ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ཉིན་བཀའ་ཤག་གི་ཚོགས་ཁང་ནང་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དབུ་བཞུགས་ཐོག་བཀའ་ཤག་ལྷན་རྒྱས་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་གྱི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམས་ལ་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་གསུང་དོན། རྡ་སར་བཅར་རྒྱུ་ཁག་པོ་བྱེད་ཀྱི་འདུག་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་གནང་བ་དང་། བཀའ་ཤག་ནས་གསུངས་པ་ཡིན་སྟབས། གང་ཐུབ་བཅར་ཐབས་བྱེད་ཀྱི་ཡིན་ཞུས་ཨང་། ཞེས་ལྗགས་ལན་བསྐུར་ཡིན།ངའི་བསམ་པར་ལོ་ན་རྒས་ཏེ་ནད་མནར་གྱིས་རྐྱེན་པས་སང་གནངས་ཀྱི་མི་ག་དུས་འཆི་རྒྱུ་ཡིན་མིན་སོ་སོའི་ལག་ཏུ་མེད་ནའང་འཆི་རྒྱུ་ཡིན་པ་བསམ་བློའི་ནང་འཁོར་དགོས་པར་བརྟེན་བཅར་ཐུབ་ཀྱི་ཡོད་མེད་མི་ཤེས། གལ་ཏེ་བཅར་ཐུབ་ན་གང་ཡོང་ཅི་ཡོང་བྱ་རྒྱུ་ཡིན། ཞེས་ཞུ་རྒྱུ་བྱུང་།
གཉིས་ནི། ང་རང་ཡོང་ཐུབ་ཀྱི་རེད་དམ་མ་རེད། ཅེས་སྐད་ཆ་འདྲི་སླད་མི་དེ་འདྲ་བཏང་འདུག ང་རང་བཅར་གྱི་ཡིན་ཞེས་ཞུས་པ་ཡིན། བསམ་བློའི་ནང་རྣམ་པ་ཚོ་མཇལ་ཆེད་རྡ་སར་ངེས་པར་དུ་བཅར་དགོས་ཡོད་པ་དང་། གལ་ཆེ་ཤོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་དགོས་ཀྱི་ཡོད།
ནམ་རྒྱུན་ག་དུས་ཡིན་ནའང་ང་རང་ངོས་ནས་ལས་ཀ་ཆེ་ཆུང་དང་གལ་ཆེ་བ་རིགས་མ་བྱེད་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དང་། བཀའ་སློབ་ལམ་སྟོན་ཞུས་ཀྱི་ཡོད། གང་ཡིན་ཞེ་ན། ཕྱི་ལོ་ ༡༩༥༩ ནས་ད་བར་ང་རང
་གི་ལས་ཀ་ཆེ་ཆུང་ཡོངས་ནས་གལ་ཆེ་བ་རིགས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་ལ་སྙན་སེང་ཞུས་ནས་བྱས་པ་ཡིན། འོན་ཀྱང་སྙན་སེང་ཞུ་མི་དགོས་པའི་རིགས་ཞུ་གི་མེད།
འཆི་ཁར་བཀའ་ཤག་ལྷན་རྒྱས་དང་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་མཆོག་མཇལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཧོང་ཀོང་དུ་སྨན་བཅོས་སླད་མགྱོགས་པོ་འགྲོ་རྒྱུ་ཡིན། ངས་གནས་ཚུལ་མང་པོ་ཤེས་ཀྱི་ཡོད། ལས་ཀ་གང་བྱེད་ཀྱང་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་དགོས་དོན་གང་རེད། ཅེ་ན། རྣམ་པ་ཚོས་མཁྱེན་གསལ་རེད། ༸སྐྱབས་མགོན་རིན་པོ་ཆེ་མཆོག་དགོངས་པ་ཧ་ཅང་ཟབ་མོ་ཡོད། ཐུགས་མྱོང་ཧ་ཅང་ཆེན་པོ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་གནང་བའི་ཕྱག་ལས་དེ་དག་ནོར་འཁྲུལ་གཅིག་ཀྱང་བྱུང་ཡོད་རེད་དྲན་གྱི་མི་འདུག ཕྱི་ལོ་ ༡༩༥༤ ནས་ ༡༩༥༩ བར་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཆིབས་སྒྱུར་གནང་ནས་ད་བར་ཧ་ལས་པའི་བརྟན་པོ་དང་། ཟབ་མོ་གནང་ཡོད།
ང་རང་གི་ཉམས་མྱོང་ཐོག་ནས་ཞུས་ན། ༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱག་ལས་ཧ་ཅང་གནང་ཡོད། ཧ་ཅང་བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག དེ་བཞིན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ན་ཆུང་ངུ་ནས་ད་བར་ཕྱག་ལས་ཧ་ཅང་གནང་ཡོད། བཀའ་དྲིན་ཆེན་པོ་རེད་བསམ་གྱི་འདུག
མ་འོངས་པར་བོད་དོན་སླད་ཕྱག་ལས་གང་གནང་གི་ཡིན་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ང་ཚོ་ཚང་མས་གནང་དགོས། དཔེར་ན། རྒྱ་ནག་དང་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་རེད། རྒྱ་གར་གཞུང་ལ་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་རེད། གང་ལྟར་ག་བར་བཀའ་མོལ་གནང་དགོས་ཀྱི་ཡོད་ནའང་༸སྐྱབས་མགོན་རིན་པོ་ཆེ་ཧ་ཅང་གལ་ཆེན་པོ་རེད། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་མོལ་གང་གནང་བ་ཡིན་ན་སུ་གཅིག་དང་འདྲ་གི་མ་རེད།
རྩ་བའི་རྣམ་པ་ཚོ་ཞབས་ཕྱི་ཞུ་མཁན་ཡིན་སྟབས་ཕྱག་ལས་སོགས་མ་མཁྱེན་མ་གཅིག་ཀྱང་མེད། དེའི་ནང་ནས་སྲིད་སྐྱོང་མཆོག་གི་གནས་ཚུལ་མང་པོ་ཞིག་མཁྱེན་གྱི་ཡོད་རེད། དེར་བརྟེན་གཟབ་གཟབ་བྱེད་དགོས། ༸སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་པོར་ཕེབས་ཡོད། ༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་བཞུགས་པའི་རིང་ལ་གནང་རྒྱུའི་གོ་སྐབས་ཧ་ཅང་རྩ་ཆེན་པོར་སླེབ་འདུག
ལྷག་པར་བོད་ནང་གི་དངོས་ཡོད་གནང་ཚུལ་དང་རྒྱལ་སྤྱིའི་གནས་ཚུལ། རྒྱ་གར་གི་གནས་ཚུལ་བཅས་ལ་བལྟས་དུས་བཀའ་ཤག་དང་བོད་རིགས་མི་མང་བཅས་ཀྱི་ཕྱག་ལས་གནང་ཕྱོགས་སྔོན་མ་ལས་ཧ་ཅང་བཟང་དུ་ཕྱིན་ཡོད་པར་བརྟེན་ཚང་མས་འཆར་གཞི་དང་དགོངས་གཞི། གྲ་སྒྲིག་བརྟན་པོ་གནང་ཐུབ་ན། ངས་བསམ་པར་བཀྲ་ཤིས་ལོ་ལེགས་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་༸ཞབས་སོར་འཁོད་ཐུབ་པ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་མི་མང་ཚང་མ་ཉིན་གཅིག་འཛོམས་ཐུབ་པ་ལྟ་བུ་མཐོང་གི་འདུག གང་ཡིན་ཞེ་ན། རྩ་བའི་རྒྱལ་སྤྱིའི་གནས་ཚུལ་ནི་འཐབ་འཛིང་ཆེན་པོ་རེད། འཐབ་འཛིང་འདི་ལས་སླ་པོ་ཐག་ཆོད་རྒྱུ་མེད། དེར་བརྟེན་འཐབ་འཛིང་ཆེན་པོ་འདིའི་སེང་བོད་དོན་མུ་མཐུད་གནས་ཐུབ་པ་དང་ལང་ཐུབ་དགོས།
བོད་དོན་ཐོག་གལ་ཆེ་ཤོས་ནི། ང་ཚོ་རྒྱ་གར་ནང་བཞུགས་ཡོད་སྟབས། རྒྱ་གར་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱིས་ང་ཚོར་དོགས་པ་མི་བྱེད་པའི་གནས་སྟངས་ངེས་པར་དུ་བཟོ་དགོས། རྒྱ་གར་དང་བོད་ཀྱི་ཁེ་ཕན་གཅིག་ལ་ཐུག་ཡོད་པར་བརྟེན་གོམ་པ་སྤོ་སྟངས་དེ་རྒྱ་གར་གྱི་གོམ་པ་གང་འདྲ་སྤོ་བཞིན་འདུག ང་ཚོའི་གོམ་པ་ཇི་ལྟར་སྤོ་དགོས། ང་ཚོའི་གོམ་པ་སྤོས་སྟངས་ལ་རྒྱ་གར་གཞུང་གིས་དགག་ཆ་མེད་པར་རྒྱབ་སྐྱོར་བྱེད་ཐུབ་པ་ཞིག་དགོས། ད་བར་རྒྱ་གར་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ད་དུང་ཡིན་ནའང་འབྲེལ་བ་ཤུགས་ཆེ་ཙམ་བཟོ་པ་ཡིན་ན། ཕྱག་ལ་གནང་རྒྱུར་བདེ་རུ་འགྲོ་བ་མ་ཟད། རྒྱབ་སྐྱོར་ཡང་ཤུགས་ཆེ་བ་ཐོབ་ཀྱི་རེད། དེའི་ནང་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཞུགས་ཡོད་པར་བརྟེན། རྒྱ་གར་གཞུང་དང་མཐུན་ལམ་ཧ་ཅང་བཟང་པོ་ཡོད། རྒྱ་གར་མི་མང་ཚོས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་ཧ་ཅང་དགའ་མོས་ཞུ་བཞིན་ཡོད། ད་ལྟའི་དུས་སྐབས་ལ་རྣམ་པ་ཚོས་དགོངས་བཞེས་གནང་ནས་རྒྱ་གར་གྱི་ང་ཚོར་དགོངས་བཞེས་ཡག་པོ་ཇི་ལྟར་བཟོ་དགོས་པ་བཀའ་བསྡུར་གནང་དགོས།
གཉིས་པ་ནི། རྒྱ་མི་ཧ་ཅང་གལ་ཆེན་པོ་རེད། རྒྱ་མི་དང་འབྲེལ་བ་བྱེད་སྟངས་ཧ་ཅང་གལ་ཆེན་པོ་རེད། འབྲེལ་བ་གང་འདྲ་བྱེད་དགོས་པ་དང་། འབྲེལ་བ་གནང་མཁན། འབྲེལ་བ་གནང་དུ་ཕེབས་མཁན། བཀའ་མོལ་གང་གནང་གི་རེད། གོམ་པ་གང་འདྲ་ཞིག་གི་སྟེང་སྤོ་དགོས་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་ནང་རྒྱ་ནག་གི་གནས་ཚུལ་ཤེས་མཁན་དང་མཉམ་དུ་བཀའ་ཤག་ནང་ཁུལ་གྲོས་བསྡུར་དང་ཉམས་ཞིབ་གནང་སྟེ་གང་དགའ་བ་འདུག རྒྱ་དཀར་ནག་གཉིས་དང་ང་ཚོ་ས་འབྲེལ་ཡིན་སྟབས། བོད་མི་རིགས་ཀྱི་ཁེ་ཕན་སླད་རྒྱ་དཀར་ནག་གཉིས་དང་འབྲེལ་བ་མ་བྱེད་ཐབས་མེད། དེ་ཡང་འབྲེལ་བ་བྱེད་པར་བྱེད་ལུགས་ཡོད།
དེ་རིང་འདིར་བཅར་ནས་ང་རང་གི་བསམ་པ་ཁག་སྙན་སེང་ཞུས་པ་ཡིན། དེ་ནས་རྣམ་པ་ཚོའི་སར་ནས་བཀའ་འདྲི་ཞུ་སླད་ཡོང་བ་ཡིན། ང་མ་འཚི་གོང་ལ་རྣམ་པ་ཚོར་ཞབས་ཕྱི་གང་ཞུ་དགོས་འདུག རྣམ་པ་ཚོ་དང་༸རྒྱལ་བ་རིན་པོ་ཆེར་ཐུགས་ཕན་གསོ་བ་གང་བྱེད་རྒྱུ་འདུག བཀའ་སློབ་གནང་རོགས། ང་ཚོ་རྟག་པར་མཉམ་དུ་འཛོམས་ཐུབ་ཀྱི་མ་རེད། ངས་བཀའ་ཤག་ལ་ཕན་པའི་ཞབས་ཕྱི་གང་ཞུ་དགོས་འདུག དེ་བཞིན་༸རྒྱལ་བ་རིན་པོ་ཆེར་ཐུགས་ཕན་གསོ་བའི་ཞབས་ཕྱི་གང་ཞུ་དགོས་འདུག བོད་མི་རིགས་ཀྱི་དོན་དུ་གང་བྱེད་དགོས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།
དེ་རིང་སྐུ་ཉིད་མཇལ་བར་ཧ་ཅང་དགའ་པོ་བྱུང་། ཕྱི་ལོ་ ༢༠༡༡ ལོར་དམ་འབུལ་ཞུས་གྲུབ་པའི་རྗེས་ཙམ་ལ་མཇལ་བྱུང་། སྐབས་དེར་མ་འོངས་པར་མཇལ་ཐུབ་མིན་གསུངས་ཀྱི་འདུག མ་འོངས་པར་སྐྱར་དུ་མཇལ་གྱི་རེད་ཅེས་ཞུས་པ་ཡིན། ཕལ་ཆེར་ཚོད་དཔག་ལྟར་ན། སྲིད་སྐྱོང་གི་ལས་ཡུན་གཉིས་པ་ཆ་ཚང་རིང་མཇལ་ས་རེད། མཇལ་ཐུབ་པའི་གདེང་ཚོད་ཆ་ཚང་འདུག སྐུ་ཉིད་རྟག་ཏུ་རྡ་སར་ཕེབས་ནས་དེ་རིང་བཀའ་སློབ་གནང་བ་ལྟར་དེ་སྔའང་བཀའ་སློབ་གནང་ཡོད། དེ་རིང་ཐེངས་གསུམ་པ་ཆགས་བཞིན་འདུག
མ་འོངས་པར་ཡང་ནས་ཡང་དུ་ཕེབས་ནས་བཀའ་སློབ་གནང་རོགས་གནང་། གང་ལ་ཞེ་ན་སྐུ་ཉིད་ཀྱི་བཀའ་སློབ་དེ་དག་གིས་ཐུགས་ཕན་ཧ་ཅང་གསོ་བཞིན་འདུག ཅེས་ཞུ་རྒྱུ་ཡིན། མི་ཚེ་ཧྲིལ་པོའི་ནང་བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་ཧ་ཅང་སྐུ་ལས་བསྐྱོན་ཡོད། ཕལ་ཆེར་རྒྱ་ནག་དང་། ཨུ་རུ་སུ། ཨ་རི། རྒྱ་གར་བཅས་ཀྱི་ནང་བོད་དོན་ཐོག་མ་འོངས་པར་བོད་ཀྱི་ལོ་རྒྱུས་བྲིས་པའི་སྐབས་ལ་སྲས་རྒྱ་ལོ་དོན་གྲུབ་ལགས་ཀྱིས་བྱས་རྗེས་འཁོད་རྒྱུ་རེད། དེར་བརྟེན་རླབས་ཆེན་གྱི་བྱས་རྗེས་ཅན་མི་སྣ་ཆགས་ཡོད་སྟབས། དམིགས་བསལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་ཞུ་ཧུར་ཐག་བསྒྲུབས་པ་དང་། བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་ཞབས་ཞུ་ཧུར་ཐག་གནང་བར་བཀའ་ཤག་ངོས་ནས་དེ་སྔ་ཞུས་པ་ལྟར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལྟར་ང་རང་གི་ལས་ཡུན་མ་ཚར་བར་དུ་མཇལ་རྒྱུ་རེད་འདུག དེར་བརྟེན་ང་ཧ་ཅང་སྐལ་པ་བཟང་པོ་ཡིན། སྲིད་སྐྱོང་གི་ལས་ཡུན་མ་ཚར་བར་དུ་སྲས་རྒྱལ་ལོ་དོན་གྲུབ་མཇལ་རྒྱུ་ཡིན་པའི་རྟེན་འབྲེལ་བཟང་པོ་རྩི་བཞིན་ཡོད། ཅེས་གསུང་།།
༄༅། ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ།
བསམ་གླིང་ཚེ་རིང་ལྷ་མོོ།
http://tibettimes.net/2017/10/05/163568/
་་་་་་་་ མ་འོངས་པར་བོད་དོན་སླད་ཕྱག་ལས་གང་གནང་གི་ཡིན་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ང་ཚོ་ཚང་མས་གནང་དགོས། ་་་་་་་་
བོད་མིའི་སྒྲིག་འཛུགས་དྲ་བ་ལ་བོད་ཡིག་འབྲི་མཁན་འདི་འདྲ་སྐྱོ་བ་ལ།
བོད་ཡིག་འབྲི་མཁན་དེ་སྐྱོ་བོ་ཡོད་པ་ཤེས་ན། ཁྱེད་རང་ལ། ཁོ་སྐྱོ་ས་ནས་སྐྱོབས་པའི་སྐྱབས་གསོ་ག་རེ་འདྲ་ཞིག་སྟེར་རྒྱུ་ཡོད། ཨ།
བློ་བཟང་ཁྱོད་སེམས་བཟང་ཞིག་ཡིན་ཚོད་མི་འདུག། ཧ་ཧ་ཧ།
བོད་རྒྱའི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བའི་བཀའ་ཁྲི་ཟུར་པ་སྐུ་ངོ་རྒྱལ་ལོ་དོན་སྒྲུབ་མཆོག་དགུང་ལོ་མཐོ་བོ་འདི་འདྲར་ཕེབས་ནའང་བོད་མིའི་རྩ་དོན་ཆེད་རྡ་སར་ཆེད་ཕེབས་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་བཀའ་ཤག་ལྷན་བཀའ་མོལ་གནང་བ་འདིའི་བོད་རྒྱའི་འབྲེལ་ལམ་ལ་ཆབ་སྲིད་ཀྱི་ཐབས་ལམ་གསར་པ་དང་འབྲེལ་བ་གསར་པ་རེ་བ་གསར་པ་ཁ་ཕྱོགས་གསར་པ་བརྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་བའི་ཆབ་སྲིད་ཀྱི་ལམ་སྟོན་ཕེབས་ཡོད་པའི་ཡིད་ཆེས་ཡོད་།
༧མི་རྗེ་རྒྱལ་ལོ་དོན་གྲུབ་མཆོག་ནི་གཅིག་ནས་༧གོང་ས་ཆེན་པོའི་སྐུ་མཆེད་ཡིན་པ་དང། གཉིས་ནས་རྒྱ་སྐད་དང་ཨིན་སྐད་མཁྱེན་མཁན་ཞིག་ཡིན་སྟབས་སྐུ་ན་ཆུང་དུས་ནས་བོད་ཀྱི་ཆབ་སྲིད་གནད་དོན་ཐོག་ལས་འགུལ་འདྲ་མིན་སྣ་ཚོགས་གནང་མྱོང་ཡོད་པ་དང། ལྷག་པར་༡༩༥༩ ལོར་༧གོང་ས་ཆེན་པོས་དབུས་པའི་བོད་མི་མང་དག་ཅིག་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་སླེབས་འབྱོར་ལ་ངོ་ཤེས་ས་དང་གནམ་མ་གཏོགས་མེད་སྐབས་བཙན་བྱོལ་བོད་མིའི་བདེ་དོན་ཆེད་སྐུ་ངལ་འཛེམས་མེད་སྐྱོན་ཡོད་པ་གཟུར་གནས་སྐྱེ་བོ་ཚང་མས་མཁྱེན་གསལ་ཡིན་ན་ད་རེས་བོད་མིའི་སྒྲིག་འཛུགས་ནས་༧མི་རྗེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་འཆར་ཡོད་ན་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
སྤྱི་དོན་ཆེད་དུ་ཞུས་པ་ལས་སྒེར་འབྲེལ་གང་ཡང་མེད་དོ།
རྒྱ་ལོ་དོན་གྲུབ་གཅིག་པུས་རྒྱའི་བསམ་བློ་གཏོང་སྟངས་དང་དམིགས་ཡུལ། ཁ་ཕྱོགས་གསལ་པོ་ཤེས་ཀྱི་འདུག གཞན་པ་ཚང་མ་ནག་ཁུང་ནང་ལ་མདའ་འཕངས་པ་ལྟ་བུ། འཚམས་རེ་རླུང་རྟ་རྒྱུགས་ནས་འབེན་ལ་རེ་གཉིས་ཕོག་པ་བྱུང་ཡོད། དེ་དག་ལ་མཁས་དབང་དང་བསྟོད་པ་མང་པོ་བཏང་སོང་།
ངས་གོ་ཐོས་ལ། སྔོན་མ་ལོ་གཉིས་ཙམ་གོང་ལ་ཞི་ཅིང་ཕིང་རྒྱ་གར་ལ་ཡོང་དུས། རྒྱ་ལོ་བརྒྱུད་ནས་འབྲེལ་བ་བཙུགས་ཐུབ་ནས། ཞི་ཅིང་ཕིང་གིས་རྒྱལ་བ་རིན་པོ་ཆེ་མཇལ་གྱི་ཡིན་ལབ་འདུག རྒྱ་གར་གཞུང་གིས་ཁས་ལེན་བྱས་མིན་འདུག དེའི་སྐོར་ཞིབ་ཕྲ་ལྡི་ལིའི་སྐབས་དེ་དུས་ཀྱི་སྐུ་ཚབ་བསྟན་པ་ཚེ་རིང་ལགས་དང་། བདེ་སྲུང་གི་འབྲོང་ཆུང་།་དེ་བཞིན་རྒྱ་རི་སྒྲོལ་མ་སོགས་ཀྱིས་ཤེས་ཀྱི་ཡོད། སྐད་ཆ་དྲིས་དང་། ངས་རྫུན་བཤད་མེད།
རྒྱ་གར་གཞུང་གིས་རྒྱལ་བ་རིན་པོ་ཆེ་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་བྱེད་བཅུག་འདོད་མིན་འདུག རྒྱ་ལོ་དོན་གྲུབ་ཀྱིས་སྔོན་མ་ཡང་དེ་ལྟར་གསུངས་སོང་། རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེར་འབྲེལ་བ་བྱས་ན། ལམ་སེང་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྙོག་ཁྲ་བཟོ་གི་འདུག་ཟེར།
གོང་གི་གསར་འགྱུར་གྱི་སྡེབ་སྦྱོར་གྱི་ཆ་ནས་དེ་ཙམ་ཡག་པོ་རང་མི་འདུག་ཀྱང་། ནང་དོན་ལ་གཞིགས་ན། དེང་སྐབས་བཀའ་ཟུར་མཆོག་དགུང་ལོ་མཐོ་བོའི་ཐོག་གཟུགས་པོ་བདེ་པོ་མིན་པར། ཧོང་ཀོང་ལ་སྨན་བཅོས་སུ་བསྐྱོད་འཆར་ཡོད་སྐོར་འཁོད་འདུག
བཀའ་ཟུར་མཆོག་གིས་མི་ཚེ་ཧྲིལ་པོར་བོད་དོན་ཆེད་ལྷག་བསམ་རྣམ་དག་གིས་་གཏོང་གནང་པ་རེེད། སྐུ་ལས་བསྐྱོན་པ་རེད། བཀའ་དྲིན་ཆེ་ཞུ་གི་ཡོད།
སྲིད་སྐྱོང་མཆོག་གིས་གསུངས་ན། ཉིན་ཞིག་ཨ་རི་དང་ཨུ་རུ་སུ། རྒྱ་དཀར་ནག་བཅས་ཀྱིས་བོད་ཀྱི་ལོ་རྒྱུས་འབྲི་སྐབས་བཀའ་ཟུར་མཆོག་གི་མཛད་རྗེས་འཁོད་རྒྱུ་རེད་ཟེར་། དེ་བདེན་པ་རེད། འདས་པའི་དུས་རབས་ཕྱེད་ཀའི་ནང་གནད་ཡོད་རྒྱལ་ཁབ་དེ་དག་ལ་འབྲེལ་བ་གཏིང་ཟབ་གནང་ཐུབ་མཁན་བོད་མིའི་ཁྲོད་ནས་ཁོ་རང་གཅིག་པུ་ལས་མེད་ལ། ཁོང་ལས་ལྷག་པའི་ཚུར་གདེང་འཇོག་བྱེད་མཁན་ཡང་བྱུང་མེད།
ད་རུང་ཡིན་རུང་བཀའ་ཟུར་མཆོག་ལོ་བཅུ་ཙམ་འཚོ་ཐུབ་ན། བོད་རྒྱའི་འབྲེལ་ལམ་ཐད་གྲུབ་འབྲས་ཡག་པོ་ཞིག་སྨིན་ཐུབ་ཀི་རེད་བསམ། ད་སྔ་བོད་ཕྱི་ནང་གཉིས་ཀར་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་དང་ཐག་གཅོད་ཐད་བཀའ་ཟུར་ཁོང་འདྲ་བ་ཞིག་མེད་པར་མཐོང་།
ད་ཆ་ནི་རྒྱལ་སྤྱི་དང་རྒྱ་ནག བོད། ལྷག་པར་དུ་ཨེ་ཤ་ཡ་གང་ལ་བལྟས་ཀྱང་ཆབ་སྲིད་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་དུས་ཤིག་དང་། ལྷག་པར་དུ། ཟླ་བཅུ་བ་འདི་ནས་མགོ་བཙུགས་ཏེ་རྒྱ་ནག་ལའང་འགྱུར་བ་ཆེན་པོ་ཞིག་འགྲོ་མགོ་བཙུགས་ཡོད་སྟབས། སྐབས་འདི་འདྲ་ཞིག་ལ་རྒྱ་ནག་གི་ཆབ་སྲིད་དང་གནས་སྟངས་ལ་མགོ་ཚོས་བསྡད་ཡོད་པའི་བཀའ་ཟུར་མཆོག་ཤིན་ཏུ་ནས་དགོས་མཁོ་ཡོད་པ་ཞིག་ཏུ་མཐོང་སོང་ལ། བོད་དང་རྒྱ་ནག་གི་གནད་དོན་ཐག་གཅོད་ཆེད་སྡིངས་ཆ་བསྐྲུན་ཐུབ་མཁན་ཡང་བཀའ་ཟུར་མཆོག་ལས་མ་འདས། བཀའ་ཟུར་ཁོང་ནི། བོད་གཞུང་ཙམ་མིན་པར་རྒྱ་གཞུང་གིས་ཀྱང་གདེང་འཇོག་ཆེན་པོ་གནང་གི་ཡོད།
མཐར་ཁྱེད་ཀྱི་གཟུགས་པོ་གང་མགྱོགས་དྲག་བསྐྱེད་ཡོང་བར་སྨོན། སྨན་བཅོས་ལེགས་འགྲུབ་ཡོང་བར་སྨོན།
གོ་སྐབས་འདི་བརྒྱུད་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གཙོས་བོད་གཞུང་གི་ལྷག་བསམ་ཅན་གྱི་འདས་གསོན་བཀའ་ཟུར་དང་དེ་མིན་མགོ་ཁྲིད་རྣམ་པར། རང་ཉིད་གཞོན་སྐྱེས་ཤིག་ཡིན་པའི་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
བཀའ་ཟུར་རྒྱ་ལོ་མཆོག་གིས། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་འགོག་རྐྱེན་དང་བར་ཆད་བཟོ་མཁན་གཙོ་བོ་ནི་རྒྱ་གར་དང་ཨ་རི་གཉིས་རེད། ཁོང་གཉིས་ཀྱི་བར་ཆད་མེད་ཚེ། བོད་དོན་སྔོན་མ་ནས་ཐག་བཅད་ཚར་ཡིན་ལབ་ཡོད།
ང་ནི་ཇ་མ་ཟིག་ཡིན་པས་རོགས་པ་གང་ཡང་བྱེད་མི་ཐུབ་ལ་ནུས་བ་ཡང་མེད། ཡིན་ཡང་ང་ཚོའི་སྒྲིག་འཛུགས་ཞིག་ལ་བོད་ཡིག་འབྲི་མཁན་འདི་འདྲ་ལས་མེད་ན་སེམས་སྐྱོ་བ་མ་རེད་དམ།
ད་ལྟ་དང་མ་འོངས་པར་ཡང་ང་ཚོ་ལ་སྐུ་ངོ་རྒྱལ་ལོ་ནང་བཞིན་བོད་རྒྱའི་འབྲེལ་མོལ་བྱེད་ཐུབ་པའི་མི་འཇོན་ཐང་ཅན་དེ་འདྲ་དགོས་མཁོ་ཤིན་ཏུ་ཆེ་པས། ཤེས་ཡོན་ནི་བོད་དོན་འཐབ་རྩོད་ཀྱི་རྨང་གཞིར་ངོས་འཛིན་ཐུབ་པ་བྱས་ཏེ་དིང་དུས་ཀྱི་ཤེས་ཡོན་ལ་ཧུར་བརྩོན་བྱ་དགོས་པར་མཐོང་།།
༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུའོ།།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དང་། ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དགོངས་འཆར་བཀའ་དྲི་ཞུ་བ་སོགས་ནི། བླ་ན་མེད་པའི་མཛད་འཆར་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལགས།།
ལྔ་དང་ལྔ་བཅུའི་ཚོགས་འདུའི་ནང་ཕྱི་ནང་གི་མཁས་དབང་མང་པོ་ཕེབས་པ་ནས་ང་ཚོ་མི་མང་ཚོ་རེ་བའི་ནང་ནས་རྒྱང་བལྟ་བྱས་ནས་བསྡད་ཡོད་ནཚོགས་དོན་ཡག་པོ་ཡོང་བའི་སྨོན་ལམ་ཡོད་།
༄༅། སྐོུ་རྒྱལ་ལོ་དོན་གྲུབ་མཆོག་ནས་ལོ་ངོ་མང་པོ་བོད་སྤྱི་དོན་ལ་སྐུ་ལས་བསྐྱོན་པ་
མ་ཚད།་རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་བཞིན་ཕྱག་ལས་གནང་བར་ཐུགས་རྗེ་ཆེ།
བཀྲིས་བདེ་ལེགས་ཡོད།