རྫ་ཚེ་རིང་བཀྲ་ཤིས།
དཔལ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་སྐྱེས་རབས་བཅུ་གསུམ་པ་ཡིན་ཞིང་། འགྲོ་མགོན་གཙང་བ་རྒྱ་རས་ནི་འབྲུག་པ་དཀར་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་པའང་རེད།
འདིར་ཁོང་ཉིད་ལ་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ནས་གལ་ཆེའི་རྟགས་པ་ཕུལ་བར་ནང་པ་ཡོངས་དང་བོད་པ་ཡོངས་ཀྱི་ངོས་ནས་སྤོབས་པ་ཆེན་པོ་ཞུ་འོས་ཞིག་ཏུ་མཆིས་པ་ལྟར་དད་སྤྲོའི་ཡི་རང་དང་འབྲེལ། ཁོང་གི་སྐོར་ལ་དམིགས་བསལ་དོ་སྣང་སླེབས་བཞིན་པའི་སྐབས་འདིར་ཀློག་པ་པོ་དག་གི་ཆེད། ཁོང་ཉིད་ཉེ་བའི་ལོ་གཉིས་ཀྱི་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེལ་ཀོབ་རྒྱལ་བའི་ཕོ་བྲང་དུ་རིས་མེད་མཁན་སྤྲུལ་སེར་སྐྱ་ཁྲི་ཕྲག་ཡས་མས་ཀྱི་འདུས་ཚོགས་སུ་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་བའི་སྐབས་ཀྱི་བཀའ་སློབ་གུས་པས་ལོ་གཅིག་གི་སྔོན་ལ་ཡིག་གེར་ཕབ་པ་ཞིག་ལས། ཁོང་ཉིད་ནས་ཤའི་ཁ་ཟས་དང་འབྲེལ་བའི་བཀའ་སློབ་གནང་བའི་དུམ་བུ་གཅིག་གཤམ་དུ་འདྲེན་འགོད་ཞུ་རྒྱུ་ཡིན། འདི་ཡོངས་སུ་གཟིགས་ཟིན་མཚམས་གཞི་ནས་ཁོང་ཇི་ལྟ་བུའི་དཀར་ཟས་རིང་ལུགས་པ་ཞིག་ཡིན་པ་མཁྱེན་ཐུབ་པའི་རེ་བ་ཡོད།
དེ་ཡང་རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ་མཆོག་ནས། ་་་་་་་་་་་་་་་་་་ཤ་ཟ་ཡ་དེ་ཉུང་དུ་གཏོང་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། བལ་ཡུལ་ཡིན་ནའང་ང་ཁར་སྔོན་བལ་ཡུལ་ལ་སོང་ཡིན། བལ་ཡུལ་གྱི་གཉུག་མར་གནས་པའི་རྒན་པོ་དེ་ཚོས་ཟེར་གྱི་འདུག བོད་པ་དེ་ཚོ་མེད་པའི་སྐབས་ལ་ང་ཚོས་སེམས་ཅན་དེ་འདྲ་མང་པོ་གསོད་ཀྱི་མེད། བོད་པ་དེ་ཚོ་བསླེབས་ནས་སེམས་ཅན་གསོད་མཁན་མང་དུ་ཞེ་དྲག་ཕྱིན་སོང་ཞེས་བལ་བོ་ནང་པ་དེ་ཚོས་དེ་ལྟར་བློ་ཕམ་འདྲ་བོ་བྱེད་ཀྱི་འདུག་ལ། ང་ཡང་ངོ་ཚ་བོ་དང་བློ་ཕམ་པོ་བྱུང་། སོམས་དང་། བོད་པ་བསླེབས་ནས་སེམས་ཅན་གསོད་མཁན་མང་དུ་ཕྱིན་སོང་ཟེར་བ་དེ་ངོ་ཚ་བོ་ཞེད་པོ་ཞིག་རེད། གསོད་མཁན་དེ་རོང་པས་གསོད་ཀྱི་ཡོད་རེད་དེ། ཟ་མཁན་བོད་པས་ཟ་ཡི་ཡོད་ཙང་། ཁོང་ཚོས་གསོད་ཀྱི་ཡོད་པ་རེད། ཚོང་ལས་ཞིག་ཡིན་ཕྱིན་འགྲོ་ས་ཞིག་ཡོད་ན་ཚོང་རྒྱག་གི་རེད་པཱ། ཞེས་དང་། ལར་ང་ཆུང་དུས་ཤ་ཟ་གིན་ཡོད། ཤ་ལ་དགའ་བོ་ཡོད། ཡིན་ན་ཡང་། སེམས་ཅན་གསོད་ཡ་དེ་ཕངས་པོ་ཞེད་པོ་རེད། ཁོང་ཚོས་རི་སྒང་ནས་རྩྭ་བཟས་ཏེ་སྐྱིད་པོ་འདྲ་ཞིག་བྱས་ནས་སྡོད་པའི་སྐབས་སུ་རང་དབང་མེད་པར་བཟུང་ནས་ཐག་པས་བསྡམས། མཇིང་པ་བཅིངས་ཏེ་འཆི་དགོས་པ་ཐབས་སྐྱོ་བོ་ཞེ་དྲག་རེད་འདུག་ཨང་སྙམ་ནས་སེམས་ ཀྱི་མ་བཟོད་པ་ཡིན་མ་གཏོགས། གཞན་ང་ཤ་ལ་ཞེ་དྲག་དགའ་བོ་ཡོད། ཁམས་པའི་ཕྲུ་གུ་རེད་པཱ། གཅན་གཟན་ནང་བཞིན་ཞོགས་པ་ཡར་ལངས་དུས་ཤ་ཟ་གི་རེད་ལ། ཉིན་གུང་ཡང་ཤ་ཟ་གི་རེད། དེ་བཞིན་དགོང་ཀ་ཡང་ཤ་ཟ་གི་རེད། དངོས་གནས་ཡིན། མ་དགའ་བ་གཏན་ནས་མེད། ཡིན་ན་ཡང་། ངས་ཤ་ཟོས་ན་ང་བླ་མ་ཞིག་ཡིན་པའི་ཆ་ནས་ངའི་འཁོར་དུ་གཏོགས་པའི་གྲྭ་པ་དང་བཙུན་མ། མི་སྐྱ་བཅས་མང་པོ་ཞིག་ལ་མིག་ལྟོས་ངན་པ་ཞིག་རེད་འགྲོ་གིན་འདུག་སྙམ་ནས་མི་ལ་མ་ཟ་ཟེར་མ་ཐུབ་ཀྱང་ང་རང་གིས་མ་ཟོས་ན་ཁོང་ཚོས་ཟ་ཡ་ཡང་ཅུང་ཉུང་དུ་འགྲོ་རྒྱུ་ མིན་འགྲོ་བསམ་ནས་མ་ཟོས་པ་བསམ་པའི་སྨོན་འདུན་འདྲ་བོ་བརྒྱབ་ནས་མ་ཟོས་པ་ཡིན། ད་ལོ་ཉི་ཤུ་རྩ་དྲུག་ཙམ་ཕྱིན་པ་རེད། ཁ་ཤས་ཀྱིས་ཤ་མ་ཟོས་ན་ན་ཡི་འདུག་ཟེར་ཏེ། ངས་ང་རང་གི་མི་ཚེའི་ཉམས་མྱོང་གི་ནང་ལ་བྱས་ན་ན་གི་མ་རེད། ཐག་ཆོད་པ་ཡིན། ན་གི་རེད་ཟེར་བ་རྐྱག་རྫུན་རང་རེད། ཤ་མ་གཏོགས་ཟ་ཡ་ཁྱོན་ནས་མེད་པའི་ལུང་པ་ཞིག་ཡིན་ན་ཁག་ཡོད་མ་རེད། ང་ཚོ་དུད་འགྲོ་མ་རེད། རྔ་མོང་ཡིན་ན་བྱེ་མ་ཟོས་ནས་འདུག་ཐུབ་ཀྱི་ཡོད་རེད་དེ། ང་ཚོ་རྔ་མོང་མ་རེད། འོན་ཀྱང་། ཁར་རྩང་དེ་རིང་གི་དུས་ཚོད་ལ་ཤ་མ་ཟོས་ན་ཡང་ཁ་ཟས་ཡག་པོ་འདུག ཅེས་བཀའ་བསྩལ་ཡོད། ད་དུང་དེའི་རྗེས་འབྲེལ་དུ་ཆོས་སྲིད་ལུགས་གཉིས་དང་འབྲེལ་བའི་དཀའ་སློབ་ཀྱང་ཡོད་མོད། རྒྱས་པར་གཟིགས་འདོད་ན། ཁོ་བོའི་http://www.tibettimes.net/blogs.php?id=89 ཀྱི་ཟིན་བྲིས་སུ་རིང་མིན་འགོད་རྒྱུ་ཡིན་པས་དེར་ཕེབས་རོགས།
འོ་བླ་མ་མཁྱེན་ཡག་པོ་རེད་
ཁོང་ཐུགས་རྗེ་ཆེ་ཞུ་བ་ཡིན།
ངོ་མ་ཡག་པོ་རེད།
ད་ང་ཚོས་ཁོང་ལ་མིག་དཔེ་ལྟ་ས་མང་པོ་ཞིག་འདུག་ཡ།
འདི་བ་ཚང་དགུང་མོར་ཡང་གཟིམ་ཁུག་མི་དགོས་པའམ་དགོས་ཀྱང་སྐུ་ཆིངས་བཀྲོལ་ནས་མི་གཟིམས་པར་ཙོག་བུར་བཞུགས་ནས་གཟིམ་པ་ཞིག་ཡིན་ལུགས་ཐོས་མྱོང་ཡང་བདེན་མིན་མི་ཤེས། ཁོང་གི་ཕྱག་ལས་གནང་སྟངས་ཚང་མའི་ནང་ནས་ལ་དྭགས་ཁུལ་དུ་ལྕང་མ་བཙུགས་པ་དེ་ལས་ཡིད་དབང་འཕྲོག་པ་ཞིག་བྱུང་མ་སོང་། གོང་ས་མཆོག་གི་ལྗོན་ཤིང་ལ་བསྔགས་པའི་ལྗགས་རྩོམ་དེ་མཇལ་བ་ནས་བཟུང་སྟེ་ལྗོན་ཤིང་འདེབ་འཛུག་འདི་ལས་ལྷག་པའི་ཆོས་ཤིག་མི་འདུག་བསམ་བཞིན་བསྡད་ཡོད། དྲ་གྲོགས་རེ་ཟུང་གི་འབྲུག་ཆེན་ཚང་གིས་བོད་དོན་མི་གླེང་རབས་ཟེར་ཡང་བོད་དོན་ཁ་ནས་གླེང་ཡང་ལག་ནས་མི་སྒྲུབ་མཁན་རིགས་གཅིག་དང་ཁ་ནས་མི་གླེང་ཡང་ལག་ནས་སྒྲུབ་མཁན་རིགས་གཅིག་ཡོད་པའི་ཁྲོད་ནས་ཁོང་ནི་རིགས་གཉིས་པ་དེའི་ཁོངས་སུ་གཏོགས་པར་འདོད།
འདི་བ་ཚང་ལ་མཇལ་མྱོང་མེད། བླ་མ་ཚད་ལྡན་ཅིག་ཡིན་རབས་ག་ས་གང་ནས་གོ་མྱོང་། རླབས་ཆེན་རེད་ཡ།
བླ་མ་ཡག་པོ་ཞེ་དྲག་རེད་སྐྱབས་སུ་མཆི།
དབུ་ཞྭ་དེ་ཡང་མ་འདྲ་བ་ཞིག་འདུག་པ་་་་་་་།
འདུལ་བའི་གཞུང་ནས་རབ་བྱུང་པས་ཤིང་སྡོང་སོགས་སྐྱེ་ཤིང་འཛུག་པ་དང་གཅོད་པ་སོགས་མི་རུང་པ་ཞིག་གོ་མྱོང།
དཔེར་ན་ནས་སོགས་ཡོས་བརྔོ་བ་ཡང་མི་རུང་བས་དེ་ནི་ས་བོན་བཅོམ་གྱི་ཡོད་གསུང།
དེ་བཞིན་རབ་བྱུང་བཙུན་པས་བསོད་ནམས་ཞིང་འདེབས་སོགས་ཀྱང་མི་རུང་པར་བཤད་ཀྱི་འདུག
ད་གང་ཤེས་དུས་རབས་ཉེར་གཅིག་པ་ཤར་བ་རེད།
འདུལ་གཞུང་དེ་ཚོའང་བཅོས་དགོས་པ་མེད་དམ།
དེ་མིན་ཡོག་ཐོག་ཏུ་གཅིག་དང་ལག་ལེན་དུ་གཉིས་སོ་སོར་ཆགས་འགྲོ་ས་རེད།
ཀུ་རྩེད་ཞུས་ཡིན་དཱ།
སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེ་ཡིས་ལྕང་མ་ཙམ་དུ་མ་ཟད་ཡུལ་མི་ཉམས་ཆུང་གི་ཕྲུག་གུ་གསོ་སྐྱོང་དང་སློབ་སྦྱོང་སོགས་སྤྲོད་རབས་རླུང་འཕྲིན་ནས་གོ་ཐོས་བྱུང་བས་ངོ་མཚར་ཅན་གྱི་འཕྲིན་ལས་རེད།
དེང་སང་བོད་རིགས་རྣམས་ཀྱིས་བོད་པའི་བླ་སྤྲུལ་རྣམས་ལ་ཁ་བརྡུང་གཏོང་བའི་དུས་ངན་སྐབས་སུ་ཁོང་གིས་བྱེད་བྱས་བླ་ན་མེད་པར་བཞག་པ་དེ་ཡིས་འགྱུར་བ་འགྲོ་སྲིད་པའང་རེད།
རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་གི་ཡོད།
༰ སྐྱབས་རྗེ་འབྲུག་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས། བདག་གི་མ་རུང་བའི་རྒྱུད་བྱིན་གྱིས་རླབས་ཏུ་གསོལ། སྤྱང་ཀི་ལྟར་ཤ་ལ་རྔམས་པ་འདི་བྱིན་གྱིས་རླབས་ཏུ་གསོལ། དུག་སྦྲུལ་བཞིན་ཞེ་སྡང་ཆེ་བ་འདི་བྱིན་གྱིས་རླབས་ཏུ་གསོལ། བྱ་ཏེ་བཞིན་འདོད་ཆགས་ཆེ་བ་འདི་བྱིན་གྱིས་རླབས་ཏུ་གསོལ། ཕག་པ་བཞིན་གཏི་མུག་ཆེ་བ་འདི་བྱིན་གྱིས་རླབས་ཏུ་གསོལ།
ད་དུང་སྒོར་མོ་ལ་དགའ་བ་འདི་བྱིན་གྱིས་མ་རླབས་ན་ཡང་འགྲིག བུ་མོ་མཛེས་མ་ཚོ་ལ་དགའ་བ་འདི་བྱིན་གྱིས་མ་རླབས་ན་ཡང་འགྲིག ཐུར་མ་བཞིན་ཡང་རྒྱུགས་མར་རྒྱུགས་བྱས་དེ་གཞན་ངོ་སྲུང་བ་འདི་ཡང་བྱིན་གྱིས་མ་རླབས་ན་འགྲིག་ས་རེད།
རྗེས་མ་གནས་མཆོག་གང་ཞིག་ནས་ཟབ་ཆོས་གང་ཞིག་གནང་བའི་སྐབས་སུ་ཞབས་ཀྱི་པད་མོ་ལ་མགོ་བོས་དུད་ནས་ཕྱག་འཚལ་རྒྱུ་ཡིན།
ཞོར་ལ་ཡང་ལ་སྟོད་ལ་གཅིག་བཤད་དགོས་བྱུང་སོང་། ༼དེ་བཞིན་རབ་བྱུང་བཙུན་པས་བསོད་ནམས་ཞིང་འདེབས་སོགས་ཀྱང་མི་རུང་པར་བཤད་ཀྱི་འདུག༽ ཟེར་ན། དེ་ལྟུང་བ་ཕམ་པའི་སྡེའམ། ལྷག་མའི་སྡེ། ལྟུང་བ་ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེ་གང་ཞིག་ན་གསུངས་ཡོད། གསལ་བོར་གསུངས་དང་། མུན་ནག་མདའ་འཕེན་ནི་ཡིན་རྒྱུ་མ་རེད།
སྡིག་པ་ཅི་ཡང་མི་བྱ་ཞིང་།།
དགེ་བ་ཕུན་སུམ་ཚོགས་པར་སྤྱད།།
རང་གི་སེམས་ནི་ཡོངས་སུ་འདུལ།།
འདི་ནི་སངས་རྒྱས་བསྟན་པ་ཡིན།།
སེམས་དཔའ་ཆེན་པོ་གྷནདྷིའི་རང་རྣམ་ནང་ལ། དཀར་ཟས་རིང་ལུགས་པ་དང་ཚན་རིག་གི་སྒྲུབ་དོན་ལྟར་ན། མིའི་ནང་ཁྲོལ་ནི། ཤ་ཟ་གཅན་གཤན་གྱི་ནང་ཁྲོལ་དང་། རྩ་ཟ་རི་དྭགས་ཀྱི་ནང་ཁྲོལ་གཉིས་ལས། ཕྱི་མ་རི་དྭགས་ཀྱི་ནང་ཁྲོལ་དང་ཐག་ཉེ་བས། ཐ་ན་བྱིས་པ་འོ་འཐུང་དགོས་ཀྱང་སོ་སྐྱེས་ཚར་ན། ཤ་ཙམ་མ་ཟད་འོ་མ་དང་སྒོ་ང་ཡང་ལུས་པོར་གནོད་ལུགས་དང་འཛེམ་ཟོན་དགོས་ལུགས་གསུངས་འདུག
ཤ་ས་གཅན་གཟན་ལ་བཅོས་རོགས།
སྒྲུབ་ཐོབ་རྒྱུད་པའི་བྱིན་རླབ་མ་ཉམས་ཅིང་།
གནས་ལུགས་གཉུག་མའི་རྟོགས་པ་མཐར་ཕྱིན་ནས།
རྩེ་གཅིག་སྒྲུབ་ལ་གཞོལ་བའི་རྣམ་ཐར་ཅན།
བཀའ་རྒྱུད་བླ་མས་རྗེས་སུ་འཛིན་གྱུར་ཅིག
རང་དོན་སྒྲུབ་ཕྱིར་དུ་བོད་དོན་མི་བཤད་པར།
ལག་ལེན་བོད་དོན་དངོས་སུ་སྒྲུབ་འདི་མཚར།
གུས་མདོག་སྡ་སའི་འཁྲིས་ལ་མི་སྡོད་པར།
རྒྱལ་བའི་དགོང་པ་ཕྱོག་མེད་སྒྲུབ་འདི་མཚར།
རེ་བའི་རྒྱལ་ཚབ་ཁོང་དུ་མི་སྒོམས་པར།
དོགས་མེད་རྒྱལ་སྤྱིའི་གུས་སྟོད་བཞེས་འདི་མཚར།
རེ་དོག་མེད་པའི་དྲང་གསོང་ཁྱད་ཆོས་འགའ།
དུས་འདིར་གསར་འདི་གངས་རིས་བདེན་སྤང་ན།
མཆོག་དམན་མེད་བའི་སྟོད་པ་འབུལ་འོས་མཐོང།
གྲུབ་ཐོབ་ཡི་གེ་༼སྒྲུབ་ཐོབ་༽འབྲི་བ་ཡི།།
མགོན་པོ་མིང་རྨོངས་ཞབས་ལ་གསོལ་བ་འདེབས།།
བརྒྱུད་པའི་ཡི་གེ་༼རྒྱུད་པའི་༽འབྲི་བ་ཡི།།
མགོན་པོ་ཡིག་རྨོངས་ཞབས་ལ་གསོལ་བ་འདེབས།།
བྱིན་རླབས་མ་བྲིས་༼བྱིན་རླབ་༽ འབྲི་བ་ཡི།།
མགོན་པོ་ས་གཅོད་ཞབས་ལ་གསོལ་བ་འདེབས།།
མ་ཉམས་རྗེས་སུ་༼མ་ཉམས་ཅིང་༽ འབྲི་བའི།།
མགོན་པོ་སུམ་རྨོངས་ཞབས་ལ་གསོལ་བ་འདེབས།།
ཚིག་རྐང་གཅིག་ན་མ་ནོར་མི་འདུག་པས།།
གཞན་དག་ཀློག་པའི་སྤྲོ་བ་ཡོངས་སུ་ཡལ།།
མིང་བརྡ་ཐ་སྙད་ཡོངས་སུ་མ་རྟོགས་པར།།
ཡིག་དོན་རྟོགས་པའི་གྲུབ་པ་ཐོབ་ལགས་སམ།།
རང་གིས་བྲིས་པ་རང་གིས་མི་ཤེས་ན།།
གཞན་ལ་སྟོན་པའི་ཐབས་ཤེས་ཅི་ལྟར་བྱ།།
བླ་མ་རྩ་ཆེན་པོ་ཞིག་ཡིན་ཚོད་གདའ། ཡིན་ནའང་བོད་དོན་ཐོག་དམིགས་བསལ་གེ་གནང་གི་མེད་པ་དང་། དེ་ཡང་སྔོན་མ་བོད་གཞུང་གི་ལས་ཀྱི་སྣེ་མོ་བ་རེ་གཉིས་བར་ཐུགས་གཤིས་མཐུན་མིན་གྱི་གནས་ཚུལ་ཞིག་བྱུང་བ་ཐུགས་ལ་ཕོག་ཡོད་པ་དང་། དེའི་རྒྱུ་མཚན་གྱིས་བོད་དོན་ལ་དམིགས་གེ་གནང་གི་ཡོད་པ་མ་རེད་ཟེར་མཁན་བྱུང་། ངའི་བསམ་པར་བླ་མ་རྩ་ཆེན་དེ་འདྲ་ཞིག་བསྟོད་པས་དགའ་བ་དང་སྨད་པས་མི་དགའ་བར་སྐུ་ཚེ་ཧྲིལ་བོར་ཐུགས་ལ་ཉར་བཞུགས་ཀི་རེད་དྲན་མེད། ཉེ་རིང་ཆགས་སྡང་བརྟན་པོ་དེ་འདྲ་བླ་ཆེན་ཁོང་ལྟ་བུའི་ཐུགས་རྒྱུད་ལ་ཡོད་དོགས་མེད། ཐུགས་རྒྱ་མི་ཆུང་བ་ཞིག་ཡོད་ངེས་རེད་དྲན་སོང་། མ་ཟད་ཐུགས་གཤིས་མི་ས་མཐུན་ལས་ཀྱི་སྣེ་མོ་བ་རེ་གཉིས་ཡིན་པ་ལས་བོད་རིགས་མི་མང་མ་ཡིན་པས། དབུ་ཁྲིད་རེ་གཉིས་ཀྱི་བྱས་ཉེས་བོད་མི་མང་གི་སྟེང་ལ་གཟིགས་མི་སྲིད་པ་རེད་དྲན་ཡོད།
མ་ཟད་ཐུགས་གཤིས་མི་མཐུན་ལས་ཀྱི་སྣེ་མོ་བ་རེ་གཉིས་ཡིན་པ་ལས་བོད་རིགས་མི་མང་མ་ཡིན་པས། དབུ་ཁྲིད་རེ་གཉིས་ཀྱི་བྱས་ཉེས་བོད་མི་མང་གི་སྟེང་ལ་གཟིགས་མི་སྲིད་པ་རེད་དྲན་ཡོད། ཉམ་ཆུང་བོད་རིགས་མི་མང་རྣམས་ཀྱང་རྗེས་སུ་འཛིན་པར་ཤོག
གོང་ལ་ཚང་མས་གཅིག་རྗེས་གཉིས་རྒྱུག་གིས་བསྟོད་པ་རྐྱང་རྐྱང་ཕུལ་ནས། དཔྱད་པ་བྱེད་མཁན་བྱུང་མིན་འདུག དེར་བརྟེན་ངས་ཡང་”མི་སྡུག་པ་”དེའི་ཚབ་བྱས་ནས། འདྲི་བ་གཅིག་གཉིས་གཏོང་གི་ཡིན།
༡༽ རྒྱལ་དབང་འབྲུག་པ་རིན་པོ་ཆེས།
“ཁ་ཤས་ཀྱིས་ཤ་མ་ཟོས་ན་ན་ཡི་འདུག་ཟེར་ཏེ། ངས་ང་རང་གི་མི་ཚེའི་ཉམས་མྱོང་གི་ནང་ལ་བྱས་ན་ན་གི་མ་རེད། ཐག་ཆོད་པ་ཡིན། ན་གི་རེད་ཟེར་བ་རྐྱག་རྫུན་རང་རེད།”གསུངས།
༡ དེང་དུས་སྨན་བཅོས་ཀྱི་ཚན་རིག་བརྟག་དཔྱད་ལྟར་གཞིགས་ན། Anemiaསྟེ། གཟུགས་པོའི་ནང་ Red Cellཟེར་བ་འདི་ཤིན་དུ་དམའ་བའི་ནད་ཚབ་ཆེན་དེ་ལ་དམར་ཤའི་བཅུད་དེ་ངེས་པར་དགོས་པའི་སློབ་སྟོན་བྱེད།་། གལ་ཏེ་ཆུང་དུས་ནས་ཤ་མཁན་ཡིན་ན། ཤའི་ནང་ནས་བཅུད་ཐེན་ནས། Red Cell དེ་སྐྱེ་བར་བྱེད། གོང་གི་ནད་འདི་ནི་ཤིན་དུ་ཉེན་ཚབ་ཆེ་བའི་ནད་ཞིག་ཡིན་ཞིང་། རྒྱ་མཚན་དེར་བརྟེན་ནས། མི་ལ་ལ་ཤ་དམར་པོ་རྒྱུན་དུ་སྤྱོད་ཞིང་། གློ་བུར་དེའི་་བཅུད་ཆད་ན་ Anemia ན་འོང་བའི་གནས་ཚུལ་ཡོད་འདུག
༢ སྔོན་མ་རྒྱལ་དབང་ཐམས་བཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་ལོ་བཞི་བཅུའི་གོང་ལ་དམར་སྤངས། སླད་སྙུན་གཞི་ལྕི་པོ་བཞེས་ནས། སྨན་པའི་གདམས་ངག་འོག་བསྐྱར་དམར་ལེན་དགོས་བྱུང་གསུངས་བ་དེ་ཇི་འདྲ་ཡིན། སྨན་པས་རྒྱལ་བ་རིན་པོ་ཆེ་ཤ་མ་བཞེས་ན་སྐུ་གཟུགས་སྐྱོ་བོ་ཆགས་ནས། སྙུན་གཞི་ཕོག་རྒྱུར་བརྟེན། ཤ་བཞེས་པར་བཀའ་སློབ་ཕུལ་བ་ལྟར་ཤ་ཕྲན་བུ་རེ་བཞེས། ད་ལྟ། ཉིན་གཅིག་ཤ་ཡོད་པ་ལ་ཉིན་གཅིག་དཀར་སྐྱོང་ཡིན་གསུངས་ཀྱི་འདུག རྒྱལ་དབང་བཅུ་བཞི་པ་ཆེན་པོ་ཡང་། དམར་རྦད་དེ་སྤངས་ན་སྐུའི་འཕྲོད་བསྟེན་ལ་འགྲིག་གི་ཡོད་ཟོ་མིན་འདུག
ཚང་མར་དཔྱད་པའི་ཕྱིར་ཕུལ་ལགས། རིགས་པ་དང་དངོས་ཡོད་དཔང་པོར་འཛིན་ནས་བརྟག་དཔྱད་གནང་རོགས།
གང་ལྟར་འབྲུག་ཆེན་འདི་བླ་མ་གཞན་དང་མ་འདྲ་བ་ཞིག་རེད། དེ་བཞིན་དུ་འབྲུག་ཆེན་འདི་རིས་མེད་ཅིག་རེད། ཁོང་གི་དགེ་རྒན་དེ་རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་བསྐོ་བཞག་བྱས་པའི་སྒོ་མང་གི་དགེ་བཤེས་ཤིག་རེད། འབྲུག་པའི་དབུ་འཛིན་ཡིན་པ་གང་ཞིག་ལ་ཁྱིམ་རྒྱུད་རྙིང་མ་ཡིན་ཞིང་དཔེ་ཆ་སྒོ་མང་བའི་ལུགས་ལྟར་སློབ་སྦྱོང་བྱས་ཡོད་མཁན་ཞིག་རེད། གང་ལྟར་བོད་ཀྱི་སྲིད་དོན་ལ་ཐད་ཀར་ཇུས་གཏོགས་ཆེན་པོ་མི་བྱེད་པ་བདེན་སྲིད་ཀྱང་བླ་རྒན་ཞིག་གིས་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མ་རེད། ཁོང་རང་གིས་ཀྱང་ཇུས་གཏོགས་མང་པོ་ཞིག་མ་བྱས་ན་ཡག་ཤོས་རེད། ངས་མཚམས་མཚམས་སུ་དུས་རབས་ཉེར་གཅིག་པའི་བླ་མ་ཟེར་བ་དེའི་མིག་དཔེ་ཁོང་འདྲ་ཞིག་མིན་ནམ་ཡང་བསམ་གྱིན་ཡོད། ངས་ཁོང་གི་སྐོར་ཁ་ཤས་རེ་ངོ་སྤྲོད་བྱེད་དོན་ཡང་དེ་ཡིན། ཁོང་གི་དགོན་པའི་བཙུན་མ་ཚོར་ནད་གཡོག་གི་སློབ་སྦྱོང་སྤྲོད་ཀྱིན་འདུག ཁ་ཤས་ཤིག་ལ་སྨན་པའི་སློབ་སྦྱོང་ཡང་སྤྲོད་ཀྱིན་འདུག
ངས་རྟག་པར་འདུལ་གཞུང་ལས་གང་ཞིག་བཀག་ཡོད་པ་འཚོལ་མ་མྱོང་། ནམ་རྒྱུན་གང་ཞིག་གནང་ཡོད་པ་དེ་བཙལ་བ་ཡིན་ལ་དགེ་སློང་སྡོམ་ལྡན་ལ་ཡང་རྣམ་གསུམ་དག་པའི་ཤ་གནང་ཡོད་པ་དེ་རྗེ་དགེ་འདུན་གྲུབ་པའི་འདུལ་འགྲེལ་ལས་རྙེད་སོང་། ཡིན་ན་ཡང་བྱང་སྡོམ་གྱི་དབང་དུ་བྱས་ན་གནང་མེད་པ་འདྲ་བའི་ལུང་མང་པོ་མཐོང་རྒྱུ་འདུག གསང་སྔགས་པའི་ལུགས་ལ་ཤ་ཆང་དང་རིག་མ་འདི་ཚོ་མེད་ན་ཚོད་མ་ལ་ཚྭ་མེད་པ་འདྲ་ཞིག་འདུག མ་རེད་དམ།
དྲ་གྲོགས་ཚངས་དབྱངས་ཀྱི་དོགས་འདྲི་དེར་རྒྱུ་མཚན་འདུག ཡིན་ན་ཡང་། ངའི་བསམ་ཚུལ་ནི་སྤྱིའི་དབང་དུ་བྱས་ན་ཤའི་ཁ་ཟས་ཀྱིས་ལུས་ཀྱི་འཚོ་བཅུད་ལ་ཕན་པ་དང་། སྐབས་འགའ་རེར་ངེས་པར་གལ་ཆེན་དུ་ཆགས་སྲིད་ཀྱང་དེ་ནི་རྟག་པ་མཐའ་བཟུང་གི་སྐད་ཆ་རེད། སྨན་དང་འཚོ་བཅུད་ཐ་ན་དུག་རིགས་ཞིག་ཡིན་ཀྱང་ཕན་པའི་ཆ་ཡོད་རྒྱུ་རེད། འོན་ཀྱང་རང་གིས་བཟའ་བཏུང་གཞན་བསྟེན་སྟངས་ཡག་པོ་ཤེས་ན་གཟུགས་པོ་ལ་ཁྱད་པར་འགྲོ་གིན་མ་རེད། ངའི་ཕ་རྒན་ཕོ་ཁའི་ནད་པ་རེད། སྐབས་རེར་འབྲོག་པའི་ཤ་འཁང་ཟོས་ན་འཕྲལ་དུ་ཕན་གྱི་ཡོད། ཁོས་ཕོ་ཁ་ཅིར་འགྱུར་སྙམ་པའི་ཐེ་ཚོམ་དང་བཅས་ཤ་བཅད་པ་རེད། ཤ་མ་ཟོས་པའི་རྗེས་ནས་ནད་ཡོངས་སུ་དྲགས་ནས་ད་ཆ་ཤ་གཏན་དུ་སྤངས་ནས་ལོ་སུམ་ཅུ་ཟིན་གྲབ་འདུག གཟུགས་པོ་ཡག་པོ་དཔེ་རེད།
ངས་ཀྱང་ཤ་མ་ཟོས་ནས་ལོ་བཅོ་བརྒྱད་ཡིན། གཟུགས་པོ་ལ་ནད་འགོག་གི་ནུས་པ་ཆེ་ཤོས་ཐོན་ཡོད་པའི་མྱོང་བ་བྱུང་། ད་ལྟ་ལུས་པོ་བདེ་ཐང་ཡིན།
༸རྒྱལ་བ་རིན་པོ་ཆེའི་ཤ་མ་ཟོས་ནས་སྙུང་བ་དེ་ཤ་མེད་ནས་སྙུང་བ་གཏན་ནས་མ་རེད། དེ་ནི་རིན་པོ་ཆེའི་ཤ་བཅད་རྗེས་ཞབས་ཞཱུུ་བས་རིན་པོ་ཆེ་ལ་ཞབས་ཞུ་ཞུུ་སྟངས་མ་ཤེས་པར་ཡག་ཡག་བྱས་ནས་སྣུམ་ཆེན་ཁོ་ན་ཕུལ་བས་འཁྲིས་ནད་བཞེས་པ་རེད། རྗེས་མ་སྨན་པས་ལམ་སྟོན་དེ་འདྲ་ཞིག་བྱུང་བ་དང་ཤ་གཏན་དུ་མ་བཅད་པ་འདི་བྱུང་བ་རེད། དང་པོ་ནས་ཤ་མེད་ཀྱི་རིགས་ཚོད་རིགས་སོགས་ཡག་པོ་ཞིག་བཟོ་སྟངས་ཤེས་ཡོད་ན་ངེས་པར་ཡག་པོ་བྱུང་ཡོད་རེད། འོན་ཀྱང་སྐབས་དེའི་བོད་པས་ཤ་མ་ཟོས་ན་པགས་ཚགས་མར་ཁུ་སོགས་ཟ་དགོས་པའི་བསམ་ཚུལ་བཟུང་ཡོད། ངས་༸གོང་ས་མཆོག་གི་རང་རྣམ་སྔ་ཕྱི་མཇལ་རྗེས་བསམ་བློ་འདི་ཁོ་ན་འཁོར་སོང་།
ཀླུ་སྨྱོན་ཁྱེད་ཀྱིས་གསུངས་པ་བདེན་པ་རེད་དེ། གསང་སྔགས་ཀྱི་རྒྱུད་སྡེ་འོག་མ་ཚོའི་སྐབས་ན་དངོས་སུ་བཀག་ཡོད་ཐོག་བླ་མེད་ལ་ཡང་རྟེན་འབྲེལ་གྱི་རྫས་སུ་མ་གཏོགས་ཤ་གནང་ཡོད་པ་དེ་འདྲ་མེད་པ་འདྲ། བླ་མེད་ཀྱི་རྒྱུད་སྡེ་ལས་ཤ་བཀག་ཡོད་ས་ཡང་ཡོད་ངེས་རེད། དུས་འཁོར་ལས་ཀྱང་ཤ་བཀག་ཡོད་པ་འདྲ། འགྲེལ་ཆེན་དྲི་མེད་འོད་ལས་ཤའི་ཉེས་དམིགས་གསུངས་སྐབས། ཤ་ཟ་བ་པོ་མེད་ན་གསོད་པོ་མི་འབྱུང་བས་ན་ཟ་བ་པོ་དང་གསོད་པོའི་ཉེས་དམིགས་མཉམ་མོ། ཞེས་པའི་ཚིག་འདི་བློ་ངོར་འདུག
ང་སྔོན་མ་རྒྱ་གར་ན་ཡོད་སྐབས། དར་གླིང་ན་ཡོད་པའི་ཁོང་གི་དགོན་པའི་ནང་ཉིན་ཤས་འདུག་མྱོང་། དེ་དུས་གདན་ས་ནས་གཤུ་ཆེན་འོན་སྤྲུལ་ཟེར་བ་ཞིག་༧གོང་ས་མཆོག་གི་བཀའ་བཞིན་དེ་ཀར་ཆོས་ཁྲིད་གནང་བར་ཕེབས་འདུག འབྲུག་ཆེན་རིན་པོ་ཆེ་སྐབས་དེར་དགོན་ནང་དུ་བཞུགས་མི་འདུག ཁོང་གི་དགོན་པ་དེ་ཧ་ཅང་བརྗིད་ཉམས་ཆེན་པོ་ཅན་ཞིག་འདུག བླ་མ་འདི་ཤ་མི་བཞེས་མཁན་ཞིག་ཡིན་པ་དེ་རིང་མ་གཏོགས་ཤེས་མ་སོང་། ངོ་མཚར་ཆེ། ཕྱི་ལོགས་ན་ཡོད་པའི་བོད་པའི་ཆོས་ཚོགས་དག་དང་། དེ་དག་རྗེས་འབྲིངས་ཕལ་ཆེར་གྱིས་ཤ་ཟ་བཞིན་འདུག བོད་ཆོས་སློབ་མཁན་ཕལ་ཆེར་རྫོགས་ཆེན་དང་། ཕྱག་ཆེན་སོགས་སྔགས་ཕྱོགས་ཀྱི་ཆོས་སྐོར་ལས། མདོ་ཕྱོགས་ཉམས་ལེན་བྱེད་མཁན་ཉུང་ཉུང་རེད་འདུག ད་དུང་དེ་དག་ཕལ་ཆེར་ཞིག་གྲུབ་རྟགས་དང་། རྫུ་འཕྲུལ་སོགས་ཡོད་མེད་བཤད་རྒྱུར་དོ་སྣང་ཆེ་ཞིང་། མི་དཀྱུས་ཤིག་གིས་བལྟས་ན་ཁོངཚོར་ལུས་སེམས་ཐང་བོ་འདྲ་ཨེ་ཡོད་སྙམ་པའི་དོགས་པ་སྐྱེ་སྲིད། ཤ་ཟ་མི་རུང་ཚུལ་བཤད་ན། ཤ་མི་ཟ་ན་སེམས་ཅན་དང་ལས་འབྲེལ་ཇི་ལྟར་འཇོག་ཅེས་ཁེ་མཚར་བོའི་ལན་དེ་འདྲ་རྒྱག་གི་རེད།
ད་བླ་མ་དེ་རྩ་ཆེ་དང་ཆུང་ཚང་མས་གཅིག་འགྱུར་གཅིག་སུས་བཤད་མི་ཐུབ། རང་ལ་རགས་ལས་མོད། ཨུ་ཚུགས་ཀྱིས་ཡག་རབས་བཤད་ཀྱང་དད་མེད་ལ་མི་བཟའ་ཁ་ལ་དུག་རང་རེད། གཡུག་ཞོག ཁོང་ལྷོ་ཕྱོགས་སུ་ཕེབས་དུས་གསུངས་རྒྱུར། ཁོང་སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུར་སྤོབས་པ་ཡོད་གསུངས། ཅིའི་ཕྱིར་ན་དོན་གྱི་འཕགས་མཆོག་མིག་མི་ཟུམ་ནི་སྙིང་རྗེ་ཡིན། སྙིང་རྗེས་སྟོབས་ཀྱིས་ཤ་མ་ཟོས་ཤིང་། མ་ཎི་དུང་ཕྱུར་དྲུག་གམ་གཅིག་ཀྱང་བགྲང་མྱོང་གསུངས། གང་ལྟར་མཇལ་དུས་ནུས་པས་བུན་ཟིང་ཟིང་བ་ཞིག་བྱུང་།
ད་གཡུག་ཞོག མ་བཤད་ཟེར་གིན་གིན་མང་པོ་ཐལ་སོང་།
ཤའི་སྐོར་ལ་གཅིག་བཤད། ཧ་ལམ་བདུན་གཅིག་གི་སྔོན་ལ་བལ་ཡུལ་མཆོད་རྟེན་གྱི་སྒོ་ངོ་མའི་ཡར་འཛུལ་དུས་གཡས་སྣ་དེར་བསངས་དང་ཁ་དར་སོགས་བཙོང་བའི་བོད་མིའི་ཚོང་ཁང་ཞིག་ནང་ལས་ཀ་བྱེད་མཁན་གྱི་ནེ་པ་ལིའི་བུ་མོ་ཆུང་ཆུང་ཞིག་ཡོད། དེས་བོད་སྐད་ཡག་ཐག་ཆོག་ཤེས། ངས་དེར་ཁ་བརྡ་བྱེད་ཞོར་ད་ནེ་པ་ལིའི་ལོ་གསར་འགོ་ཚུགས་སོང་། ར་ལུག་སོགས་མང་པོ་བསད་གི་རེད། ཡག་པོ་མིན་འདུག་རབས་བཤད། མོས་ངག་འཇམ་པོས་ང་ལ་བཤད་རྒྱུར། རེད། མ་གཞི་ང་ཚོའི་ལུགས་སྲོལ་ལ་དེ་ཉིན་སྲོག་ཆགས་ཞིག་བསད་རྒྱུ་མེད་ན་ཧ་ཅང་གི་ཐབས་སྐྱོ་པོ་རྩི་སྲོལ་ཡོད། བསད་འདོད་མེད་ཀྱང་ཡུལ་སྲོལ་དང་མི་མང་གིས་གནོན་ཤུགས་འོག་དེ་ལྟར་མ་བྱེད་ཐབས་མེད་རེད་ཟེར།
ད་དུང་དེའི་སྐོར་མང་ཙམ་གླེང་རྗེས་ན་རེ། སྤྱིར་ང་ཚོའི་གྲོང་གསེབ་ཏུ་ཚྭ་དང་སྣུམ་མ་གཏོགས་ཉོ་དགོས་མེད། བཟའ་བཅའ་ཚང་མ་ཞིང་ནས་ཐོབ་གི་ཡོད། དེས་ན་ཤ་ཡང་ཧ་ཅང་གི་ཉུདྷདྷགྷང་ཉུང་མ་གཏོགས་བཟའ་གི་མེད། འདི་ན་༼བོད་རིགས༽ཤ་ཧ་ཅང་གི་མང་པོ་བཟའ་བ་དང། སྲོག་ཆགས་བ་ལང་སོགས་ཚང་མ་བཟའ་གི་འདུག ཤ་ནི་ཚོད་མ་ལྟ་བུ་ཁ་ལག་ཚང་མ་མཉམ་དུ་དགོས་གི་འདུག ང་ཚོ་ནི་བྱ་ཏེ་དང་ར་ལུག་ཙམ་ལས་གཞན་གྱི་ཤ་མི་བཟའ་ལ་དེ་ཡང་སྐབས་རེ་མ་གཏོགས་མི་བཟའ་ཟེར།
དེ་ལ་ངས་ལན་དམིགས་བསལ་བ་ཞིག་བཏབ་མ་ཐུབ་ཀྱང་ཆོས་ལ་ཁ་བཏགས་ནས་བསད་པ་དེ་མི་ལེགས་ཚུལ་བཤད། དེར་མོས་ངོས་ལན་བྱས་སོང་།།
བལ་ཡུལ་ན་མིའི་ཤ་ཉུང་ཉུང་ཟ་ན་ཡང་། ལྷ་ཡིས་ཤ་མང་པོ་ཟ་ནོ་ཤེས་ཀ ལྷ་མོ་གྷ་དྷ་ནེ་ཡིན་ན་ཅིག་ལ་ལོ་ལྔ་རེའི་མཆོད་པ་ཞིག་ཡོད་ལ། མ་ཧེ་འབུམ་ཕྲག་མང་པོ་བསད་འགྲོ་གི་ཡོད་པ། ད་རུང་ར་ལུག་དང་བྱ་དེ་བསད་པའི་ཁྲག་ནི་ལྷ་ཁང་ཆ་ང་ཆུང་ངེའི་རྩིག་པའི་ངོས་སུ་གཏོར་ནས། བསད་བསད་གྲངས་ཀ་ཟིན་མི་ཐུབ་ཡ། བོད་ཀྱི་ལྷ་ཚང་མ་ཡང་དེང་སང་ཤ་གཅོད་ཀི་ཡོད་པ་རེད་ཟེར། ན་ནིང་ཞིག་ནས་ཡར་ལྷ་ཤམ་པོ་ཡིན་ན་ཅིག་གིས་ཤ་བཅད་པ་རེད་ཟེར་ནས། བསྟན་མ་བཅུ་གཉིས་ནང་ན་སྐད་གྲགས་བཞག་པའི་གསར་འགྱུར་ཞིག་སྲིད་པ་ཆགས་པའི་ལྷ་དགུས་གོ་ནས་ཕྲག་དོག་ལངས་གི་ཡོད་པ་རེད་ཟེར།
ཚེ་བཀྲས་ཡང་འབྲུག་པ་ལ་བཀའ་བརྒྱུད་ལ་ཁ་ཡག་བཤད་ཀི་འདུག་ག
བླ་མ་འདི་པས་རྟགས་མ་བཞེས་པ་དེ་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་། བོད་གཞུང་དང་འབྲེལ་ཡོད་ཁག་ནས་གཏན་ནས་བྲིས་མི་འདུག་སྙམ་མོ།
འཇམ་དཔལ་རྣོན་པོ་ལགས།
ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ནས་འབྲུག་ཆེན་རིན་པོ་ཆེར་བཀའ་འདྲི་བཀའ་ལན་རྒྱང་བསྲིང་རྒྱས་པར་བྱས་དང་བྱེད་བཞིན་འདུག
བོད་ཀྱི་དུས་བབས་དང་བང་ཆེན་སོགས་ཀྱི་དྲྭ་རྒྱར་འདུག་བསམ་བྱུང།
ཤེས་བྱ་གསར་ཤོག་གི་ནང་དུ་གང་ཤེས།
ཁོ་རེ་ཟླ་མེད། བལ་ཡུལ་ན་མིའི་ཤ་བཟའ་གི་ཡོད་དམ།
རྩེད་མོ་ཡིན། ན་ཡིན་བྷ་བྷ་རབ་དེབ་བལ་ཡུལ་དུ་སླེབས་སྐབས་སྟོན་པའི་འཁྲུངས་ཡུལ་འདིར་དམར་མཆོད་རིགས་གཏན་ནས་མི་ལེགས་ཚུལ་བཤད་སོང་། བལ་རྒན་དེ་ཚོས་ག་ལ་ཉན། ནང་པས་བཤད་ན་ཁོ་པ་ཚོའི་ཆོས་ལུགས་ལ་བྱུས་གཏོགས་མི་དགོས་བཤད་ཉན་ཆེ། ཁོ་རང་ཚོའི་བླ་མས་བཤད་པར་མ་ཉན་ན་གནས་སྐབས་སྟངས་སྙོམས་བཞག་ན་ལེགས་སོ། །
དེ་བས་ང་རང་ཚོ་ཤ་གཏན་ནས་སྤོང་བའམ་ཉུང་རུ་གཏོང་རྒྱུ་གལ་ཆེན་རེད་འདུག
རྫ་ཚེ་རིང་བཀྲ་ཤིས་ལགས།
ཁྱོད་རང་གིས་ཤ་མ་ཟས་ནའང་ན་གི་མི་འདུག ང་དང་ངའི་ཕ་རྒན་གཉིས་ན་མ་བྱུང་ཞེས་བྲིས་འདུག
དེ་ནི་ཁྱོད་ཕ་བུ་གཉིས་ཀྱི་འབྱུང་བའི་འཕྲད་སྦྱོར་ལ་བལྟས་ནས་མི་ཐམས་ཅད་ཀྱི་འབྱུང་བའི་འཕྲད་སྦྱོར་ལ་ཐག་བཅད་པ་ཞིག་རེད། དཔེར་ན། མི་ཁག་ཅིག་རྩོམ་པ་ཟས་ན་གྲོད་པ་ན་གི་ཡོད་རེད། དེ་ཚོས་རྩོམ་པ་ཟས་ན་ན་གི་འདུག་ཅེས་མཐའ་གཅིག་ཏུ་བཤད་ན་ཁྱོད་རང་གིས་དགག་པ་བྱེད་རྒྱུ་རེད། མདོར་ན་ཁྱོད་རང་གི་རྒྱུ་མཚན་དེ་ཡང་དག་གཅིག་མ་རེད།
འདི་ནི་རྣམ་འགྲེལ་དུ། ཤིང་ཕུང་འདི་ལས་སྐྱེས་པའི་ཤིང་ཏོག་ལྷག་མ་རྣམས་ཆོས་ཅན། རོ་མངར་ཁྱད་པ་ཅན་དང་ལྡན་ཏེ། སྔར་ཟོས་པའི་ཤིང་ཏོག་དང་གཟུགས་སྨུག་པོ་དང་ཤིང་ཕུང་འདི་ལས་སྐྱེ་བར་མཙུངས་པའི་ཕྱིར།
ཞེས་པའི་གཏན་ཚིགས་ལྷག་ལྡན་མ་ངེས་པའི་གཏན་ཚིགས་སུ་བཤད་པ་དང་གཉིས་སུ་མེད་པ་ཞིག་རེད།
གཉིས་པ། རྒན་ལགས་ཁྱོད་རང་གྲྭ་པ་ཞིག་སོང་བས་ང་ཁྱོད་ལ་དྲི་བ་འདི་ཕུལ་ཆོག་པ་སེམས། སྔོན་སྟོན་པ་བཞུགས་སྐབས། ལྷས་སྦྱིན་གྱིས་བསླབ་ཚིགས་ལྔ་བཅོས་ནས་དགེ་འདུག་དབྱེན་བྱེད་པས་ལུང་པར་བཀྲ་མི་ཤེས་པའི་མཚན་མ་ཡོང་ཚུལ་འདུལ་གཞུང་ཁག་ཏུ་གསལ་བ་བཞིན། བསླབ་ཚིགས་གཅིག་ལ་ཤ་སྤངས་བ་དེ་རེད། སྐབས་དེར་གླིང་གཞི་ཞིག་བྱུང་འདུག་ཀྱང་། སངས་རྒྱས་ཀྱིས་རབ་ཏུ་བྱུང་བས་ཤ་ཟ་ཆོག་མིན་བསྐོར་དངོས་སུ་མ་གསུངས་རྒྱུ་མཚན་གང་རེད། གསུང་ལན་ཞིག་སྐྱབས་འཇུག་གནང་རོགས་ཞུ།
ད་ཨ་རོ་ཚོ།
བླ་མ་འབྲུག་ཆེན་སང་ལ་བཟང་ངན་གྱི་སྐད་ཆ་མ་བཤད་རོགས་སྐུ་ཚེ་རིང་།
ཁྱེད་རང་ཚོས་ནི་ཁོང་གི་མཛད་སྤྱོད་ཀྱིས་ཟུར་ཙམ་ཡང་འོང་མི་སྲིད་པ་ཞིག་རེད།
དེས་ན་སྡིག་པ་མ་མཛད་རོགས།
རྒྱལ་བོའི་སྡུག་བསྔལ་སྤྲང་བོས་མ་བྱེད་རོགས།
xxxxxxxxxxxxxxxxxxx
གཙང་ཁའི་བུ་ལགས། ངས་ང་དང་རང་གི་ཕ་གཉིས་ཀྱི་ཐོག་ནས་གསལ་བཤད་ཞུས་པ་དེ་དཔེ་མཚོན་ཅན་གྱི་དཔྱད་གཞི་ཙམ་ཡིན། ཁྱེད་ཀྱི་རིགས་པ་དེ་བཏང་ན་འཇིག་རྟེན་གྱི་ཚན་རིག་གི་དཔྱད་ཐབས་དག་ཀྱང་ཚད་མར་འགྱུར་གྱི་མེད། དེ་དཔལ་རིགས་པའི་དབང་ཕྱུག་གི་ཕྲ་བའི་རིགས་ལམ་རེད། འོན་ཀྱང་རེ་ཞིག་ང་ཚོས་རྣམ་བཞག་དེ་འདྲ་རྐྱང་རྐྱང་ལ་ཚད་འཛིན་བྱེད་ཀྱི་ཡོད་རེད། དཔེར་ན། དེ་རིང་སྨན་གསར་པ་ཞིག་བཟོས་ན། དེ་ལ་རྒྱལ་སྤྱིའི་ཚོང་རས་ངོས་འཛིན་དགོས་ན་ཚང་མ་ཚོད་ལྟ་བྱེད་གི་རེད། དེ་ཡང་སྲོག་ཆགས་བྱེ་བྲག་པ་འགའ་ཞིག་ལ་ཚོད་ལྟ་བྱེད་གི་རེད། དེ་ཚོ་དེ་ཙམ་རེད། ལྷས་སྦྱིན་གྱིས་ཤ་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་ཤ་བཀག་མ་བཀག་སོགས་ས་སྐྱའི་ངོར་ཆེན་རྡོ་རྗེ་འཆང་གི་ཤ་ཆང་གི་ཉེས་དམིགས་སློབ་མ་ལ་ཕན་པ་དང་། ཀུན་མཁྱེན་གོ་རམ་པའི་སྡོམ་གསུམ་རབ་དབྱེའི་འབྲེལ་བ་སོགས་ལས་འཁོར་ལོ་གསུམ་གྱི་མདོ་སོ་སོའི་བསྟན་དོན་ལ་དྲང་ངེས་ཀྱི་བཤད་པ་དང་བཅས་ཞིབ་ཏུ་གསུངས་ཡོད་པས་དེར་གཟིགས། དེའི་དོན་གུས་པས་ཀྱང་།
རྔ་བོ་ཆེ་དང་ལང་ཀར་བཤེགས་པ་དང་། །
མྱ་ངན་འདས་དང་འདུལ་བ་ལུང་ལ་སོགས། །
ཐེག་གསུམ་སྡེ་སྣོད་དཔག་ཏུ་མེད་པ་ནས། །
ཤ་ཡི་ཉེས་དམིགས་ཤིན་ཏུ་རྒྱ་ཆེར་གསུངས། །
ཞེས་སོགས་ཀྱི་རྩོམ་ཡིག་ཅིག་ཡོད་ལ།
སྔར་བོད་ནང་དུ་བྲིས་པ་ལྷག་པའི་བསམ་པ་རྣམ་པར་དག་པའི་གཏམ་ཞེས་པར་ཡང།
བདག་གིས་བསོད་དམ་བསོད་དུ་འཇུག་པ་དང་། །
བསད་པའི་ཤ་ཁྲག་དགའ་བས་སྤྱོད་པ་རྣམས།།
མཐར་ཐུག་སྲོག་ལ་རྔམས་པ་མཚུངས་པའི་ཕྱིར། །
སྡིག་པ་ཆེ་ཆུང་མཉམ་པར་སྟོན་པས་གསུངས། །
ནག་ཕྱོགས་འདྲེ་དང་འབྱུང་པོ་འདུ་བ་དང་། །
དཀར་ཕྱོགས་ལྷ་དང་སྲུང་མ་སྐྲག་པ་དང་། །
ཚེ་འདིར་ནད་སྐྱེད་ཕྱི་མ་སྡུག་བསྔལ་ཞེས། །
སྲིན་པོ་རྣམས་ལ་སངས་རྒྱས་ཉིད་ཀྱིས་གསུངས། །
སྣོད་ངོ་ཤ་ཡིས་གོས་པ་ཙམ་ཞིག་དང་། །
ནད་པ་རྣམས་ལ་སྨན་གྱི་རྫས་ཙམ་ལས། །
གཞན་དུ་ནམ་ཡང་བཟའ་བར་མི་བྱ་ཞེས། །
མྱ་ངན་འདས་དང་འདུལ་བ་ལུང་ལས་གསུངས། །
ཁྱད་པར་འཕགས་པ་ལང་ཀར་བཤེགས་པ་ལས། །
འཇམ་དཔལ་རྩ་རྒྱུད་ལ་སོགས་ངེས་དོན་གྱི། །
བཀའ་དང་བསྟན་བཅོས་རྣམས་ལས་མགྲིན་གཅིག་ཏུ། །
ཤ་ཡི་ཟས་འདི་སྤང་བར་བྱ་ཞེས་གསུངས། །
མི་ལའི་རྣམ་འཕྲུལ་ཚོགས་དྲུག་རང་གྲོལ་དང་། །
འཇའ་ལུས་གྲུབ་པ་པདྨ་བདུད་འདུལ་ཞབས། །
དཔལ་སྤྲུལ་ལ་སོགས་དམ་པ་གོང་མས་ཀྱང་། །
ཤ་ཡི་ཉེས་དམིགས་ཤིན་ཏུ་རྒྱ་ཆེར་གསུངས། །
ཞེས་སོགས་མང་པོ་ཞིག་ཡོད་ཀྱང་འདི་ཙམ་གྱིས་ཐུགས་ཕན་སོས་པར་སྨོན།
རྫ་ཚེ་རིང་བཀྲ་ཤིས་ལགས།
འབྲུག་པ་དཀར་བརྒྱུད་་་་་་་་་་་་་་་་་་་་འབྲུག་པ་བཀའ་བརྒྱུད་མིན་ནམ།
འབྲུག་ཆེན་རིན་པོ་ཆེ་ལ་བྱ་དགའ་དེ་ཐོབ་པར་སེམས་དཀྱིལ་ནས་དགའ་ནི་ཡིན། དེ་འདྲའི་བླ་མ་ཞིག་ངོ་མ་དཀོན་པོ་རེད།
༼ནད་པ་རྣམས་ལ་སྨན་གྱི་རྫས་ཙམ་ལས། །
གཞན་དུ་ནམ་ཡང་བཟའ་བར་མི་བྱ་ཞེས། །༽ཞེས་ནད་ཀྱི་དོན་ཤ་དགོས་པའི་སྐབས་འབྱུང་བར་བཤད་འདུག་པས། ཤ་མ་ཟོས་ན་ན་གི་མི་འདུག་ཟེར་བ་ངེས་པ་མེད་པ་གསལ་བོ་ཆགས་འདུག
ཤ་ལ་སྡུག་པ་ག་ཚོད་ཡོང་ན་ཡང་། ངས་ནི་ཤ་སྤངཐུབ་ས་མ་རེད། ཤ་མི་ཟ་མཁན་ཚོ་ལ་རྗེས་སུ་ཡི་རིང་འདྲ་བྱེད་ཀྱི་ལས་གཞན་ཅི་ཡོད།
ཆོོས་གྲོགས་ལགས། ཁྱོད་ཀྱིས་དཔེན་མཚོན་ཙམ་ཡིན་ན། རིན་པོ་ཆེས“ཁ་ཤས་ཀྱིས་ཤ་མ་ཟོས་ན་ན་ ཡི་འདུག་ཟེར་ཏེ། ངས་ང་རང་གི་མི་ཚེའི་ཉམས་མྱོང་གི་ནང་ལ་བྱས་ན་ན་གི་མ་རེད། ཐག་ཆོད་པ་ཡིན། ན་གི་རེད་ཟེར་བ་རྐྱག་རྫུན་རང་རེད།”ཅེས་ཐག་བཅད་ནས་གསུངས་འདུག
དགག་དགོས་རྒྱུ་མཚན་མང་བས་འདིའི་ཐད་ངས་གསལ་བཤད་མ་བྱུང་ཡང་ཤེས་ལ། གསལ་བཤད་བྱ་མི་དགོས་ཞུ་གི་ཡིན།
ཆོས་གྲོགས་ལགས། གསོད་མཁན་དང་ཟ་མཁན་གཉིས་སྡིག་པ་མཉམ་ཞེས་སྟོན་པས་གསུང་ན་ལུང་དེ་གསལ་བོ་ཞིག་གསུང་རོགས་གནང་།
གལ་སྲིད་དེ་ལྟར་ཡིན་ན། སྡིག་པ་ལ་སྦྱོར་དངོས་མཇུག་གསུམ་ཚང་དགོས་མིན།
མཁས་མཆོག་དབྱིག་གཉེར་གྱིས། སྲོག་བཅད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསད་པའོ། །ཞེས་གསུངས་པ་འདི་སྡོམ་པ་དང་སྡིག་པ་ལ་ཀུན་སློང་དགོས་མིན་གྱི་ཁྱད་པར་ཡོད་མེད་བཅས་གསུང་རོགས་ཞུ།
ཁག་ཅིག་གིས་བཤད་ཡ་ལ། རྒྱ་འདུལ་ནང་རྩ་བ་ལྔ་བཞག་ནས་ཤ་ཟ་བ་དེ་གཅིག་རེད་ཟེར།
དེ་ལྟར་ཡིན་ན། རྒྱ་བོད་ཀྱི་འདུལ་བར་ཁྱད་པར་གང་འདྲ་བྱས་ནས་ཆགས་པ་རེད། མཁས་པ་སོ་སོས་རང་བཟོ་རེད་དང་། གང་འདྲ་རེད་གསུང་རོགས་ཞུ།
ཡང་༼ལྷས་སྦྱིན་གྱིས་ཤ་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་ཤ་བཀག་མ་བཀག་སོགས་ས་སྐྱའི་ངོར་ཆེན་རྡོ་རྗེ་འཆང་གི་ཤ་ཆང་ གི་ཉེས་དམིགས་སློབ་མ་ལ་ཕན་པ་དང་། ཀུན་མཁྱེན་གོ་རམ་པའི་སྡོམ་གསུམ་རབ་དབྱེའི་འབྲེལ་བ་སོགས་ལས་འཁོར་ལོ་གསུམ་ གྱི་མདོ་སོ་སོའི་བསྟན་དོན་ལ་དྲང་ངེས་ཀྱི་བཤད་པ་དང་བཅས་ཞིབ་ཏུ་གསུངས་ཡོད།༽ན་མདོར་བསྡུས་ཤིག་གསུང་རོགས།
ལྷས་བྱིན་གྱིས་ཤ་ཟོས་པ་ཟེར་བ་འེ་ཡིན་ན། འདུལ་བ་ལུང་ནས་གསུང་བ་ལྟར་ན། ལྷ་བྱིན་གྱིས་ཀོ་ཀ་ལི་ཀྰ་སོགས་དགེ་སློང་བཞི་སྟོན་པ་ལས་ལོགས་སུ་ཁྲིད་ནས་སོང་དེ། རུང་བ་མ་ཡིན་པའི་གཞི་ལྔ་ཟེར་བའི་འདུལ་ཁྲིམས་བཟོས་ནས། འཁོར་བཞི་ལ་ཆོས་གསུངས་པ་རེད། དེ་ནི་དགེ་འདུན་འཁོར་ལོའི་དབྱིན་གྱི་གླེང་གཞི་ཡང་རེད། རུང་བ་མ་ཡིན་པའི་གཞི་ལྔ་བོ་དེའི་ནང་ན་འོ་མ་འཐུང་མི་རུང་བ། ཤ་ཟ་མི་རུང་བ་སོགས་ཡོད་པ་རེད་དོ། དེ་ལྷ་བྱིན་གྱིས་བཟོས་པའི་འདུལ་ཁྲིམས་དེ་རེད། ལྷས་བྱིན་གྱིས་ཤ་ཟོས་པའི་ཆོས་བསྟན་ཟེར་ན་ནོར་བ་རེད།
བླ་མ་འབྲུག་པ་རིན་པོ་ཆེས། ༼ཁ་ཤས་ཀྱིས་ཤ་མ་ཟོས་ན་ན་ ཡི་འདུག་ཟེར་ཏེ། ངས་ང་རང་གི་མི་ཚེའི་ཉམས་མྱོང་གི་ནང་ལ་བྱས་ན་ན་གི་མ་རེད། ཐག་ཆོད་པ་ཡིན། ན་གི་རེད་ཟེར་བ་རྐྱག་རྫུན་རང་རེད།༽ འོན་ཀྱང་རྫ་ཚེ་རིང་བཀྲ་ཤིས་ཚང་གིས། ༼ནད་པ་རྣམས་ལ་སྨན་གྱི་རྫས་ཙམ་ལས། །གཞན་དུ་ནམ་ཡང་བཟའ་བར་མི་བྱ་ཞེས།།༽ ཞེས་ནད་པ་ལ་ཤ་དགོས་པར་གསུང་འདུག་ན། ཚེ་རིང་བཀྲ་ཤིས་ལེགས། གསུངས་ཚུལ་འདི་གཉིས་ཀ་ཡིག་ཐོག་ཏུ་བཀོད་མཁན་ནི་ཁྱོད་ཡིན་ལ། ཁྱོད་ལ་ནང་འགལ་ཡང་ཡེ་ནས་མེད་ལགས་ན། གསུངས་འདི་གཉིས་ཀ་ངོ་བོའི་ཐོག་ནས་བསམ་ན་འགལ་བ་ལགས་ན། ཁྱོད་ཀྱིས་ཅི་ལ་དགོངས་ནས་ཤ་ཟོས་ན་ན་བར་བཤད་པ་རྫུན་ཡིན་པ་དང་ཡང་ནད་པ་ལ་ཤ་དགོས་པར་གསུངས་པ་ལགས། བླ་མ་འབྲུག་ཆེན་ཚང་ལ་དགག་པ་རྒྱབ་པ་ནི་མིན་ལས་ཆེ།
ཤ་ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་བས་ཟ་བ་པོ་དང་གསོད་པ་པོའི་ཉེས་དམིགས་མཉམ་ཟེར་བའི་ཚིག་ཅིག་འགྲེལ་ཆེན་དྲི་མེད་འོད་དུ་ཡོད་པ་ཏན་ཏན་ཡིན། འོན་ཀྱང་ཤོག་གྲངས་སོགས་ནི་དྲན་གྱིན་མི་འདུག སྤྱིར་ན་ངས་འགྲེལ་ཆེན་དྲི་མེད་འོད་ཀློག་དོན་ཡང་ཤའི་ཉེས་དམིགས་བཙལ་བ་མ་ཡིན་པས་དེིའི་སྐོར་གསལ་པོ་ཞིག་ནི་དྲན་གྱིན་མི་འདུག ན་བ་ཡིན་ན་ཆང་ཡང་འཐུང་ཆོག་གི་རེད། ཀཱ་རི་ཀཱ་ལས། སྨན་པས་ཉེ་བར་བསྒོས་ན་ནི༎ནད་པས་ཉེས་པར་མི་འགྱུར་རོ༎ཞེས་གསུང་ཡོད་པའི་ཕྱིར།
གོང་དུ་དོན་མེད་དབྱེན་དཀྲུགས་ཀྱི་མཆན་བུ་འདེབས་མཁན་ཁ་ཤས་ཤིག་འདུག་པས།
དེ་ཚོའི་ཁྲོད་ནས། གསུབ་དགོས་བ་དེ་ཚོ་བསུབ་ཡོད་ལ་འགོག་དགོས་བ་དེ་ཚོ་གནས་སྐབས་རིང་བཀག་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
༼ལྷས་བྱིན་ལྷ་བྱིན་༽རེས་མོས་འབྲི་བ་ཡི།།
ཟླ་མེད་གཏད་མེད་ཞབས་ལ་ཕྱག་འཚལ་ལོ།།
ཨེ་ཡིན་ཚབ་ལ་༼འེ་༽ཡིན་འབྲི་བ་ཡི།།
ཟླ་མེད་འདྲི་རྨོངས་ཞབས་ལ་ཕྱག་འཚལ་ལོ།།
གསུངས་པ་མི་འབྲི་༼གསུང་བ་༽འབྲི་བ་ཡི།།
ཟླ་མེད་དུས་རྨོངས་ཞབས་ལ་ཕྱག་འཚལ་ལོ།།
སོང་སྟེ་མི་འབྲི་༼སོང་དེ་༽འབྲི་བ་ཡི།།
ཟླ་མེད་ལྷག་རྨོངས་ཞབས་ལ་ཕྱག་འཚལ་ལོ།།
དབྱེན་གྱི་མི་འབྲི་༼དབྱིན་གྱི་༽འབྲི་བ་ཡི།།
ཟླ་མེད་དབྱངས་རྨོངས་ཞབས་ལ་ཕྱག་འཚལ་ལོ།།
རེད་དོ།།མི་འབྲི་༼རེད་དོ་༽འབྲི་བ་ཡི།།
ཟླ་མེད་ཤད་རྨོངས་ཞབས་ལ་ཕྱག་འཚལ་ལོ།།
ཁར་སང་མགོན་པོ་ཟེར་བར་གང་བྲིས་པ།།
དེ་རིང་རང་གི་མགོ་ལ་ཁུར་བ་ཡི།།
རྒྱུ་འབྲས་དངོས་སུ་སྟོན་པའི་སྙིང་ཁམས་ཅན།།
ཟླ་མེད་ཡིག་རྨོངས་ཞབས་ལ་ཕྱག་འཚལ་ལོ།།
༼ལྷས་བྱིན་༽གྱིས་ཤ་ཟོས་པ་ཟེར་བ་༼འེ་༽ཡིན་ན། འདུལ་བ་ལུང་ནས་༼གསུང་བ་༽ལྟར་ན། ༼ལྷ་བྱིན་༽གྱིས་ཀོ་ཀ་ལི་ཀྰ་སོགས་དགེ་སློང་བཞི་སྟོན་པ་ལས་ལོགས་སུ་ཁྲིད་ནས་༼སོང་དེ།༽ རུང་བ་མ་ཡིན་པའི་གཞི་ལྔ་ཟེར་བའི་འདུལ་ཁྲིམས་བཟོས་ནས། འཁོར་བཞི་ལ་ཆོས་གསུངས་པ་རེད། དེ་ནི་དགེ་འདུན་འཁོར་ལོའི་༼དབྱིན་གྱི་༽གླེང་གཞི་ཡང་རེད། རུང་བ་མ་ཡིན་པའི་གཞི་ལྔ་བོ་དེའི་ནང་ན་འོ་མ་འཐུང་མི་རུང་བ། ཤ་ཟ་མི་རུང་བ་སོགས་ཡོད་པ་རེད་༼དོ།༽དེ་ལྷ་བྱིན་གྱིས་བཟོས་པའི་འདུལ་ཁྲིམས་དེ་རེད། ལྷས་བྱིན་གྱིས་ཤ་ཟོས་པའི་ཆོས་བསྟན་ཟེར་ན་ནོར་བ་རེད།
ཕ་རོལ་གནད་དུ་འབིབས་པའི་ཚིག །
དགྲ་བོ་ལ་ཡང་སྨྲ་མི་བྱ། །
བྲག་ཆ་བཞིན་དུ་དེ་མ་ཐག །
ཅིག་ཅིག་མག་མག་ཅིག་གསུངས་ཡོད་དྲན།
བློ་གྲོས་རྒྱལ་པོའི་གཞོན་ནུའི་གདོང་རིས་བརྟག།
མེ་ཏོག་དཀར་པོའི་གཞོན་ནུའི་ལོ་གྲངས་རྟོགས།
འཁྱར་འཁྱོར་འགྲོ་བའི་བརྒྱད་བཅུའི་རྒན་པོ་དེ།
གཞོན་ནུའི་མིང་ལ་གབ་པའི་གསང་བ་ཤོར།
ལངྐར་གཤེགས་པའི་མདོ་ལས། ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ། རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །
ཞེས་དང་དེ་ཉིད་ལས། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་པ་ཅན། །འོ་དོད་འབོད་ལ་སོགས་པར་གཙོ། །
མདོ་མྱང་འདས་ཌྷལས། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་བཞིན་བསླབ་པའི་གཞི་བསྡམས་པའི་ཕྱིར་དེང་ངས་བོར་རོ། །
མཆན་༣༤པར་གཙང་ཁའི་བུའི་དྲིས་ལན་དུ་འབུལ་རྒྱུར། གུས་པས། ༼སྡིག་པ་ཆེ་ཆུང་མཉམ་པར་ཐུབ་པས་གསུངས༽ཞེས་པའི་ཁུངས་འཇམ་དཔལ་གྱི་ལྟ་འདོད་འདོར་བསྟན་པ་ལས། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །ཞེས་སོགས་གསུངས་ཡོད།
དབྱིག་གཉེན་གྱི་ལུང་དེའི་དོན་ནི་གསོད་དམ་གསོད་དུ་འཇུག་པ་དང་བཅས་པ་ཡིན་པ། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པའི་སྐབས་སུ་་ཤིན་ཏུ་གསལ། །
རྒྱའི་འདུལ་འཛིན་དག་ལ་རྩ་བ་ལྔའི་རྩི་སྲོལ་ཡོད་མེད་མ་ཤེས་ཀྱང་། དེ་རིགས་དོན་ལ་གནས་པ། འདུལ་བ་ལ་སྣང་། མདོར་སྡེ་དང་མཐུན་། མངོན་པའི་ཆོས་ཉིད་དང་མི་འགལ་བ་དེ་ལ་འདུལ་བ་ལས་རུང་མཐུན་གྱི་བསྡུ་བ་ཞེས་གསུངས་པ་ཡིན་པས་རང་བཟོ་ཞེས་བབ་ཅོལ་དུ་ཞུ་མི་རུང་།
སོར་བྱང་སྔགས་གསུམ་གྱི་བསྟན་དོན་དྲང་ངེས་སོགས་ད་དུང་དེ་ལས་གསལ་ཙམ་ཞིག་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་ཤའི་ཁ་ཟས་གནང་བཀག་གི་བསླབ་བྱ་ཞེས་པ་ཤིན་ཏུ་རྒྱས་པ་ཞིག་ཡོད་པར་གཟིགས་རོགས། ང་ལ་ད་ལྟ་དུས་ཚོད་ཀྱི་དཀའ་ངལ་འདུག
གཞོན་ནུ་ཟླ་མེད་ཀྱིས་༼བླ་མ་འབྲུག་པ་རིན་པོ་ཆེས། ༼ཁ་ཤས་ཀྱིས་ཤ་མ་ཟོས་ན་ན་ ཡི་འདུག་ཟེར་ཏེ། ངས་ང་རང་གི་མི་ཚེའི་ཉམས་མྱོང་གི་ནང་ལ་བྱས་ན་ན་གི་མ་རེད། ཐག་ཆོད་པ་ཡིན། ན་གི་རེད་ཟེར་བ་རྐྱག་རྫུན་རང་རེད།༽ འོན་ཀྱང་རྫ་ཚེ་རིང་བཀྲ་ཤིས་ཚང་གིས། ༼ནད་པ་རྣམས་ལ་སྨན་གྱི་རྫས་ཙམ་ལས། །གཞན་དུ་ནམ་ཡང་བཟའ་བར་མི་བྱ་ཞེས།།༽པ་གཉིས་འགལ་འདུག་གསུངས་ཀྱང་། སྨན་གྱི་རྫས་ཞེས་པ་ནི་འདུལ་བ་ལས་སྨན་བཞི་གསུངས་པའི་ཕྱི་མ་གསུམ་རེད།
འབྲུག་ཆེན་གྱིས་ཤ་མ་ཟོས་ན་ཡང་ན་གི་མ་རེད་ཅེས་པ་སྤྱིར་བཏང་གི་འཚོ་བའི་དབང་དུ་གསུངས་པ་རེད། དཔེར་ན་དངུལ་ཆུ་སྨན་གྱི་རྫས་སུ་ཁས་བླངས་པས་སྤྱིར་བཏང་དངུལ་ཆུ་མ་ཟོས་ན་གཟུགས་པོ་འཚོ་མི་ཐུབ་ཟེར་བ་འཇིག་རྟེན་ལ་མེད་པ་བཞིན་རེད།
གལ་ཏེ་འགལ་བ་ལྟར་སྣང་སྲིད་ན་ཡང་དེ་ནི་རྣམ་པའི་འགལ་བ་ཙམ་དུ་བརྗོད་རིགས་པ་ལས་ངོ་བོའི་འགལ་བ་ནི་དེ་བས་ཀྱང་མིན་པས་བརྗོད་པ་ལ་ཡིད་ཉེ་བར་འཇོག་པའང་བཏང་སྙོམས་སུ་མི་བྱའོ། །
དྲ་གྲོགས་རྫ་ཚེ་རིང་བཀྲ་ཤིས་ལགས། དངོས་གནས་རྩོམ་ཡག་པོ་བྲིས་འདུག་ ཁྱེད་ཀྱིས་བླ་མ་འབྲུག་ཆེན་པའི་ཡོན་ཏན་བརྗོད་པ་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ལོས་ཡོད། འབྲུག་ཆེན་རིན་པོ་ཆེ་ནི་འགྲོ་མགོན་གཙང་པ་རྒྱ་རས་སྐུ་ཕྲེང་ 13 པ་ཡིན་ན་ཁོང་གི་སྐུ་ཐོག་དང་པོ་དང་མི་འདྲ་བར་བྱུང་མགོ་རྡོག་ཅིག་བྱས་འདུག་པ་འདི་ངས་ནོར་བ་ཆེན་པོ་ཞིག་རེད་ཟེར་ནས་ཐག་བཅད་ནི་ཡིན། ཁྱེད་ལ་དགོངས་ཚུལ་ག་རེ་ཡོད།
ཆོས་གྲོགས་ལགས། འདི་ནི་ང་ལ་དགོས་པའི་ལན་རྣལ་མ་དེ་མ་རེད། འཇམ་དཔལ་གྱི་ལྟ་འདོད་འདོར་བསྟན་པ་ལས། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །ཞེས་རྫས་ཐོབ་པའི་དོན་དུ་སྲོག་གཅོད་པ་དང་། བཟའ་བའི་དོན་དུ་རིན་འཇལ་བ། ཞེས་དགོས་ཆེད་ཀྱི་སྒྲ་སྦྱར་འདུག་པས་ཤ་ཟ་མཁན་ལ་གསོད་པོ་དང་སྡིག་པ་ཆེ་ཆུང་མཉམ་པས་ཁྱབ་པ་ག་ལ་བསྒྲུབས་ཐུབ། འདི་ཡང་ཕ་རྒན་ཁྱོད་གཉིས་དང་འདྲ་བ་མཚོན་གཞི་ཙམ་ངེས་འཛིན་གནང་བ་རེད་དམ།
ལུང་འདི་ནི་དྲང་དོན་དགོངས་པ་ཅན་ཡིན་པ་ལས་ངེས་དོན་དུ་འགྲེལ་ག་ལ་རུང་། གལ་སྲིད་དེ་ལྟར་ཡིན་ན།གཡག་བཤས་ནས་ལོ་གསུམ་རྗེས་ཀྱི་ཤ་སྐམ་ཟ་མཁན་དེ་ཆོས་ཅན། གཡག་དེ་གསོད་པ་པོ་ཡིན་པ་ཐལ། འདོད་ན་གཡག་དེའི་སྲོག་དབང་འགག་པར་བྱེད་པར་ཐལ། འདོད་མི་ནུས་ཏེ། གཡག་གི་སྲོག་དབང་འགགས་ནས་ཡིན་རིང་སོང་ཟིན་བའི་ཕྱིར།
ཆོས་གྲོགས་ལགས། སྐུ་ཉིད་ཀྱིས་གསུངས་པ་བཞིན། ༼དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པའི་སྐབས་སུ་་ཤིན་ཏུ་གསལ། ༽ བ་ནི། སྲོག་བཅད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་གསོད་པའོ། །ཞེས་གསུངས་ཡོད། གཞུང་དེས་སྐུ་ཉིད་ཀྱི་འདོད་པར་བསལ་ཞིང་། ངའི་འདོད་པར་གསལ་བོར་གྱུར་མི་འདུག་གམ།
གཞུང་ཚིག་དེ་གཞུང་དོན་དང་མཐུན་པའི་ཚིག་འགྲེལ་ཞིག་སྐྱབས་འཇུག་གནང་རོགས་ཞུ།
ཆོས་གྲོགས་ལགས། སྐུ་ཉིད་ཀྱིས་༼རྒྱའི་འདུལ་འཛིན་དག་ལ་རྩ་ བ་ལྔའི་རྩི་སྲོལ་ཡོད་མེད་མ་ཤེས་ཀྱང་། དེ་རིགས་དོན་ལ་གནས་པ། འདུལ་བ་ལ་སྣང་། མདོར་སྡེ་དང་མཐུན་། མངོན་པའི་ཆོས་ཉིད་དང་མི་འགལ་བ་དེ་ལ་འདུལ་བ་ལས་རུང་མཐུན་གྱི་བསྡུ་བ་ཞེས་ གསུངས་པ་ཡིན་པས་རང་བཟོ་ཞེས་བབ་ཅོལ་དུ་ཞུ་མི་རུང་།༽ཞེས་གསུང་འདུག
སྐུ་ཉིད་ཀྱིས་གསུངས་སྟངས་ལ་བལྟས་ན་འདུལ་བ་རུང་མཐུན་སྦྱར་བ་ལ། འདུལ་བ་ལ་སྣང་། མདོར་སྡེ་དང་མཐུན། མངོན་པའི་ཆོས་ཉིད་དང་མི་འགལ་བ་ཞིག་དགོས་སམ།
དེ་ལ་ལན་ཞིག་གནང་རོགས།
རྒྱ་འདུལ་དུ་རྩ་བ་ལྔ་གསུངས་པ་དེ་འདུལ་བ་རུང་མཐུན་དང་སྦྱར་ན་སྦྱོར་ཚུལ་ཞིག་གསུང་རོགས།
གནས་སྐབས་དེ་ཙམ་ཡིན།
མཛད་འཔྲིན་ཡར་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།
འཇམ་དཔལ་རྣོན་པོ་ལགས། གང་ལ་གང་འདུལ་དེ་ལ་དེ་སྟོན་ཞེས་པ་འདི་སངས་རྒྱས་ཀྱི་བླ་ན་མེད་པའི་ཡོན་ཏན་ཞིག་རེད། དེ་ལ་འཇམ་དཔལ་རྣོན་པོས་ཐག་བཅད་པས་ཆོད་རྒྱུ་ཞིག་ཡོད་མ་རེད། ཐག་ཆོད་རྒྱུ་མེད་པའི་གཅོད་མཁན་མང་པོ་ཞིག་སྔོན་མ་ནས་ཡོད་རེད། ཁྱོད་རང་གི་རང་དབང་ལ་སུས་བཀག་འགོག་བྱེད་རྒྱུ་མ་རེད། ད་དུང་ཡང་ཐག་ག་ཚད་ཡོད་ནའང་གཅད་རོགས་གྱིས།
གཙང་ཁ་པས་སྤྲོ་བ་འཕེལ་བའི་འབེལ་གཏམ་ཞིག་གནང་བར་ང་ཡང་སྙིང་ནས་དགའ་བོ་བྱུང་།
༼༡འཇམ་དཔལ་དབྱངས་ལ་ཁོང་གིས་གཡག་གསོད་པ་པོ་ལོགས་སུ་ཡོད་པ་གཞིར་བཞག་གིས་དེ་དང་ཟ་བ་པོ་རྣམ་སྨིན་མཉམ་ཞེས་ཁོང་མཁྱེན་རབ་ཀྱི་བདག་པོ་ཡིན་པའི་འགན་འཁྲི་དང་སྤོབས་པའི་ཐོག་ནས་གསལ་སྟོན་གནང་བར་སྐུ་ཉིད་ཀྱིས་བསོད་པ་པོ་ཡིན་པར་ཐལ་ཞེས་འཕངས་པའི་ཐལ་བ་དེའིི་འགྲོ་སྟངས་གུས་པས་ཡག་པོ་ཞིག་མ་ཤེས་ཀྱང་། འཇམ་དཔལ་དབྱངས་ཀྱི་ལྟ་འདོད་སྔར་དྲངས་པའི་མཇུག་གི་རྐང་པ་བཅུ་དགུའི་རྗེས་སུ། གསོད་པ་པོ་ནི་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །
ཞེས་སྐུ་ཉིད་དེ་བས་ཧང་སང་དགོས་པ་ཞིག་དམ་བཅས་འདུག་ལགས།
༼༢
དམག་ལ་སོགས་པ་ནི་དམིགས་ཡུལ་གཅིག་གི་ཆེད་དམ་སྒྲུབ་བྱའི་ཀུན་སློང་དོན་གཅིག་ལ་དམིགས་པས་དགེ་དགེ་འདུན་སྤྱིའི་དགྲ་རུང་བཟུང་བ་ཞིག་གཅིག་གིས་བསད་ཀྱང་གཞན་གྱིས་བསད་པར་རྗེས་སུ་ཡི་རང་བྱས་ན་དགེ་སློང་ཀུན་གྱིས་སྡོམ་པ་གཏོང་བར་དངོས་སུ་བཞེད་ཡོད།
དེའི་རིགས་འགྲེའི་སྦྱར་ན་ཤ་ལ་ཡང་དེ་འདྲ་རེད། མ་གཞི་སྡིག་པ་ཡོད་མེད་དང་ཆེ་ཆུང་ཟེར་བ་དེ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་རྟ་རྔ་ཉག་མ་བརྒྱར་གཤགས་པའི་ཆ་ཤས་ལས་ཀྱང་ཞིབ་ཅིང་ཕྲ་བ་ཡིན་པར་གསུངས་ན།
དེ་རིང་གཡག་ཆེད་དུ་བཤས་ནས་ཤ་ཟོས་པ་དང་། ཤ་རྐམ་རྙིང་བ་ཞིག་སྒྲོ་བའི་མཐིལ་ནས་བརྙེད་པ་མུལ་བ་གཉིས་ལ་ཀུན་སློང་སོགས་ཀྱི་འཕེན་པ་ལས་བྱུང་བའི་སྡིག་པ་ཆེ་ཆུང་ཙམ་ནི་འོངས་ཆོག་སྟེ། ང་ཚོའི་ཕ་ཡུལ་ན་ཉིན་ཤ་ཁས་ལེན་བྱེད་པའི་ལུགས་སྲོལ་ཡོད་པ་བཞིན་རེད།
༼༣ མ་གཞི་ངའི་བཤད་སྟངས་ལ་ཞིབ་ཆ་མ་ཐོན་པ་ཡོད་པ་དངོས་ཡོད་རེད། སྤྱི་བཤད་ཙམ་གྱི་དབང་དུ་བྱས་པ་ལས་དངོས་རུང་མཐུན་སྦྱོར་བར་ཆོས་ལ་བརྟགས་པའི་མཐའ་གསུམ་རེ་རེ་ནས་དངོས་སུ་སྦྱོར་དགོས་པའི་གསལ་ཁ་མེད། འོན་ཀྱང་དོན་གྱིས་མ་འགལ་བ་ཞིག་ནི་ཡིན་རྒྱུ་རེད་སྙམ།
ད་ལྟ་ང་ཚོར་གྲགས་པའི་ལྟུང་རྐང་གི་གྲངས་འདི་ཡང་གཞི་ཐམས་ཅད་ཡོད་སྨྲའི་ལུགས་རེད། གཞན་ལ་ཕྱོགས་མང་པོ་མི་འདྲ་བ་ཡོད་ཅིང་། ཁྱད་པར་རྒྱ་ནག་གི་འདུལ་བ་ཡོད་སྨྲ་མིན་ཕྱིར་ཆ་རྒྱུས་མེད་ཀྱང་། གལ་ཏེ་ཁོང་དག་གིས་རུང་མཐུན་སྦྱར་བའི་དབང་དུ་བཏང་ན་བཅོམ་ལྡན་འདས་ཀྱིས་མིའི་སྲོག་གཅོད་པ་ཕམ་པ་རྣམས་ཀྱི་དང་པོར་གསུངས་པའི་ཤུགས་ཀྱིས་རྒྱ་ནག་ལྟ་བུ་སྲོག་ཆགས་འདྲ་མིན་གྱི་ཤ་ཟ་བའི་གོམས་གཤིས་སུ་བས་ཆེ་བའི་སྤྱི་ཚོགས་སུ་དེ་བས་ཀྱང་སྲོག་གཅོད་ཀྱི་ལས་དང་ཐད་ཀར་མ་འབྲེལ་བའི་ཤ་མེད་པ་དཔེར་ན་དེ་རིང་བསད་པའི་ཤ་སང་ཉིན་ཟ་དགོས་ན་རུལ་ནས་ཟ་མི་རུང་བར་འགྱུར་བ་ཤས་ཆེ་བ་ལྟ་བུ་ཡིན་པ་དང་། ཁྱད་པར་སེམས་ཙམ་པའི་ལུགས་སྲོལ་དར་རྒྱས་ཆེན་པོ་ཡིན་པ་དང་། ཐང་ཟན་ཙང་ཡང་སེམས་ཙམ་པའི་གྲུབ་མཐའ་བ་ཡིན་པ། སེམས་ཙམ་པའི་མདོ་དག་ལས་ཤ་དམིགས་ཀྱིས་བཀག་པ། ཉན་ཐོས་ནི་ཁྱིམ་སྤངས་པ་དོན་དུ་གཉེར་བ་གཙོ་བོར་བྱེད་པས་བུད་མེད་ལ་དགག་པ་གཙོ་བོར་བྱེད་པ་ལྟར། བྱང་སེམས་གཞན་ལ་འཚེ་བ་སྤོངས་བ་རྩ་དོན་གྱི་མཐིལ་དུ་འཛིན་པས་ཀྱང་དེ་ལྟར་གནང་བ་དེ་རིགས་ཞིང་འཐད་པ་ཞིག་དང་རུང་ཞིང་མཐུན་པ་ཞིག་ཡིན་རྒྱུ་རེད། མ་གཞི་སྐད་ཆ་འདི་ལུང་བཤད་ཅུང་ཟད་ཆགས་ཀྱི་འདུག
གང་ལྟར་རྒྱའི་བཙུན་པས་ཤ་ལ་དམིགས་བསལ་དམ་བསྒྲགས་གནང་བ་དངོས་ཡོད་རེད་ལ། དེ་ནི་རྒྱ་བརྒྱུད་ནང་བསྟན་གྱི་ལེགས་ཆ་ཆེ་ཤོས་ཀྱང་རེད་སྙམ།
བྱུང་།
༼༡འཇམ་དཔལ་དབྱངས་ལ་ཁོང་གིས་གཡག་གསོད་པ་པོ་ལོགས་སུ་ཡོད་པ་གཞིར་བཞག་གིས་དེ་དང་ཟ་བ་པོ་རྣམ་སྨིན་མཉམ་ཞེས་ཁོང་མཁྱེན་རབ་ཀྱི་བདག་པོ་ཡིན་པའི་འགན་འཁྲི་དང་སྤོབས་པའི་ཐོག་༽ཞེས་པ། འཇམ་དཔལ་དབྱངས་ཀྱིས་གཡག་གསོད་པ་པོ་ལོགས་སུ་་་་་་་་་་་ཞེས་སོགས་སུ་བཅོས་རོགས།
འཇམ་དཔལ་རྣོན་པོ་ལགས་བགྲོ་གླེང་ར་བར་ཕེབས་པར་དགའ་བསུ་ཞུ། སྐུ་ཉིད་ཀྱི་དགོས་སོགས་ཆོས་བཞིའི་གནས་སྟངས་ག་འདྲ་འདུག གསང་བའི་དྲི་བ་ཡིན་་ཧཧཧཧཧཧཧ
ཁོ་རེ་ཚེ་རིང་བཀྲ་ཤིས་ལགས། ངའི་དགོས་སོགས་ཆོས་བཞི་དཀའ་ལས་ཁག་པོ་དང་འཁྲུག་ཆ་དོད་པོ་ཞེ་དྲག་རེད།
སྐུ་ཉིད་ཀྱིས་ད་རེས་སློབ་སྦྱོང་བྱེད་པའི་གོ་སྐབས་དམ་འཛིན་གནང་རོགས། ཁ་བརྡ་དྲ་ཐོག་ལ་ཡོང་ནས་དུས་ཚོད་འཕྲོ་བརླག་མ་གཏོངས་རོགས། དུས་ཚོད་རྩ་ཆེན་དེ་རྩིས་འཕྲུལ་འདིས་འཕྲོ་བརླག་གཏོང་གི་འདུག ངས་ཁྱེད་གཞེན་བསྐུལ་ཙམ་ཞུས་པ་ཡིན་པས་དགོངས་འགལ་མེད་པར་ཞུ།
ཤ་བཀག་མཁན་རྒྱ་རྒྱུད་ནང་བསྟན་ཆོས་ལུགས་ཙམ་མིན་པ་ཐེག་དམན་གྱི་ཆོས་མང་ཤོས་ཀྱིས་དེ་ལྟར་བཀག་ཡོད། དེ་ནི་རྒྱ་རྒྱུད་ཀྱི་མཐུན་མོང་མ་ཡིན་པ་འདོད་ན་བདེན་པ་མ་རེད། མི་བདེན་སྙམ་ན་ཐེག་དམན་གྱི་གཞུང་ལ་ལྟོས་དང་གསལ་ཆ་ཡོང་ངེས་རེད།
ཤ་མི་ཟ་ཐུབ་ན་མ་ཟས་ན་བཟང་བ་བློ་ལྡན་ཀུན་གྱིས་ཤེས་གསལ་རེད། དེ་ལ་སྟོན་གསུངས་དགོས་དོན་མི་འདུག འོན་ཀྱང་ཤ་མ་ཟས་ན་སྐྱེས་དངོས་ཆ་སྙོམས་ལ་འགོག་རྐྱེན་ཐེབས་པ་མ་ཟད་མི་མང་པོ་ཞིག་བཀྲེས་ལྟོགས་ཀྱི་ཡུལ་དུ་གྱུར་བ་སྨོས་མེད་རེད། ཤ་ཟ་རྒྱུ་མང་དྲགས་ན་སྐྱེས་དངོས་ཆ་སྙོམས་ལ་འགོག་རྐྱེན་དེ་ལྟར་ཐེབས་པས་ལུང་ཙམ་མིན་པ་རིག་པ་ཡོད་རྒྱུ་གལ་ཆེན་དུ་མཐོང་། རིག་པ་ནི་སྐྱེས་སྦྱོང་གི་ཤེས་རབ་ལ་རྟེན་པས་ཤེས་རབ་མེད་ན་མ་ནོར་བའི་ལམ་ཁ་ཞིག་རྙེད་པ་དཀའ་སྟེ། རྒྱུ་མཚན་ནི། ཇི་སྐད་དུ།
གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
སྲིད་པའི་རྩ་བ་གཅོད་པ་མི་ནུས་བས།།
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། ཚིག་ཇི་བཞིན་ཡིན་མིན་མི་ཤེས་མོད་དོན་དེ་ལྟར་ཡིན། དེ་ནི་སྤྱི་བཤད་ཡིན། སྒེར་ངོས་ན་ཤ་མི་ཟ་མཁན་ལ་དགའ་བསུ་ཡོད། འོན་ཀྱང་དེ་རིན་ཐང་དུ་རྩིས་ནས་ངོམ་སོ་བྱས་ཚེ་དགའ་བསུ་ཞུ་མི་ཐུབ། རྒྱུ་མཚན་ནི། དགེ་བྱས་ན་རང་དགེ་དང་།། སྡིག་པ་བྱས་ན་རང་སྡིག་རེད།། དེ་ནི་སུ་ཡིས་འཁྱེར་མི་འགྱུར།། རང་དགེ་རང་ལ་དབང་བས་ཡིན།། འོན་ཀྱང་མིག་དཔེ་བྱེད་འོས་བའི།། བཙུན་པའི་ལམ་སྟོན་བྱ་ན་མོས།།
དྲྭ་གྲོགས་ཨ་ནུ་ཐང་ལགས།
དགེ་བ་སྤྱི་མཐུན་དང་།
སྡིག་པ་སྒོས་ཁུར་ཟེར་བ་ཞིག་ཀྱང་ངས་ཐོས་བྱུང།
ཕལ་ཆེར་གཅིག་པ་ཡིན་ས་རེད།
ཧཧཧཧཧ་གྲོགས་པོར་ཀུ་རེ་ཞུས་པ་ཡིན།
ཆོས་གྲོགས་ལགས།( ཅིག་བྱེད་ན་པུ་གུ་ལྔ་ཡི་བདག་པོ་ཕ་རྒན་ཞིག་གིས་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་སློང་ཞིག་ལ་ཆོས་གྲོགས་ལབ་དུས་ཅུང་མ་གུས་པ་འགྱུར་མི་ཡོང་ངམ་སྙམ་པའི་པའི་བློ་དོགས་ཤིག་ཀྱང་སྐྱེས་ཀྱི། འོན་ཀྱང་དགོངས་འགལ་མེད་པར་ཞུ།)
༼༡འཇམ་དཔལ་དབྱངས་ཀྱིས་གཡག་གསོད་པ་པོ་ལོགས་སུ་ཡོད་པ་གཞིར་བཞག་གིས་དེ་དང་ཟ་བ་པོ་རྣམ་སྨིན་མཉམ་ ཞེས་ཁོང་མཁྱེན་རབ་ཀྱི་བདག་པོ་ཡིན་པའི་འགན་འཁྲི་དང་སྤོབས་པའི་ཐོག་ནས་གསལ་ སྟོན་གནང་བར་སྐུ་ཉིད་ཀྱིས་བསོད་པ་པོ་ཡིན་པར་ཐལ་ཞེས་འཕངས་པའི་ཐལ་བ་དེའིི་ འགྲོ་སྟངས་གུས་པས་ཡག་པོ་ཞིག་མ་ཤེས་༽ཞེས་གསུངས་འདུག སྤྱིར་བཏང་བཤད་ན། ཚིག་འདིའི་སྡེབ་སྦྱོར་སོགས་ཧ་ཅང་ཞན་པས་གོ་བ་རྣལ་མ་ཞིག་ལེན་པར་དཀའ་ངལ་འདུག གོ་ཚད་ལྟར་ན།
ཐལ་བའི་དོན་ནི་གསོད་པོ་དང་ཟ་པོ་གཉིས་རྣམ་སྨིན་ཆེ་ཆུང་མཉམ་པར་གཏང་བ་ཞིག་མ་རེད། དེ་ནི་སྐུ་ཉིད་ཀྱིས་༼འཇམ་དཔལ་གྱི་ལྟ་འདོད་འདོར་བསྟན་པ་ལས། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པོ་སྟེ། །༽ཞེས་པའི་ལུང་ངེས་དོན་དུ་འདོད་པ་ལ། ངས་གནོད་བྱེད་ཀྱི་རིགས་པ་དེ་བཏང་བ་ཞིག་ཡིན།
གལ་སྲིད་སྐུ་ཉིད་ཀྱིས་གསོད་པོ་དང་ཟ་པོ་རྣམ་སྨིན་མཉམ་ཞེས་དམ་བཅས་ཀྱང་ནང་འགལ་ཏེ། སྐུ་ཉིད་ཀྱིས་དྲངས་པའི་༼འཇམ་དཔལ་དབྱངས་ཀྱི་ལྟ་འདོད་སྔར་དྲངས་པའི་མཇུག་གི་རྐང་པ་བཅུ་དགུའི་རྗེས་སུ། གསོད་པ་པོ་ནི་ནོར་ལ་སྲེད། །ཟ་བ་པོ་ནི་ཟས་ཀྱི་དོན། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །༽ཞེས་པའི་ལུང་འདིས་གསོད་པོ་དང་ཟ་པོ་རྣམ་སྨིན་མི་མཉམ་པ་གཅིག་ལ་བསྐལ་བ་འབུམ་དུ་འཚེད་པ་དང་། ཅིག་ཤས་ལ་བསྐལ་བ་བྱེ་བར་འཚེད་ཚུལ་དངོས་སུ་མ་བསྟན་ནམ། བསྐལ་བ་འབུམ་དང་བྱེ་བ་ལ་རྣམ་རྨིན་མྱོང་བ་གཉིས་གང་འདྲ་བྱེད་ནས་མཉམ་ཞེས་བརྗོད་ཐུབ།
ལུང་དེས་ང་ཧང་མ་སང་བ་༼སྐུ་ཉིད་དེ་བས་ཧང་སང་དགོས་པ་ཞིག་དམ་བཅས་འདུག་ལགས།༽སམ།
ཡང་ཉིད་ཀྱིས་༼དམག་ལ་སོགས་པ་ནི་དམིགས་ ཡུལ་གཅིག་གི་ཆེད་དམ་སྒྲུབ་བྱའི་ཀུན་སློང་དོན་གཅིག་ལ་དམིགས་པས་དགེ་དགེ་འདུན་ སྤྱིའི་དགྲ་རུང་བཟུང་བ་ཞིག་གཅིག་གིས་བསད་ཀྱང་གཞན་གྱིས་བསད་པར་རྗེས་སུ་ཡི་ རང་བྱས་ན་དགེ་སློང་ཀུན་གྱིས་སྡོམ་པ་གཏོང་བར་དངོས་སུ་བཞེད་ཡོད།༽ཅེས་གསུང་པ་འདི་ནི་འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་བཏང་ཚུལ་ལས་མ་འདས་ཀྱང་ངས་ཡང་བསྐྱར་དྲི་བ་གཏང་མི་འདོད། གལ་སྲིད་དུས་ཚོད་འདྲ་བྱུང་ན་ངའི་གོང་གི་རྩོམ་ཡིག་དེ་ཡག་པོ་ཞིག་བཀླགས་ནས་གསུང་ལན་ཡོད་གལ་ཆེ།
དོན་གནད་ཆེ་བ་ཞིག་ལ་གཞན་གྱི་བསད་པ་ལ་དགེ་སློང་གཞན་གྱིས་རྗེས་སུ་ཡི་རངས་བྱེད་ན་སྡོམ་པ་བཏང་བར་གསུང་འདུག གསུང་འདི་དངོས་གནས་ཡིན་ནམ། མཛུབ་རྩེའི་གཡོ་འགུལ་འཁྲུགས་པ་རེད། འདི་ལའང་ཡང་སྐྱར་ཐུགས་གཞིས་རེ་གནང་ནས་ལན་ཞིག་གནང་རོགས་ཞུ། ད་དུང་མང་ཡང་རྗེས་སུ་རིམ་འགོད་བྱ་ཆོག་པར་ཞུ།
དེའི་རིགས་འགྲེའི་སྦྱར་ན་ ཤ་ལ་ཡང་དེ་འདྲ་རེད། མ་གཞི་སྡིག་པ་ཡོད་མེད་དང་ཆེ་ཆུང་ཟེར་བ་དེ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་རྟ་རྔ་ ཉག་མ་བརྒྱར་གཤགས་པའི་ཆ་ཤས་ལས་ཀྱང་ཞིབ་ཅིང་ཕྲ་བ་ཡིན་པར་གསུངས་ན།
བཅོས་རོགས་ཞུ། གཤམ་གྱི་ཚིག་ཐམས་ཅད་ལྷག་པོ་རེད།
༼དེའི་རིགས་འགྲེའི་སྦྱར་ན་ ཤ་ལ་ཡང་དེ་འདྲ་རེད། མ་གཞི་སྡིག་པ་ཡོད་མེད་དང་ཆེ་ཆུང་ཟེར་བ་དེ་ལས་རྒྱུ་འབྲས་ཀྱི་རྣམ་བཞག་རྟ་རྔ་ ཉག་མ་བརྒྱར་གཤགས་པའི་ཆ་ཤས་ལས་ཀྱང་ཞིབ་ཅིང་ཕྲ་བ་ཡིན་པར་གསུངས་ན།༽
སྤྱིར་ཤ་མ་བཟས་ན་ཤིན་ཏུ་ལེགས་སྙམ།། རྒྱུ་མཚན་ནི། སེམས་ཅན་གཞན་གྱི་སྲོག་བཅོད་པ་ཡིན་པས། ནང་པའི་སྤྱོད་པ། ཚེ་བ་མི་བྱེད་པ་ཟེར་བ་དང་འགལ་བ་རེད་བསམ། ལུས་པོར་ཕན་གནོད་ཀྱི་སྐད་ཆ་ཐག་ཆོད་པ་བཤད་རྒྱུ་ཞིག་ནི། ཁག་པོ་རེད། གང་ཡིན་ཞུས་ན། སེམས་ཅན་གྱི་ཁམས་དང་མོས་པ་མི་ཅིག་གསུང་བ་བཞིན། སོ་སོའི་ལུས་ཁམས་དང་མཐུན་མ་མཐུན་གྱི་གནས་ཚུལ་ཡོད་སྲིད་པས། གནོད་གི་མིན་འདུག་སྐྱག་རྫུན་རེད་གསུང་བ་ནི་བདེན་མ་ཡིན་དྲན། རང་ཉིད་ཀྱིས་འབྲུག་ཆེན་རིན་པི་ཆེ་ཟེར་བའི་མཚན་ཐོས་པ་ཙམ་ལས། མཇལ་མྱོང་མེདལ། ལོ་རྒྱུས་སོགས་གང་ཡང་གོ་མྱོང་མེད། ཡིན་ནའང་གུས་ཞབས་དང་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན།། རང་ཉིད་ཡང་ཤ་མང་པོ་བཟའ་གི་མེད། དམིགས་ཤ་ནི་དེ་བས་ཀྱང་བཟའ་གི་མེད།། སེམས་ཅན་གྱི་ཚེ་སྲོག་ལ་བཅེས་འབྲས་བྱེད་མཁན་ཞིག་ཡིན།། མཁས་པ་རྣམས་ཀྱིས་མཆན་མང་དག་ཞིག་ཀློག་པའི་རྗེས། རང་ཉིད་ནས་ཀྱང་བསམ་ཚུལ་ཞིག་ཞུ་འདོད་བྱུང་བ་མ་ཏོག བླ་མ་སྐྱེས་བུ་དམ་པ་རྣམས་ལ་དད་གུས་མེད་པའི་བུ་ཞིག་མིན་ཞུ།།
སྔོན་ཆད་གོ་མ་མྱོང་བའི་སྐྱབས་དགོན་ སྔོན་ཆད་མཐོང་མ་མྱོང་བའི་དབུ་ཞ་ཱ
མཐའ་ཁོབ་་ཡུལ་ལ་ཕེབས་ན་བླ་མ་འདྲ་ ལྷ་སའི་གྲོང་ལ་ཕེབས་ན་ཨབ་ཆོར་ཟེར།
༧རྒྱལ་དབང་་འབྲུག་པ་མཆོག་ནི་འཛམ་གླིང་ནང་རྒྱལ་ཁབ་བརྒྱ་དང་དགུ་བཅུ་ལྷག་ནས་གཟིགས་གསོལ་གནང་འདུག་བས་ཁྱོད་རང་བོད་པ་ཞིག་ནས་གོ་མ་མྱོངས་བ་ནི་ཞབས་འདྲེན་རེད།
མདོ་ལས་ཤེས་རབ་ཕར་ཕྱིན་དང་། །སྔགས་སུ་ཕྱག་རྒྱ་ཆེ་ལ་སོགས། །མཚན་གྱི་རྣམས་གྲངས་མཐའ་ཡས་ཤིང་། །འཕགས་བོད་མཁས་དང་གྲུབ་པ་ཡིས། །ཁྲིད་ཀྱི་སྲོལ་ཡང་དུ་མ་མཛད། །
མཚན་གྱི་རྣམ་གྲངས་གཞན་གང་ཡོད་དང་། ཁྲིད་ཀྱི་སྲོལ་ཡང་དུ་མ་ཡོད་ན་གང་དང་གང་ལ་ངོས་འཛིན་དགོས་སམ།
རང་ལུགས་མཉམ་མེད་སྒམ་པོ་པས། །ཏིང་རྒྱལ་མདོ་ཡིས་དགོངས་དོན་ལྟར། །ཕྱག་རྒྱ་ཆེན་པོའི་བསྒོམ་རིམ་ཕོག །འཁོ་ལོ་ཐ་མའི་ལྟ་ཁྲིད་ལགས། །དེ་ཡང་མངའ་བདག་མཻ་ཏྲི་པས། །རྒྱུད་བླའི་ལུང་ལས་བརྟེན་ནས་ནི། །མདའ་བསྣུན་ཡབ་སྲས་མན་ངག་བཞིན། །མདོ་སྔགས་རྟོག་པ་བསྲེས་པའི་ཁྲིད། །
ཏིང་ངེ་འཛིན་གྱི་མདོ་བཞིན་དུ་གཏན་ལ་ཕབ་པའི་གཞུང་གང་ཡིན། མཻ་ཏྲི་པས་རྒྱུད་བླའི་ལུང་ལ་བརྟེན་ནས་བཀྲལ་བའི་གཞུང་གང་ལ་ངོས་འཛིན་དགོས། མདའ་བསྣུན་ཡབ་སྲས་གཉིས་ཀྱི་མཚན་གང་དང་གང་ཞུ།
།འཚོ་བྱེད་ཟླ་བ་གཞོན་ནུ་ཡིས། །ཨ་ཏི་ཤ་ཡི་ལམ་རིམ་གྱིས། །ཕྱག་ཆེན་ཁྲིད་ཀྱི་ཟུར་བརྒྱན་མཛད། །བཀའ་ཕྱག་ཆུ་བོ་གཅིག་ཏུ་འདྲེས། །
ཨ་ཏི་ཤའི་ལམ་རིམ་གྱིས་ཕྱག་ཆེན་ཁྲིད་ལ་ཟུར་བརྒྱན་ཚུལ་ཇི་ལྟར་ཡིན།
།ཕྱག་རྒྱ་ཆེན་པོའི་གཟུགས་འཆང་པ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱ་འོ། །
ཡང་དག་གསལ་བ་ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས།
།རྟོག་གེ་པ་རྣམས་རྒྱ་ནག་གི། །ཧ་ཤང་སྒོམ་དང་འདྲ་ཞེས་སྨྲ། །
རྟོག་གེ་པ་དེ་ལྟར་འགོག་པ་པོ་སུ་དང་སུ་ལ་དངོས་འཛིན་དགོས།
།མཻ་ཏྲའི་ཕྱག་རྒྱ་ཆེན་པོ་དང་། །དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར་དང་། །ཚལ་པའི་དཀར་པོ་ཆིག་ཐུབ་དང་། །ཕག་གྲུའི་རླུང་སེམས་གཉིས་མེད་དང་། །རང་བྱུང་རྒྱལ་བ་ཀརྨ་པའི། །སྐུ་གསུམ་ངོ་སྤྲོད་བྱ་བ་དང་། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོགས། །གནད་ཀྱི་དོན་རྣམས་འདིར་གཅིག་ཉིད། །
མེ་ཏྲའི་ཕྱག་རྒྱ་ཆེན་པོ་བསྟན་པའི་གཞུང་གང་ཡིན་དང་། དེ་བཞིན་དུ་མཁས་པ་གཞན་རྣམས་དག་གི་ལུགས་སྟོན་པའི་གཞུང་གི་མཚན་ཇི་ལྟར་ཡིན།
ཁ་ཅིག་དབང་བསྐུར་གཉིས་མེད་ལས། །བྱུང་དེ་སྔགས་ཀྱི་ཕྱག་ཆེན་ཡིན། །དེ་མེད་འདིར་དེ་མིན་ནོ་ལོ། །
དེ་ལྟར་དགག་པ་གནང་མཁན་དེ་སུ་ཡིན་དང་། དགག་པ་ཇི་ལྟར་བརྗོད་ཡོད།
།གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང་། དབུ་མ་ཙམ་ཞིག་རྟོགས་ཞེས་གསུངས། །དེར་ཡང་དཔྱད་པ་མ་སོང་བས། །མ་དེས་ལ་སོགས་སྐྱོན་བརྗོད་མཛད། །སྔགས་ཀྱི་ཕྱག་ཆེན་སྤྲོས་བྲལ་གྱི། །ཆ་ནས་དབུ་མར་མི་མཐུན་མེད། །དེ་རྟོགས་པ་ཡིས་དེ་སྐྱོན་ཅི། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་ཙམ་ཞེས་གསུངས་ལྟར། །
དབུ་མ་ཙམ་ཞིག་རྟོགས་ཞེས་གསུངས་མཁན་སུ་ཡིན། མ་དེས་ལ་སོགས་སྐྱོན་བརྗོད་མཛད།། མ་དེས་སུ་ཡིན་དང་དེའི་གཞུང་གང་དུ་སྐྱོན་ཇི་ལྟར་བརྗོད་ཡོད། དབུ་མ་འབྲིང་ཙམ་ཞེས་གསུང་མཁན་སུ་ཡིན་དང་གསུང་དགོས་པའི་རྒྱུ་མཚན་གང་ཡིན།
གཞན་ལུགས་ལྟ་ཅི་རང་ལུགས་ལ་འང་། །དཔྱད་སྒོམ་ཙམ་ཞིག་མི་བཞེད་མིན། །ཕྱག་རྒྱ་ཆེན་པོ་འགོག་པ་མཚར། །ད་དུང་དེ་འདྲ་མང་མཆིས་ཀྱང་། །ཐུག་མེད་ངག་ལ་ཟད་པ་མེད། །
དེ་འདྲ་མང་མཆིས་ཀྱང་ཞེས་པ་ག་ཚོད་ངོས་འཛིན་ཐུབ་བམ། འདི་ལ་གྲངས་ངེས་བཟུང་ཡོད་དམ།
།དྭགས་པོའི་རྣལ་འབྱོར་བཞི་རིམ་དང་། །སྦྱར་བའི་ས་ལམ་རྣམ་གཞག་ཀྱང་། །རིན་འབྱུང་ཞི་བའི་ཤེར་ཕྱིན་གྱི། །མན་ངག་ལ་སོགས་དང་མཐུན་མཛད། །ཉམས་དང་རྟོགས་པའི་རིམ་པ་ཡིས། །དབྱེ་ཞེས་རང་བྱུང་ཀུན་མཁྱེན་གསུངས། །
མཉམ་མེད་དྭགས་པོ་པས་དེ་ལྟར་གསུངས་པའི་གཞུང་གང་ཡིན་དང་། རིན་འབྱུང་ཞི་བས་གང་དུ་གསུངས་ཡོད།
འོན་ཀྱང་གནས་སྐབས་དགོས་དབང་གིས། །དྭགས་བརྒྱུད་ཕྱག་ཆེན་ལ་སོགས་པ། །སྡོམ་གསུམ་རབ་དབྱེར་དགག་པ་མཛད། །རང་བཞེད་བདག་མེད་སྟོད་འགྲེལ་ལགས། །
ཕྱག་རྒྱ་ཆེན་པོ་ལ་དགོས་དབང་གིས་དགག་པ་ཇི་ལྟར་གནང་ཡོད། རང་བཞེད་བདག་མེད་བསྟོད་འགྲེལ་ལགས། །ཞེས་པའི་དོན་གང་ཡིན།
སྲས་བཅས་རྒྱལ་བའི་དགོངས་པ་ལ། །འཇམ་པའི་དབྱངས་དངོས་ས་སྐྱ་པས། །དོན་གྱིས་རྒལ་བ་མི་སྲིད་ཀྱང་། །བློ་ཆུང་ཁ་ཅིག་ཚིག་རྗེས་འབྲང་། །བློ་ངན་དེ་ལྟའི་རྒྱུན་བཟློག་ཕྱིར། །དཔྱད་པ་ཅུང་ཙམ་ཞུས་མོད་ཀྱི། །རྗེ་བཙུན་ས་སྐྱ་པ་ཆེན་པོར། །སྙིང་ནས་མི་དད་དཔྱོད་ལྡན་སུ། །
དཔྱད་པ་ཅུང་ཙམ་ཞུས་མོད་ཀྱི། །ཞེས་གསུངས་པ་ལྟར་དཔྱད་པ་ཞུ་མཁན་སུ་ཡིན་དང་གཞུང་གང་ནས་དཔྱད་པ་ཞུས་ཡོད།
།དེ་ནི་བདག་གི་རང་བཟོ་མིན། །ཀུན་མཁྱེན་དྷརྨཱ་ཀ་ར་སོགས། །ཚད་ལྡན་མཁས་དང་གྲུབ་པའི་གཞུང་། །དད་བློའི་དཔལ་དུ་འབབ་པ་དག །གཞན་ལ་ཕན་ཕྱིར་འབད་པས་བཀོད། །
ཀུན་མཁྱེན་དྷརྨཱ་ཀ་ར་སུ་ཡིན་དང་། སོགས་ཞེས་པ་མཁས་པ་གཞན་སུ་དང་སུ་ལ་ངོས་འཛིན་དགོས།
མཛའ་མཐུན་གྱི་གྲོགས་པo/ ln Zig Zu/
དགོངས་འགལ་མེད་པ་ཞུ།
གཤམ་གྱི་དྲི་བ་ཁག་ལ་གསལ་བཤད་ཅིག་གནང་རོགས།
མདོ་ལས་ཤེས་རབ་ཕར་ཕྱིན་དང་། །སྔགས་སུ་ཕྱག་རྒྱ་ཆེ་ལ་སོགས། །མཚན་གྱི་རྣམས་གྲངས་མཐའ་ཡས་ཤིང་། །འཕགས་བོད་མཁས་དང་གྲུབ་པ་ཡིས། །ཁྲིད་ཀྱི་སྲོལ་ཡང་དུ་མ་མཛད། །
མཚན་གྱི་རྣམ་གྲངས་གཞན་གང་ཡོད་དང་། ཁྲིད་ཀྱི་སྲོལ་ཡང་དུ་མ་ཡོད་ན་གང་དང་གང་ལ་ངོས་འཛིན་དགོས་སམ།
རང་ལུགས་མཉམ་མེད་སྒམ་པོ་པས། །ཏིང་རྒྱལ་མདོ་ཡིས་དགོངས་དོན་ལྟར། །ཕྱག་རྒྱ་ཆེན་པོའི་བསྒོམ་རིམ་ཕོག །འཁོ་ལོ་ཐ་མའི་ལྟ་ཁྲིད་ལགས། །དེ་ཡང་མངའ་བདག་མཻ་ཏྲི་པས། །རྒྱུད་བླའི་ལུང་ལས་བརྟེན་ནས་ནི། །མདའ་བསྣུན་ཡབ་སྲས་མན་ངག་བཞིན། །མདོ་སྔགས་རྟོག་པ་བསྲེས་པའི་ཁྲིད། །
ཏིང་ངེ་འཛིན་གྱི་མདོ་བཞིན་དུ་གཏན་ལ་ཕབ་པའི་གཞུང་གང་ཡིན། མཻ་ཏྲི་པས་རྒྱུད་བླའི་ལུང་ལ་བརྟེན་ནས་བཀྲལ་བའི་གཞུང་གང་ལ་ངོས་འཛིན་དགོས། མདའ་བསྣུན་ཡབ་སྲས་གཉིས་ཀྱི་མཚན་གང་དང་གང་ཞུ།
།འཚོ་བྱེད་ཟླ་བ་གཞོན་ནུ་ཡིས། །ཨ་ཏི་ཤ་ཡི་ལམ་རིམ་གྱིས། །ཕྱག་ཆེན་ཁྲིད་ཀྱི་ཟུར་བརྒྱན་མཛད། །བཀའ་ཕྱག་ཆུ་བོ་གཅིག་ཏུ་འདྲེས། །
ཨ་ཏི་ཤའི་ལམ་རིམ་གྱིས་ཕྱག་ཆེན་ཁྲིད་ལ་ཟུར་བརྒྱན་ཚུལ་ཇི་ལྟར་ཡིན།
།ཕྱག་རྒྱ་ཆེན་པོའི་གཟུགས་འཆང་པ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱ་འོ། །
ཡང་དག་གསལ་བ་ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས།
།རྟོག་གེ་པ་རྣམས་རྒྱ་ནག་གི། །ཧ་ཤང་སྒོམ་དང་འདྲ་ཞེས་སྨྲ། །
རྟོག་གེ་པ་དེ་ལྟར་འགོག་པ་པོ་སུ་དང་སུ་ལ་དངོས་འཛིན་དགོས།
།མཻ་ཏྲའི་ཕྱག་རྒྱ་ཆེན་པོ་དང་། །དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར་དང་། །ཚལ་པའི་དཀར་པོ་ཆིག་ཐུབ་དང་། །ཕག་གྲུའི་རླུང་སེམས་གཉིས་མེད་དང་། །རང་བྱུང་རྒྱལ་བ་ཀརྨ་པའི། །སྐུ་གསུམ་ངོ་སྤྲོད་བྱ་བ་དང་། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོགས། །གནད་ཀྱི་དོན་རྣམས་འདིར་གཅིག་ཉིད། །
མེ་ཏྲའི་ཕྱག་རྒྱ་ཆེན་པོ་བསྟན་པའི་གཞུང་གང་ཡིན་དང་། དེ་བཞིན་དུ་མཁས་པ་གཞན་རྣམས་དག་གི་ལུགས་སྟོན་པའི་གཞུང་གི་མཚན་ཇི་ལྟར་ཡིན།
ཁ་ཅིག་དབང་བསྐུར་གཉིས་མེད་ལས། །བྱུང་དེ་སྔགས་ཀྱི་ཕྱག་ཆེན་ཡིན། །དེ་མེད་འདིར་དེ་མིན་ནོ་ལོ། །
དེ་ལྟར་དགག་པ་གནང་མཁན་དེ་སུ་ཡིན་དང་། དགག་པ་ཇི་ལྟར་བརྗོད་ཡོད།
།གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང་། དབུ་མ་ཙམ་ཞིག་རྟོགས་ཞེས་གསུངས། །དེར་ཡང་དཔྱད་པ་མ་སོང་བས། །མ་དེས་ལ་སོགས་སྐྱོན་བརྗོད་མཛད། །སྔགས་ཀྱི་ཕྱག་ཆེན་སྤྲོས་བྲལ་གྱི། །ཆ་ནས་དབུ་མར་མི་མཐུན་མེད། །དེ་རྟོགས་པ་ཡིས་དེ་སྐྱོན་ཅི། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་ཙམ་ཞེས་གསུངས་ལྟར། །
དབུ་མ་ཙམ་ཞིག་རྟོགས་ཞེས་གསུངས་མཁན་སུ་ཡིན། མ་དེས་ལ་སོགས་སྐྱོན་བརྗོད་མཛད།། མ་དེས་སུ་ཡིན་དང་དེའི་གཞུང་གང་དུ་སྐྱོན་ཇི་ལྟར་བརྗོད་ཡོད། དབུ་མ་འབྲིང་ཙམ་ཞེས་གསུང་མཁན་སུ་ཡིན་དང་གསུང་དགོས་པའི་རྒྱུ་མཚན་གང་ཡིན།
གཞན་ལུགས་ལྟ་ཅི་རང་ལུགས་ལ་འང་། །དཔྱད་སྒོམ་ཙམ་ཞིག་མི་བཞེད་མིན། །ཕྱག་རྒྱ་ཆེན་པོ་འགོག་པ་མཚར། །ད་དུང་དེ་འདྲ་མང་མཆིས་ཀྱང་། །ཐུག་མེད་ངག་ལ་ཟད་པ་མེད། །
དེ་འདྲ་མང་མཆིས་ཀྱང་ཞེས་པ་ག་ཚོད་ངོས་འཛིན་ཐུབ་བམ། འདི་ལ་གྲངས་ངེས་བཟུང་ཡོད་དམ།
།དྭགས་པོའི་རྣལ་འབྱོར་བཞི་རིམ་དང་། །སྦྱར་བའི་ས་ལམ་རྣམ་གཞག་ཀྱང་། །རིན་འབྱུང་ཞི་བའི་ཤེར་ཕྱིན་གྱི། །མན་ངག་ལ་སོགས་དང་མཐུན་མཛད། །ཉམས་དང་རྟོགས་པའི་རིམ་པ་ཡིས། །དབྱེ་ཞེས་རང་བྱུང་ཀུན་མཁྱེན་གསུངས། །
མཉམ་མེད་དྭགས་པོ་པས་དེ་ལྟར་གསུངས་པའི་གཞུང་གང་ཡིན་དང་། རིན་འབྱུང་ཞི་བས་གང་དུ་གསུངས་ཡོད།
འོན་ཀྱང་གནས་སྐབས་དགོས་དབང་གིས། །དྭགས་བརྒྱུད་ཕྱག་ཆེན་ལ་སོགས་པ། །སྡོམ་གསུམ་རབ་དབྱེར་དགག་པ་མཛད། །རང་བཞེད་བདག་མེད་སྟོད་འགྲེལ་ལགས། །
ཕྱག་རྒྱ་ཆེན་པོ་ལ་དགོས་དབང་གིས་དགག་པ་ཇི་ལྟར་གནང་ཡོད། རང་བཞེད་བདག་མེད་བསྟོད་འགྲེལ་ལགས། །ཞེས་པའི་དོན་གང་ཡིན།
སྲས་བཅས་རྒྱལ་བའི་དགོངས་པ་ལ། །འཇམ་པའི་དབྱངས་དངོས་ས་སྐྱ་པས། །དོན་གྱིས་རྒལ་བ་མི་སྲིད་ཀྱང་། །བློ་ཆུང་ཁ་ཅིག་ཚིག་རྗེས་འབྲང་། །བློ་ངན་དེ་ལྟའི་རྒྱུན་བཟློག་ཕྱིར། །དཔྱད་པ་ཅུང་ཙམ་ཞུས་མོད་ཀྱི། །རྗེ་བཙུན་ས་སྐྱ་པ་ཆེན་པོར། །སྙིང་ནས་མི་དད་དཔྱོད་ལྡན་སུ། །
དཔྱད་པ་ཅུང་ཙམ་ཞུས་མོད་ཀྱི། །ཞེས་གསུངས་པ་ལྟར་དཔྱད་པ་ཞུ་མཁན་སུ་ཡིན་དང་གཞུང་གང་ནས་དཔྱད་པ་ཞུས་ཡོད།
།དེ་ནི་བདག་གི་རང་བཟོ་མིན། །ཀུན་མཁྱེན་དྷརྨཱ་ཀ་ར་སོགས། །ཚད་ལྡན་མཁས་དང་གྲུབ་པའི་གཞུང་། །དད་བློའི་དཔལ་དུ་འབབ་པ་དག །གཞན་ལ་ཕན་ཕྱིར་འབད་པས་བཀོད། །
ཀུན་མཁྱེན་དྷརྨཱ་ཀ་ར་སུ་ཡིན་དང་། སོགས་ཞེས་པ་མཁས་པ་གཞན་སུ་དང་སུ་ལ་ངོས་འཛིན་དགོས།
༢༠༡༠ ལོའི་ཟླ་༡༠ པའི་ཚེས་༡༩ རེས་གཟའ་མིག་དམར་ཉིན་རྒྱལ་དབང་འབྲུག་པའི་དྲ་རྒྱ་ལས་ལས་སྤེལ་དོན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡན་ལག་ཆེ་གྲས་དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་དབུ་འཛིན་རྒྱལ་དབང་འབྲུག་པ་སྤྲུལ་སྐུའི་བྱེས་ཀྱི་གདན་ས་འབྲུག་གསང་སྔགས་ཆོས་གླིང་གི་འདུས་མང་དང་ཡུ་རོབ་ཀྱི་ཁོང་གི་སློབ་རྒྱུད་ཚོས་རིན་པོ་ཆེའི་སྐུ་ཚེ་བརྟན་ཆེད་དུ་གསོལ་མཆོད་སྨོན་ལམ་རྒྱ་ཆེན་བསགས་སྒྲུབ་གནང་ཞིང་རྟེན་འབྲེལ་བཟང་པོི་མཚོན་པའི་བཞུགས་ཁྲི་དང་ཆིབས་འཁོར་སྤུས་ལེགས་སོགས་འབུལ་ཚན་ཡང་བསྟར་འདུག སྐབས་དེར་རྒྱལ་དབང་འབྲུག་ཆེན་གྱིས་གསུངས་འཕྲིན་གནང་བའི་ནང་དོན་འགའ་ཞིག་གཤམ་འདིར་བཀོད་ཡོད།
“ཁྱེད་རྣམ་པས་ངའི་ཚེ་ལ་བར་ཆད་མེད་པའི་ཕྱིར་དུ་དགེ་ཚོགས་རྒྱ་ཆེན་བསྒྲུབས་ཤིང་སྨོན་ལམ་བཏབ་པ་བཞིན་ངས་ཀྱང་དུས་འདིར་འཚོ་ཞིང་གཞེས་པའི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་པའི་ཕྱིར་དུ་སྨོན་ལམ་འདེབས་ཀྱིན་ཡོད། ཁྱེད་རྣམ་པ་ལ་ལས་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་དང་འཕྲད་པ་ཆེས་ཤིན་དུ་དཀའ་བ་མ་ཤེས་མཁན་ཡང་ཡོད་སྲིད། ཡང་དག་པའི་དགེ་བའི་བཤེས་གཉེན་ནི་ལམ་སྟོན་པའི་འོད་སྣང་ལྟ་བུ་ཞིག་རེད། དགེ་བའི་བཤེས་གཉེན་གྱི་དགོངས་འདུན་ནི་འགྲོ་བ་ཐམས་ཅད་ལ་ཐར་པ་ཆེན་པོའི་ལམ་སྟོན་རྒྱུ་དེ་རེད། ཡང་དག་པའི་དགེ་བའི་བཤེས་གཉེན་རྙེད་པ་དང་རྙེད་ནས་དེའི་རྗེས་སུ་འབྲངས་བའི་དགའ་བདེ་དེ་ནི་བརྡ་དང་རྣམ་འགྱུར་གྱིས་མཚོན་དཀའ་བ་ཞིག་ཀྱང་རེད། མི་མང་པོའི་སེམས་ལ་དུས་ངན་སྙིགས་མའི་དུས་འདིར་དགེ་རྒན་དྲང་པོ་ཞིག་དང་ཡང་འཕྲད་པར་དཀའ་ན་ཡང་དག་པའི་དགེ་བའི་བཤེས་གཉེན་ཞིག་འཕྲད་པར་ག་ལ་ནུས་སྙམ་མཁན་ཡོད་པའི་དུས་འདི་ལྟ་བུར་ཡང་ང་རང་གི་ལས་འཕྲོ་བཟང་པོའི་མཐུ་ལས་ཡང་དག་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་དང་འཕྲད་ཐུབ་པ་བྱུང་སོང་།
སྐབས་འདིར་ཁྱེད་རྣམ་པས་ཞབས་བརྟན་དགེ་ཚོགས་ཆེན་པོ་ཞིག་ངའི་ཆེད་དུ་བསྒྲུབས་པ་ཡིན་ན་ཡང་ངས་ཁྱད་པར་དུ་ཞབས་བརྟན་དགེ་ཚོགས་འདི་དག་ཐམས་ཅད་ཀྱང་ང་རང་གི་གུས་ཤིང་བརྩེ་བའི་དགེ་བའི་བཤེས་གཉེན་དེ་ལ་འབུལ་རྒྱུ་ཡིན། ངས་རྒྱུན་དུ་ཁྱེད་ཚོར་བཤད་ཀྱིན་ཡོད་པ་བཞིན་ངའི་རྩ་བའི་བླ་མ་དེའི་ནི་མཚན་ཙམ་ཡང་ཆེས་ཡུལ་གཉན་པའི་མཆོག་ཏུ་གྱུར་པ་ཡིན་སྟབས་མཚན་དེ་ཉིད་ཐད་ཀར་བརྗོད་པའམ་འབྲི་བ་ཙམ་ལ་ཡང་མ་གུས་པའི་རྣམ་འགྱུར་ལྟ་བུར་མཐོང་གིན་ཡོད། ཐེངས་རེ་ཟུང་རེར་དགོས་པའི་ཆེད་དུ་མཚན་ནས་སྨྲོས་ན་དེ་ཙམ་གྱིས་ཉེས་པར་འགྱུར་བར་མ་མཐོང་། གང་ཡིན་ཞེ་ན། ངས་རང་གི་རྩ་བའི་བླ་མའི་མཚན་ལ་བརྟེན་ནས་རང་ཉིད་ཡར་འགྱོག་འདོད་དང་རང་ཉིད་ཀྱི་ལས་གཞི་ཁྱབ་སྤེལ་སོགས་ཀྱི་ཀུན་སློང་མེད་པས་སོ༎ སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་༧གོང་ས་རྒྱལ་བའི་དབང་པོ་མཆོག་ནི་གུས་བརྩེ་གཞལ་དུ་མེད་པའི་ངའི་རྩ་བའི་བླ་མ་ཞིག་ཡིན། ངས་རྒྱུན་དུ་ཁོང་གི་སྐོར་མང་པོ་གླེང་གིན་མེད། གང་ཡིན་ཞེ་ན་ཁོང་གི་མཚན་སྙན་དང་མཛད་འཕྲིན་ནི་བློས་གཞལ་བར་མི་ནུས་པ་ཞིག་ཡིན་སྟབས་ངས་མ་ཤེས་བཞིན་དུ་ཁོང་གི་མཚན་ནས་སྨྲོས་པ་དང་ཁོང་ནི་ངའི་གུས་ཤིང་བརྩེ་བའི་རྩ་བའི་བླ་མ་ཡིན་ཚུལ་བསྒྲགས་ནས་རང་ཉིད་ཡར་འགྱོག་པའི་ལས་སུ་འགྱུར་བའི་ཉེན་ཁ་ཆེ་བས་སོ༎ངེད་གཉིས་བར་གྱི་བླ་སློབ་ཡབ་སྲས་ཀྱི་འབྲེལ་བ་དེ་ནི་རྙེད་པ་དང་། མཚན་གནས་དང་། ཆབ་སྲིད་དང་གཏན་ནས་མ་འབྲེལ་བར་དུས་རྟག་ཏུ་ཡང་དག་པ་དམ་པའི་ཆོས་ཕྱོགས་ཀྱི་འབྲེལ་བ་ཆེས་དྭངས་ཤིང་གཙང་བ་ཞིག་ཡིན། དེ་ལྟ་བུའི་འབྲེལ་བ་གཙང་ཞིང་གཉེན་པ་དེ་ནི་ང་རང་ཉིད་ཀྱི་ཕུང་པོ་དུར་ཁྲོད་དུ་སྐྱེལ་བའི་ཉིན་མོ་བར་དུ་ཉར་བའི་སེམས་ཐག་གཙང་མར་ཆོད་ཡོད། ང་རང་ཉིད་ཀྱི་ཚེ་འདི་ཙམ་མ་ཡིན་པར་སྐྱེ་བ་ཚེ་རབས་ཀྱི་ཕྲེང་བ་མང་པོར་ཁོང་གི་བརྩེ་བ་དང་སྙིང་རྗེ་ཆེན་པོས་བསྐྱངས་བའི་བཀའ་དྲིན་དེ་ནི་བཤད་མི་ནུས་པའི་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་རེད། ང་ཚོས་རང་ཉིད་དང་རང་གི་རྩ་བའི་བླ་མའི་བར་གྱི་འབྲེལ་བ་དེའི་རིན་ཐང་ལ་བལྟས་ན་དེ་ནི་རིན་ཐང་གཞལ་ཐབས་བྲལ་བའི་རིན་པོ་ཆེའི་གཏེར་མཛོད་ལྟ་བུ་ཞིག་ཡིན་སྟབས་དུས་ནམ་ཡང་འདོར་འདོད་མེད་པ་ཞིག་རེད། དེ་ལྟ་བུའི་འབྲེལ་བ་དེ་དུས་རྟག་ཏུ་ཆོམ་རྐུན་གྱིས་མི་འཁྱེར་བ་དང་། སྐྱོན་གྱིས་མི་བསླད་པ་དང་། བོར་སྟོར་མི་འགྲོ་བའི་ཆེད་དུ་སྙིང་གི་གཏིང་དུ་ཉར་དགོས་པ་རེད། ཁོང་དགུང་ལོ་མཐོན་པོར་ཕེབས་པ་རེད། ངས་ཡང་ནས་ཡང་དུ་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེན་དུ་སྨོན་ལམ་འདེབས་བཞིན་ཡོད། ཁོང་བོད་འབངས་གཙོས་པའི་ཞིང་འདིའི་འགྲོ་བ་ཡོངས་ཀྱི་ཆེད་དུ་དགུང་ལོ་བརྒྱ་ལས་མང་བ་བཞུགས་པའི་ཐུགས་འདུན་ཞལ་བཞེས་ཡོད་པ་དེ་ནི་རང་རེའི་སྐལ་བ་བཟང་པོའི་བསོད་ནམས་ཤིག་རེད། ཁོང་གི་ཐུགས་བཞེད་ལ་བར་ཆད་མེད་པའི་ཕྱིར་དུ་ང་ཚོ་ཚང་མས་འགྲོ་བ་ཡོངས་ཀྱི་ཚབ་བྱས་ནས་སྨོན་ལམ་འདེབས་དགོས་པ་རེད། ”
གོང་འཁོད་གསུང་འཕྲིན་དུམ་བུ་འདི་བོད་ཡིག་ཏུ་འབྲི་འགོད་བྱས་པར་ཆོག་མཆན་ཞུ་བ་སོགས་བྱས་མེད། དེ་བཞིན་དུ་ནང་དོན་གཙོ་གནད་ཕྱོགས་འདོན་ཙམ་ལས་ཚིག་རེ་རེ་བཞིན་འགོད་སྤེལ་གྱི་ངལ་བ་བརྟེན་མེད་པས་ནོར་འཁྲུལ་ཡོད་ན་སྙིང་ནས་བཟོད་གསོལ་ཞུ། གསུང་འཕྲིན་ཆ་ཚང་གཟིགས་འདོད་མཁན་ཚོས་www.gyalwangdrukpa.orgཞེས་པའི་དྲ་བ་ལས་ཀློག་རོགས།
གོང་གི་འབྲུག་ཆེན་གྱི་གསུང་འཕྲིན་འདི་སྤོབས་པའི་ཟིན་བྲིས་ལས་བླངས།
hi
ངའི་ཀམ་པུ་ཀྲར་ལ་གཟའ་རྒྱབ་འདུག
གོ་མ་མྱོང་བའི་སྐྱབས་དགོན་དེས།་་ མཐོང་མ་མྱོང་བའི་དབུ་ཞཱ་བཞེས།
ཡུལ་མཐའ་ཁོབ་ལ་ཕེབས་ན་བླ་མ་འདྲ།
རྫ་ཚེ་རིང་བཀྲ་ཤིས་ཟེར་བ་འདིས་འབྲུག་པའི་ལོ་རྒྱུས་ཤེས་ཀྱིན་མི་འདུག ཧ ཧ
རང་པད་མ་གེ་སར་དཀར་པོ་དེ་ཡིན་ནམ་ཡང་ན་་་་་་་་་་་་་་་་་་