བེ་རི་འཇིགས་མེད།
རྩེད་ ཐང་ནི་བོད་ཀྱི་རྒྱལ་ས་གྲོང་ཁྱེར་ལྷ་ས་དང་ཁད་ཉེ་བ་སྣེ་གདོང་རྫོང་གི་དབུས་ ཁུལ་ཡར་ཀླུང་གཙང་པོའི་ལྷོ་ངོས་ན་ཡོད་ཅིང་ལྷོ་ཁ་ས་ཁུལ་གྱི་ལྟེ་གནས་གྲོང་ ཁྱེར་ཞིག་ཀྱང་ཡིན་པས། དགྲ་བོས་སྔ་ས་ནས་ལྷོ་ཁུལ་རྫོང་ཁག་བཅུ་གསུམ་གྱི་ནང་ནས་གལ་ཆེ་ས་གནས་ཤིག་ཏུ་ ངེས་འཛིན་བྱས་ནས་རྡོ་རྗེའི་ཁང་པ་སོགས་ཁང་ཁྱིམ་འགའ་ཞིག་གི་ནང་དུ་དམག་དོན་ལས་ ཁང་བཙུགས་ཡོད་པ་རེད། དེ་ནི་ཕྱོགས་གཅིག་ནས་ལྷོ་ཁའི་ཁུལ་གྱི་མི་དམངས་གྱེན་ལང་བྱུང་ན་འབུར་འཇོམས་ བྱེད་མཁན་དང༌། གཉིས་ན་ཕྱི་རྒྱལ་ཁག་གིས་བོད་དུ་དྲག་པོའི་རོགས་རམ་བྱེད་རྒྱུའི་དོགས་འཆར་ སྔོན་འགོག་གི་ཆེད་དང༌། གསུམ་ན་གལ་སྲིད་བོད་ཀྱི་སྲིད་གཞུང་འཛིན་མཁན་མི་སྣ་ཆེ་ཁག་ཚོས་ལྷ་སའི་ཁུལ་དུ་ རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དང༌། རང་ས་བརྒལ་ནས་བལ་ཡུལ་དང་རྒྱ་གར་སོགས་སུ་འགྲོ་བསྐྱོད་བྱེད་པའི་དོན་སྐྱོན་ བྱུང་ཚེ་ཐེམ་པ་དང༌། སྒོ་གླེགས་བཞིན་ཡིན་པས། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྩེད་ཐང་དམག་སྒར་འདི་ཉིད་གལ་ཆེར་འཛིན་ཏེ་ཉིན་ མཚན་ཁྱད་མེད་ཀྱིས་མོ་ཊ་ནང་མདའ་རྫས་སོགས་དབོན་འདྲེན་གྱིས་དམག་སའི་ཆ་རྐྱེན་ གང་ལེགས་གྲ་སྒྲིག་ཨང་གསར་བྱས་དང༌། བྱེད་བཞིན་པ་དེར། རྒྱལ་སྲུང་བཙན་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་གྱི་བསྟན་སྲུང་དྭངས་བླངས་དམག་ མིས་དོ་སྣང་མི་བྱེད་ཀ་མེད་ཆགས་ཡོད་པ་རེད།
དོ་ སྣང་དང་དོགས་ཟོན་དེ་ལྟར་བྱེད་བཞིན་པའི་སྐབས་དེར་སྤྱི་འདོམས་དམག་སྤྱི་ཨ་ འབྲུག་མགོན་པོ་བཀྲ་ཤིས་ཀྱིས་ཤངས་ཁུལ་ནས་བང་ཆེན་ཆེད་བཏང་གིས་བཀའ་ཡིག་ཕྱག་ བྲིས་ཤིག་འབྱོར་བྱུང་བ་དེའི་ནང༌།
ང་ ཚོས་སྔོན་འགྲོའི་འཆར་གཞི་ལྟར་ཤངས་དགའ་ལྡན་ཆོས་འཁོར་གླིང་ནས་གོ་ལག་མདའ་རྫས་ ཇི་ཡོད་ཆ་ཚང་རྩིས་ལེན་བྱས་ཟིན་པས་རིང་མིན་ལྷོ་ཁའི་ཕྱོགས་སུ་ཕྱིར་ལོག་བྱ་ རྩིས་ཡིན། དེ་གའི་དམག་སྒར་ལྟེ་བའི་ནང་ཡོད་པའི་གཙོ་འཛིན་དང་དམག་སྤྱི་ཚོས་སྒྲིག་འཛུགས་ དང་འཆར་གཞི་ལྡན་པའི་རྩ་འཛུགས་བྱས་ཏེ་དགྲ་བོའི་རྟེན་གཞི་བྱས་པའི་རྩེད་ཐང་ དམག་སྒར་རྩ་གཏོར་གཏོང་དགོས། ཞེས་འཁོད་ཡོད་པ་རེད། མ་གཞི་བཀའ་དེ་མ་འབྱོར་བའི་སྔོན་ནས་ ༡༩༥༨ ཟླ་བ ༡༠ ཚེས ༢ ཉིན་དམག་འཁྲུག་ཐེངས་གཅིག་བྱས་ཚུལ། ལྷོ་ཁའི་ཁུལ་དུ་བསྟན་སྲུང་དྭངས་བླང་དམག་གིས་བོད་སྐྱོབ་རྒྱ་རྒོལ་གྱི་དམག་ འཐབ་ལོ་རྒྱུས་ཕྱོགས་སྡོམ་ཙམ་བཀོད་པ།
བོད་ལྗོངས་ལྷོ་ཁ་རྩོམ་སྒྲིག་པུའུ་ཡིས་བསྒྲིགས་པའི་རྩེད་ཐང་སྲུང་སྐྱོབ་དམག་འཐབ་ཉིན་བདུན་ཅུ་དོན་བཞི། ཞེས་པའི་ཆེད་རྩོམ་དེའི་ནང༌།
ཁོ་ པ་ཚོས་ཕྱོགས་གཅིག་ནས་ངོ་ཚ་ཁྲེལ་མེད་ཀྱིས་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་པའི་ མིང་བྱང་འཁྱེར་ནས་བོད་རང་བཙན་ཡིན་ཞེས་སྐད་ཅོར་རྒྱག་པ་དང༌། ཕྱོགས་གཞན་ཞིག་ནས་ངོ་ལོག་ཟིང་འཁྲུག་གི་དྲག་པོའི་གཙོ་ཤུགས་སྐོང་འཐེན་བྱས་ཏེ་ ལྷོ་ཁར་ཡོད་པའི་རང་རེའི་ལས་ཁུངས་དང༌། དམག་དཔུང༌། རླངས་འཁོར་རུ་ཁག་བཅས་ལ་ཚུར་རྒོལ་དང༌། བསྐོར་བརྡུང༌། འཇབ་རྒོལ་བཅས་བྱས་ཡོད། དེ་ཡང་ཐོག་མར་ ༡༩༥༨ ལོའི་ཟླ་ ༡༠ ཚེས་ ༢ ཉིན་བར་ལྷོ་ཁ་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང༌། ས་སྲུང་དམག་ཡན་ལག་རུ་ཁག་ལ་འཇབ་རྒོལ་བྱས། ཞེས་འཁོད་འདུག་ཀྱང༌། དམག་འཐབ་ཇི་ལྟར་བྱས་ཚུལ་གསལ་འཁོད་མི་འདུག་པས་ཞིབ་འབྲི་བྱེད་ཐབས་མ་བྱུང༌།
གོང་ གསལ་ཨ་འབྲུག་ཚང་གི་གནས་འཕྲིན་དེ་ས་ཁྱི་སྤྱི་ལོ་ ༡༩༥༨ ཟླ་བ་ ༡༠ ཚེས ༡༢ ལ་འབྱོར་བ་དང༌། དམག་སྒར་ལྟེ་བའི་འགོ་འཛིན་ཚང་འཛོམ་ཐོག འདི་ཡོད་དམག་དཔུང་ཁག་ནས་ཤངས་དགའ་ཆོས་སུ་སོང་བའི་ཨ་འབྲུག་སྦྱིན་བདག་གི་དཔུང་ སྡེ་དམག་སྒར་ཨ་མ་བསུ་བར་འགྲོ་དགོས་པས་དེར་འགྲོ་མཁན་དང༌། དེ་ནས་དགྲ་བོར་འཐབ་འཁྲུག་ཇི་ལྟར་བྱ་རྒྱུའི་སྐོར་སོགས་ལྷ་ལ་ཞུས་པས། ལྷས། བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མས་སྣེ་འཁྲིད་ནས་དཔུང་འཇུག་དང་དྲག་པོའི་དམག་ འཐབ་བྱེད་ན། རྩེད་ཐང་རྒྱ་སྒར་ལ་ཕམ་ཉེས་གཏང་ཐུབ་པའི་ལུང་བསྟན་གནང་བ་ལྟར། བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མས་སྣེ་འཁྲིད་པའི་བྲག་གཡབ་རུ་ཤོག་སོགས་དམག་མི་ ཉིས་བརྒྱ་ལྷག་ཤར་བསྐྱོད་ཀྱིས་ལྕང་ལོ་ཅན་གཞིས་ཀར་དམག་སྒར་རྒྱབ། བོད་ཟླ་༡༠ པའི་ཚེས ༡༤ དང་ ༡༧ ལ་གྲ་སྒྲིག་དེ་ཙམ་མ་བྱས་པར་རྩེད་ཐང་རྒྱ་དམག་ལ་མཐོང་ཆུང་ལྟ་བུས་ཕར་རྒོལ་གྱི་ དམག་འཐབ་ཐེངས་གཉིས་བྱས་ཀྱང༌། ད་སྔོན་རུ་ཤོག་དེའི་ཁུལ་གྱི་རང་དམག་རྣམས་དམག་ཁང་ནང་དུ་སྡོད་པའི་རྒྱ་དམག་ལ་ འཐབ་འཛིང་བྱེད་རྒྱུའི་ཉམས་མྱོང་མེད་པ་དང༌། གཉིས་ན་སྔོན་འགྲོའི་དམག་ཇུས་བཀོད་འདོམ་གྱི་འཆར་གཞི་བརྟན་ལྷིངས་མེད་པར་ད་ཕན་ རི་ཐང་ཀླུང་གསུམ་དུ་དམག་འཐབ་བྱེད་སྟངས་དེ་ཁོ་ནའི་སྣང་བ་ཤར་ནས་དཔུང་འཇུག་ བྱས་པ། གསུམ་ན་རང་དམག་ལ་མེ་མདའ་རིང་ཐུང་རང་ག་བ་དང་སྐེད་གྲི་སོགས་ལས་གཞན་ལག་འབོམ་ དང་མེ་སྒྱོགས་སོགས་དགྲ་ཁང་གཏོར་བྱེད་ཀྱི་ཆ་རྐྱེན་མེད་པ་བཅས་ལ་བརྟེན་ནས། དགྲ་ཕྱོགས་ལ་ཕམ་ཉེས་འཁེལ་བའི་རྒྱལ་ཁའི་གྲུབ་འབྲས་དེ་ཙམ་མ་བྱུང་ཡང༌། སྟབས་ལེགས་པ་ཞིག་ལ་དགྲ་བོའི་སོ་ཁུང་ཐད་དུ་ལུས་སྲོག་འབེན་དུ་བཙུགས་ཏེ་སྔ་ ཕྱིར་ཐེངས་གཉིས་རྒྱུགས་པའི་རང་ཕྱོགས་དམག་མིའི་ཁྲོད་ནས་སུ་ཡང་བསད་རྨས་བྱུང་ མེད། གོང་གསལ་དམག་འཐབ་དེར་རང་ཤོག་ལ་དམག་འཐབ་གཡུལ་འགྱེད་ཆེ་ཆུང་ཇི་འདྲ་ཞིག་བྱེད་ དགོས་ནའང༌། དམག་ཇུས་བཀོད་འདོམ་དང་དགྲ་ཕྱོགས་ཀྱི་གནས་བབ་ཚོད་བགམ་དགོས་པའི་བསླབ་བྱའི་ དམར་འཁྲིད་དང་ཉམས་མྱོང་གསར་པ་ཞིག་ཐོབ་པ་ཡིན་ལ། རྩེད་ཐང་རྒྱ་དམག་ཚོར་ཡང་ད་སྔོན་བོད་དམག་ལ་མཐོང་ཆུང་འཛིན་པའི་ལྟ་བ་དེ་ཡོངས་ སུ་དོར་ནས་ཁམས་རིགས་དཔའ་བོའི་གླེན་འཛིངས་དང་སྙིང་སྟོབས་ལ་འཐབ་རྒོལ་དང་བྲོས་ ལམ། དེ་བཞིན་གབ་ཁུངས་སོགས་ད་ཕན་འཆར་གཞི་ནང་མེད་པའི་དམག་ཇུས་གསར་པ་མང་པོ་ཞིག་ གཏན་འབེབས་བྱེད་རྒྱུའི་གོ་རྟོགས་སད་པ་ཡང་བྱུང་ནས། རྩེད་ཐང་རྒྱ་དམག་ཚོས་དེ་ནས་བཟུང་སྡོད་ཁང་འོག་ནས་ས་དོང་བྲུས་པ་དང༌། ས་འོག་ནས་ཆུ་བཏོན་པ། མདའ་རྫས་དང་ཟ་ཆས་སོགས་ས་འོག་སྦས་གསང་བྱེད་པ། ས་འོག་ནས་ཁང་པ་ཕན་ཚུན་ནང་འགྲོ་བསྐྱོད་ཆོག་པ་བཅས་ཀྱི་ལས་འགུལ་སྤེལ་བ་རྗེས་ སུ་ཤེས་གསལ་བྱུང༌།
དེའི་ སྐོར་ཆུ་སྒང་མ་ཡིག་ཏུ། སྤྱི་འདོམས་མགོན་བཀྲ་མཆོག་གི་ཕྱག་བྲིས་ཤིག་འབྱོར་བའི་ནང་ང་ཚོས་ཤངས་དགའ་ཆོས་ ནས་གོ་ལག་རྫས་མདེལ་ཇི་ཡོད་བླངས་ཟིན་པས་རིང་མིན་ལྷོ་ཁར་ཕྱིར་ལོག་བྱ་རྩིས་ ཡོད་ཚུལ་དང༌། དེ་གའི་དམག་སྒར་འགོ་དམག་ཧྲག་སྒྲུག་གིས་སྔ་འཕྲོས་རྩེད་ཐང་ཁུལ་ཡོད་བསྟན་དགྲ་ རྒྱ་དམག་རྣམས་རྩ་མེད་བཟོ་དགོས་ཞེས་གསལ་འདུག་པར། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང་ཨ་མདོ་སྦྱིན་པ་རྒྱ་མཚོ་སོགས་དེར་ཡོད་གཙོ་འཛིན་ དང་དམག་སྤྱི་རྣམས་འདུས་ཏེ་རྩེད་ཐང་ལེན་ཕྱོགས་སྐོར་གྲོས་བསྡུར་མཛད་མཐར་ལྷ་ལ་ ཞུས་ཏེ་ལྷས་ལུང་ལྟར་ཞུ་རྒྱུར་གྲོས་འགྲིགས། དེ་ནས་སྤྱན་འདྲེན་བཏང་སྟེ་ལྷར་ཞུས་པས། བཀའ་ལུང་དུ་བྲག་གཡབ་ཨ་ཕྲུག་བླ་མར་རྩེད་ཐང་ལེན་པའི་ལས་དང་སྐལ་བ་ཡོད་ཅེས་ ཕེབས། འགོ་ཁྲིད་ཚོས་ཨ་ཕྲུག་བླ་མར་ལྷས་ལུང་ལྟར་རྩེད་ཐང་དུ་བྱོན་དགོས་ཚུལ་བརྗོད་པར། ང་ཚོ་རུ་ཤོག་ཆུང་ཆུང་ཞིག་ལ་དམག་སྒར་འགོ་འཛིན་ཚོས་ཐུབ་ཚོད་དང་བརྙས་བཅོས་བྱས་ བྱུང་བས་ཨ་འབྲུག་སྦྱིན་བདག་མ་ཕེབས་པར་འདི་མུར་སྡོད་པ་ལས་མི་འགྲོ་ཟེར། འགོ་ཁྲིད་ཚོས་ཡང་བསྐྱར་ཨུ་ཚུགས་ཀྱིས་ལབ་པས་མཐར་ཁས་ལེན་ཙམ་བྱུང་ནས། དམག་མི་གོ་ཧྲག་ཉིས་བརྒྱ་སྐོར་དང་བཅས་རྩེད་ཐང་དུ་བཏང༌། ལམ་འཁེལ་ལྕང་ཅན་གཞིས་སུ་དམག་སྒར་བཏབ་སྟེ་རྩེད་ཐང་དུ་འཇབ་རྒོལ་ཐེངས་གཉིས་ཙམ་ བྱས་ཀྱང་ཕན་ནུས་དེ་ཙམ་མ་ཐོན། ཅེས་བཀོད་ཡོད་པ་རེད།
ས་ཡ་དྲུག་གི་ཕ་མེས་ཡང་མེས་ཀྱི།།
མིའུ་གདུང་དྲུག་ཐོག་མར་བྱུང་བའི་ཞིང༌།།
རྩེད་ཐང་རྒྱ་དང་གཡུལ་འགྱེད་དང་པོའི་གཏམ།།
ཆུ་སྒང་དཔའ་བོས་བཞག་པའི་མཛད་རྗེས་ཟབ།།
ཆུ་སྒངངམ་བསྟན་སྲུང་དྭང་བླངས་ལ་བྱུང་ཚུལ་གཉིས། དང་པོ་ནི་ཨ་་འབྲུག་ཚང་གི་དབུ་འཁྲིད་པའི་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་དུ་དགྲ་བོར་དམག་འཐབ་བྱས་ཡོད། གཉིས་པ་ནི། བལ་ཡུལ་གློ་བོའི་ཁུལ་འཇབ་དམག་ལོ་ཤས་རྒྱབ་ཡོད། ཡིན་ནའང་ཕྱིས་སུ་གློ་སྒྲིག་འཛུགས་ཞེས་མིང་བསྒྱུར་་བྱས་ཡོད། དེ་ཚོའི་བོད་ནས་བྲོས་ཡོང་མཁན་ལ་འཕྲོག་བཅོམ་བྱས་པའི་ལོ་རྒྱུས་དང་བཙན་གཡེམ་བྱས་པ་སོགས་བྱུང་ཡོད། གང་ལྟར་མཛད་རྗེས་དང་མཛད་ངན་གཉིས་ག་བཞག་ཡོད། གོང་དུ་ལྷའི་ལུང་བསྟན་ཞེས་པ་དེ་དོལ་རྒྱལ་ཡིན་ནམ། གང་ལྟར་དམག་མི་མང་ཆེ་བ་དགེ་ལུགས་པའི་གདན་ས་ཁག་དངདགེ་ལུགས་པའི་་དགོན་པ་ཁག་གི་གྲྭ་ལོགས་རེད། དེ་འདྲ་ཡིན་ཙང་སྐབས་དེ་དུས་དོལ་རྒྱལ་བསྟེན་མཁན་མང་པོ་ཡོད་རེད། ང་རང་སྐྱེས་ས་སྤོག་ར་ནས་ཡིན་པས་དེ་ཚོའི་ལོ་རྒྱུས་ངག་ཐོག་ནས་མང་པོ་རྒན་པའི་བརྒྱུད་ནས་གོ་མྱུང་ཡོད།