་གནད་དང་འབྲེལ་སོ་སོའི་སྐུ་ཚེའི་ཉམས་མྱོང་དང་སྦྱར་བའི་གསུང་བཤད་རིན་ཐང་ཅན་གནང་གྲུབ་རྗེས། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་གཞོན་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་ཡོད་པ་དང་། ཆུ་ཚོད་༡༡།༣༠ ཐོག་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ངོས་ནས་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་རེད།
ཉིན་རྒྱབ་ཆུ་ཚོད་༡།༣༠ ནས་བགྲོ་གླེང་དབུ་འཛུགས་ཀྱིས་རྒྱལ་ཚབ་རིན་པོ་ཆེ་ངག་དབང་ཆོས་ཀྱི་སྣང་བས་གཙོ་སྐྱོང་འོག ཝཱ་ཎ་མཐོ་སློབ་ཀྱི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་རྒྱལ་སྤྱིའི་ཤེས་ཡོན་གྱི་སྡིངས་ཆ། ཞེས་པའི་བརྗོད་གཞིའི་ཐོག་སྤྱི་མཚུངས་ལྟར་གསུང་བཤད་སྐར་མ་༢༠ དང་། དྲི་བ་དྲིས་ལན་སྐར་༢༥ གནང་ཡོད་པ་དང་། དེ་ནས་རིམ་བཞིན། སཱ་ར་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་ལེགས་བྱང་། ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་དགེ་རྒན་ཨ་འབྲུག་དཀོན་མཆོག་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་ཤེས་ཡོན། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ། ཕྱི་ཚེས་༢༦ ཉིན་ཆུ་ཚོད་༨ པ་ནས་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་མཆོག་གིས་གཙོ་སྐྱོང་འོག དབུས་སྨན་རྩིས་ཁང་གི་དགེ་རྒན་ཡེ་ཤེས་དགེ་ལེགས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་སྨན་རྩིས་ཤེས་ཡོན། ནོར་གླིང་མཛད་རྣམ་སྡེ་ཚན་གྱི་འགན་འཛིན་ཁ་སྒང་ཤེས་རབ་རྒྱ་མཚོ་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་རྣམ་གྱི་གལ་ཆེའི་རང་བཞིན་དང་།
ཡང་སྡེ་ཚན་དེའི་བྱ་གཞུང་སྐལ་བཟང་ཚུལ་ཁྲིམས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བཀའ་ཡིག་སྐོར་དང་། གྱ་སྟོན་མཛད་རྣམ་སྡེ་ཚན་གྱི་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་བོད་ཀྱི་མང་གཙོ། ཉིན་རྒྱབ་ཆུ་ཚོད་༡།༣༠ ཐོག་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་གཙོ་སྐྱོང་འོག་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་༸རྒྱལ་བའི་ཡང་སྲིད་སྐོར་དང་། ཝཱ་ར་ཎ་སཱིའི་རྒྱལ་རབས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་དཔལ་ནཱ་ལེནྡྲའི་ཤེས་ཡོན་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེན་མོ་རྔ་བ་ཚེ་རྒྱམ་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་པ་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ནང་ཆོས་ལ་སྡེ་ཚན་གསུམ་དུ་ཕྱེ་བའི་དགོངས་གཞི་དང་།
ཕྱི་ཚེས་༢༧ ཉིན་མཁན་པོ་རྒྱལ་མཚན་ཕུན་ཚོགས་མཆོག་གིས་གཙོ་སྐྱོང་འོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་ཚན་རིག་དང་། རྣམ་གྲོལ་གླིང་སློབ་དཔོན་ཚེ་རིང་དོན་གྲུབ་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་སྔ་འགྱུར་རྙིང་མའི་གནས་བབ་དང་། སྒྲོལ་མ་ཕོ་བྲང་གི་མཁན་པོ་སྤྱན་ཡངས་རྒྱ་མཚོ་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་དཔལ་ལྡན་ས་སྐྱ་པའི་གནས་བབ་དང་། སྨན་རིའི་གླིང་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་གཡུང་དྲུང་བོན་གྱི་གནས་བབ་དང་། ཉིན་རྒྱབ་མཁན་པོ་སྤྱན་ཡངས་རྒྱ་མཚོས་གཙོ་སྐྱོང་འོག་ཤེས་རབ་གླིང་མཁན་པོ་རྒྱལ་མཚན་ཕུན་ཚོགས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་དཔལ་རྒྱལ་བ་བཀའ་བརྒྱུད་པའི་གནས་བབ་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་པོ་ཀུན་དགའ་འཚམས་ཆུང་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་དཔལ་རྒྱལ་བ་ཇོ་ནང་པའི་གནས་བབ་དང་། སིམ་ལ་ཇོ་ནང་མ་དགོན་གྱི་ཇོ་ནང་རྒྱལ་ཚབ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་སྣང་བ་ལགས་ནས་བོད་ཀྱི་ཆོས་བརྒྱུད་ཁག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་སྐོར་དང་། ཝཱ་ར་ཎཱ་སིའི་དགེ་བཤེས་གཡུང་དྲུང་དགེ་ལེགས་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་ཆོས་བརྒྱུད་རྡོག་རྩ་གཅིག་བསྒྲིལ་གྱི་དགོངས་གཞི་དང་།
ཕྱི་ཚེས་༢༨ སྔ་དྲོ་མཁན་པོ་ཚེ་རིང་དོན་གྲུབ་མཆོག་གིས་གཙོ་སྐྱོང་འོག་སྒྲོལ་མ་ཕོ་བྲང་གི་དཀོན་མཆོག་ཆོས་འཕེལ་ལགས་དང་། ཤེས་རབ་གླིང་ངག་དབང་ལགས། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་ཐུབ་བསྟན་ཡར་འཕེལ་ལགས་བཅས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དང་ཆོས་བརྒྱུད་རྡོག་རྩ་གཅིག་བསྒྲིལ་གྱི་དགོངས་གཞི་དང་། སྐུའི་གསུང་འབུམ་སྡེ་ཚན་གྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་གསུང་འབུམ་གྱི་གལ་གནད་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་བགྲོ་གླེང་ལྷུག་པོ་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་༡།༣༠ ཐོག་བགྲོ་གླེང་མཇུག་བསྡོམས་མཛད་སྒོར་རྒན་བྱམས་པ་བསམ་གཏན་ལགས་དང་། དགེ་བཤེས་གཡུང་དྲུང་དགེ་ལེགས་ལགས། རྒན་ཐུབ་བསྟན་ཡར་འཕེལ་ལགས། རྒན་ངག་དབང་ལགས་བཅས་ནས་བགྲོ་གླེང་དང་འབྲེལ་བའི་མྱོང་ཚོར་སྐོར་གསུངས་སྐབས་ད་རེས་ཀྱི་འདི་ལྟ་བུ་ཡང་ཡང་ཚོགས་ཐུབ་ན་དགེ་མཚན་ཆེ་སྐོར་དང་། བགྲོ་གླེང་ལྷུག་པོ་བྱུང་ཞིང་། གྲ་སྒྲིག་ཚོགས་ཆུང་ལ་ལེགས་གསོལ་བསྔགས་བརྗོད་ཞུས་ཡོད་པ་དང་། མཁན་བླ་རྣམ་པ་གཉིས་ནས་ཉིན་བཞིའི་རིང་ཚོགས་ཐུན་གཅིག་ལའང་མ་ཆད་པར་ཚོགས་མགོན་དུ་བཅར་བའི་ཐུགས་ཚོར་ལྷུག་པོར་གསུངས་པར་མ་ཟད། ༸གོང་ས་མཆོག་གི་བོད་ཀྱི་ཤེས་ཡོན་དང་། ཚན་རིག ཆབ་སྲིད། ཁོར་ཡུག དགོངས་གཞི་བཅས་ཀྱི་སྐོར་ལ་རིན་ཐང་ཅན་གྱི་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་མཆོག་ནས་ཉེ་ལམ་ནས་རི་བོ་དགེ་ལུགས་པའི་ངོས་ནས་སྐུའི་གྱ་སྟོན་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་གསར་གཏོད་གྱི་རྣམ་པ་མང་པོ་བསྒྲུབས་ཟིན་པ་དང་།
ད་རེས་ཀྱི་འདི་ཡང་གསར་གཏོད་ཀྱི་རང་བཞིན་ཅན་ཡིན་པ་ཙམ་དུ་མ་ཟད་ཅི་གསུང་བཀའ་སྒྲུབ་ཀྱི་ཆ་ཤས་ཤིག་ཡིན་སྐོར་དང་འདི་དང་དེས་མཚོན་པའི་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་བསྒྲུབས་དང་སྒྲུབ་བཞིན་པ་དག་ལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ལེགས་གསོལ་བསྔགས་བརྗོད་ཡོད་སྐོར་དང་། བགྲོ་གླེང་འདིའི་ནང་བཀའ་མོལ་གང་གནང་བ་ཁག་སློབ་གྲྭ་བ་དང་གཞོན་སྐྱེས་ཚོར་གོ་རྟོགས་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་དང་། ལར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་མཛད་འཕྲིན་དང་། དགོངས་གཞི་ཁག་གཞོན་སྐྱེས་ཚོའི་ནང་གོ་རྟོགས་སྤེལ་རྒྱུ་གལ་ཆེ་ཡིན་སྐོར་གསུངས་པ་དང་། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བགྲོ་གླེང་མཇུག་བསྡོམས་འབྲེལ་རིང་མིན་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་གཞོན་སྐྱེས་ཚོར་ནང་ཆོས་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་རྒྱུའི་མཛད་རིམ་བསྒྲིགས་ཟིན་པ་དང་། དེ་བཞིན་གདན་ས་གྲྭ་ཚང་ཁག་བཅུ་གཅིག་གི་ནང་དེ་སྔོན་བརྡ་ཐོ་སྔོན་ཕུལ་ལྟར་གཞུང་ཆེན་བློར་འཛིན་གྱི་རྒྱུགས་སྤྲོད་ཚད་ལྡན་བླངས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ལ་ཕེབས་པར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་གཞུང་ཆེན་བློར་འཛིན་གྱི་གཟེངས་རྟགས་ཕྱག་ཁྱེར་སྤྲོད་འཆར་ཡོད་སྐོར་གྱི་གཏམ་བཤད་དང་། བགྲོ་གླེང་བ་ཚོར་ཐུགས་རྗེ་ཆེ་ཞུའི་ལེགས་གསོལ་གྱི་མཇལ་དར་ཕུལ་ཏེ་མཛད་སྒོ་གྲོལ་ཡོད་པ་རེད།
ཁྱེད་རྣམ་པས་ལོ་ཁོར་མོ་ཡུག་ཏུ་མཛད་འཆར་སྒྲིག་གནང་མཛད་པའི་རྒྱལ་བའི་སྐུ་དྲིན་རྗེས་དྲན་གྱི་ལེ་ཚན་ནང་རྒྱ་ཆེ་ས་ནས་གསར་གཏོད་དང་མིག་ལྟོས་བཟང་བའི་ལེགས་ཆ་མང་པོ་འདུག་པས་བགེགས་མེད་ལམ་ལྷོངས་ཀྱིས་ལས་འཆར་ཡོངས་ལེགས་གྲུབ་ཡོང་བར་སྨོན། ཐུགས་རྗེ་ཆེ་གནང་།