ཤིས་ཚང་ལྗང་སྨྱུག་གིས།
————
སྐུ་ཞབས་རྡོ་གྲགས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་བརྙན་འཕྲིན་ཟློས་གར་༼ཁ་སང་གི་གཏམ་རྒྱུད་༽ལ་བལྟས་རྗེས།
ཚན་རྩལ་འཕྲུལ་རིག་དར་བའི་བརྒྱུད་རིམ་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོ་ཟང་ཟིང་འདུ་ལོང་ཅན་དུ་བསྒྱུར་ཡོད་ལ། དུས་ཀྱི་འགྱུར་བ་དང་ཕྱིའི་ཟང་ཟིང་དེའི་སྒུལ་ཤུགས་གཡོ་སྐྱོམ་གྱིས་འུ་ཚོའི་བོད་མི་རིགས་ཀྱི་འཚོ་བ་ལའང་ཕྱོགས་ཡོངས་ནས་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་མིག་སྔའི་འགྱུར་ལྡོག་གི་སྣང་ཚུལ་རེ་འགས་ར་སྤྲོད་གསལ་བོར་བྱེད་ནུས། སྤྱི་ཚོགས་དེང་རབས་ཅན་དུ་ཕྱོགས་པ་དེས་ཐད་ཀར་མིའི་བསམ་བློ་ལ་བཀོད་འདོམས་བྱས་པ་དང་འདྲ་བར་མི་རིགས་ཤིག་གི་དངོས་པོ་དང་དངོས་པོ་མ་ཡིན་པའི་རིག་གནས་སྣང་ཚུལ་མཐའ་དག་ཉམས་ཡལ་དུ་འགྲོ་བཞིན་མཆིས་ལ། གསར་ཞེན་རྙིང་དོར་གྱི་འདུ་ཤེས་གློ་བུར་བ་ཞིག་ཀྱང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ཁྲོད་བོད་མིའི་སེམས་ཁོང་དུ་སིམ་འཛུལ་བྱེད་ཀྱིན་ཡོད། འདི་ནི་དུས་སྐབས་ཤིག་གི་ཆོས་ཉིད་ཀྱིས་དེད་འོངས་པའི་བསམ་བློའི་འགྱུར་ལྡོག་གི་སྣང་བརྙན་ཞིག་ཀྱང་མིན་པ་ག་ལ་སྲིད།
འདས་མ་ཐག་པའི་སྟོང་ལོ་བརྒྱད་པའི་ནང་སྐུ་ཞབས་རྡོ་གྲགས་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་བརྙན་འཕྲིན་ཟློས་གར་གསར་བ་༼ཁ་སང་གི་གཏམ་རྒྱུད་༽ཀྱིས་དེ་ལྟ་བུའི་སྤྱི་ཚོགས་རིམ་འགྱུར་གྱི་དུས་བབ་ཁྲོད་དུས་བཞིའི་དྲོ་གྲང་དང་བསྡོངས་ཏེ་རི་སུལ་སྐྱ་མོར་སྐྱས་སྤོར་གནས་བཅས་བྱས་པའི་བོད་ཀྱི་འབྲོག་སྡེ་ཞིག་གི་བསམ་བློའི་འཕོ་འགྱུར་དང་། དངོས་པོ་མ་ཡིན་པའི་དམངས་ཁྲོད་རིག་གནས་ཉམས་ཡལ་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་བརྙན་རིས་ཀྱི་ལམ་ནས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། བརྙན་འཕྲིན་ཟློས་གར་དེ་ནི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་སྒྲིག་སྦྱོར་བྱས་པའི་བོད་ཀྱི་འཚོ་བ་དངོས་བརྗོད་བྱར་བཟུང་བའི་ལེའུ་བརྒྱད་ཅན་གྱི་བརྙན་འཕྲིན་ཟློས་གར་གསར་བ་ཞིག་ཡིན་ལ། འཁྲབ་ཁྲིད་པ་དང་བརྙན་ལེན་པ། སྒྲ་སྦྱོར་བ་དང་འཁྲབ་སྟོན་པ་ཚང་མ་བོད་པ་རྐྱང་བ་རེད།
བརྙན་འཕྲིན་ཟློས་གར་དེར་ཨ་མྱེས་ཉི་མས་མི་རབས་གཉིས་ཀྱི་རིང་མེས་པོ་རིམ་རྒྱུད་ཀྱིས་དར་བའི་གནའ་གཏམ་རྒྱུན་འཛིན་གྱིས་རང་གི་ཚ་བོ་བསོད་ནམས་ཚེ་རིང་སོགས་ན་མཉམ་བྱིས་པ་ཚོར་”ཆུ་རྨ་ཆུའི་རླབས་སྒྲར་འཇགས་པ་མེད་ན་ང་ཨ་མྱེས་ཀྱི་གནའ་གཏམ་རྫོགས་རྒྱུ་མེད་”ཅེས་བཤད་དེ་ཁོམ་སྐབས་ནམ་ཡོད་ལ་གནའ་གཏམ་འདྲ་མིན་བཤད་པས་ཨ་མྱེས་ཉི་མའི་གནའ་གཏམ་གྱིས་སྐབས་དེའི་འབྲོག་སྡེ་དེར་བག་ཆགས་ཆེན་པོ་ཞིག་བཞག་ཡོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་རྟ་རྡོས་ཉིན་ཞིག་གློ་བུར་དུ་སྒྲ་སྡུད་འཕྲུལ་ཆས་ཤིག་ཁྱེར་ཡོང་བ་དེས་ཨ་མྱེས་ཉི་མའི་གནའ་གཏམ་ལ་འགོག་རྐྱེན་ཆེན་པོ་བཟོས་ཤིང་། ལྷག་ཏུ་བསོད་ནམས་ཚེ་རིང་སྦྲ་གུར་སློབ་ཆུང་ནས་སློབ་གྲྭ་ཆེ་ཆུང་རིམ་བརྒྱུད་ཀྱིས་མཐར་ཡུལ་ལ་ལོག་སྐབས་ཨ་མྱེས་ཉི་མའི་གནའ་གཏམ་ལ་ཉན་ཞེན་གཏིང་ནས་ལོག་པར་མ་ཟད། གནའ་གཏམ་གྱིས་ལྟོ་གོས་གང་གིའང་ཕན་མི་ཐོགས་པས་དེ་ལས་བརྙན་འཕྲིན་ལ་བལྟས་ན་དགེ་མཚན་ཆེ་ཚུལ་སོགས་གནས་ལུགས་མང་བོ་ཞིག་བཤད་པ་དེས་ཨ་མྱེས་ཉི་མའི་སེམས་ལ་ཕོག་ཐུག་ཆེན་པོ་ཤོར། ཡིན་ནའང་། ཕྱིས་སུ་བསོད་ནམས་ཚེ་རིང་གིས་ཀུན་འདུས་ཞལ་ཐང་ཆེན་མོར་ཐེངས་ཤིག་མཇལ་བས་གཞི་ནས་ཨ་མྱེས་ཉི་མའི་གནའ་གཏམ་གྱི་རིན་ཐང་རྟོགས་ཤིང་། སྔོན་ཆད་རང་གིས་བཤད་པའི་སྐད་ཆ་དེས་ཨ་མྱེས་ཀྱི་སེམས་ལ་ཕོག་ཐུག་ཤོར་བར་འགྱོད་སེམས་དང་། དམངས་ཁྲོད་ན་ད་དུང་དེ་ལྟར་ཡིག་ཐོག་ཏུ་ཕབ་ཐུབ་མེད་པར་ལྷག་པའི་རིག་གནས་མང་བོ་ཞིག་བལྟས་བལྟས་རིག་རིག་ལ་ཉམས་ཡལ་དུ་འགྲོ་བཞིན་པར་ད་གཟོད་ཕངས་སེམས་སྐྱེས་དགོས་བྱུང་བའི་ཁ་སང་གི་དངོས་ཡོད་གཏམ་རྒྱུད་ཅིག་གི་བྱུང་འཕེལ་གོ་རིམ་ལྡན་པའི་སྒོ་ནས་གསལ་སྟོན་བྱས་ཡོད།
ང་ཚོས་བརྙན་འཕྲིན་ཟློས་གར་དེ་ལས་”ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་ཆོད་དགོས་”པའི་གནས་ལུགས་དེའི་བསྟན་དོན་ལྟར་མིག་སྔར་ཉམས་ཉེས་སུ་འགྲོ་བཞིན་པའི་དམངས་ཁྲོད་ངག་རྒྱུན་རིག་གནས་དག་ལ་གཅེས་འཛིན་སྲུང་སྐྱོབ་དགོས་པའི་སྐུལ་འདེད་ཀྱི་བརྡ་ཞིག་མཐོང་ལ། བྱ་དངོས་གསར་བའི་བསླུ་བྲིད་དང་བསྡོངས་པའི་ཕྱིའི་ཟང་ཟིང་འགྱུར་ལྡོག་གི་ཡོ་ལང་ཁྲོད་མི་རིགས་ཤིག་གི་སྲོལ་རྒྱུན་གོམས་གཤིས་ཀྱིས་གཏམས་པའི་འཚོ་བ་ཞིག་གི་གོད་ཆག་དང་ཉམས་ཉེས་ཚོར་ཐུབ་པར་མ་ཟད། ད་དུང་རྒྱན་འགུགས་ཤོ་རྩེད་ཁྲོད་རང་གི་རྒྱུ་འབྱོར་བ་དང་ཁྱིམ་ཆུང་མ་ཚུན་ཆད་གཞན་ལ་ཤོར་གྱིན་པའི་གཞོན་སྐྱེས་ཚོའི་བག་མེད་ཀྱི་སྤྱོད་པ་ལའང་དགག་རྒྱག་ཐེར་འདོན་གྱིས་སློབ་གསོའི་རང་བཞིན་ཞིག་ཀྱང་ཞོར་དུ་མངོན་པར་བྱས་འདུག ཡང་བརྙན་འཕྲིན་ཟློས་གར་འདིའི་བྱུང་རིམ་ཧྲིལ་བོ་ལྷིང་འཇགས་ཀྱི་རྩྭ་ཐང་ཞིག་ནས་འགོ་བརྩམས་པ་དེས་ང་ཚོ་རང་དབང་མེད་པར་གཡང་དཀར་གྱི་འབའ་སྒྲ་དང་འབྲི་མོའི་ངུར་སྒྲས་བཀྱགས་པའི་རྩྭ་ཐང་གི་ཁྱིམ་གཞིས་དྲོན་མོ་དེར་ཐེངས་ཤིག་འཁྲིད་པར་བྱེད་ལ། སྦྲ་ནག་གི་དྲོད་ཁོལ་དང་ཨ་མའི་བྱམས་བརྩེས་བསྐྱངས་པའི་ཁ་སང་གི་ལོ་ཟླ་ཞིག་ཀྱང་ཡང་ཡང་དྲན་དུ་བཅུག ང་ཚོར་མིག་སྔར་འདི་ལྟར་བོད་རང་གི་རོང་འབྲོག་གི་འཚོ་བ་དང་བག་ཐག་ཆེས་ཉེ་བའི་སྒྱུ་རྩལ་མཚོན་ཐབས་སྤྱད་པའི་གློག་བརྙན་༼མོ་སྟོན་ཕག་མགོ་༽དང་༼བྱི་རུའི་སྐེ་རྒྱན་༽༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་༽སོགས་རེ་གཉིས་ཤིག་ལས་མེད་མོད། འུ་ཚོའི་བོད་པ་གློག་བརྙན་སྒྱུ་རྩལ་གྱི་ལས་སྒོ་འདིར་གོམ་ཁ་བསྒྱུར་ནས་རིང་བོར་སོན་མེད་པར་བསམ་ན་ང་ཚོའི་འབྱུང་འགྱུར་གྱི་གློག་བརྙན་སྒྱུ་རྩལ་གྱི་འཐུས་སྒོ་ཕྱོགས་ཡོངས་ནས་ཇེ་ལེགས་ཇེ་ཚང་དུ་འགྲོ་བར་གདེངས་སྤོབས་དང་རེ་བས་ཁེངས་པ་ཞིག་རེད་ལ།ལྷག་ཏུ་ཐེངས་འདིའི་ལོ་ན་དྲུག་ཅུར་སོན་པའི་རྒན་པོ་ཨ་མྱེས་ཉི་མའི་(མིང་དངོས་ལ་དཀོན་མཆོག་ཟེར།)བཅོས་མིན་ལྟ་བུའི་འཁྲབ་སྟོན་གྱི་རྣམ་འགྱུར་རེ་རེ་ནི་༼ཁ་སང་གི་གཏམ་རྒྱུད་༽ཧྲིལ་བོར་གསོན་ཉམས་ལྡན་པའི་གྲུབ་ཆ་ཞིག་ཏུ་གྱུར་འདུག
གོང་དུ་གླེང་བ་འདི་དག་ནི་བརྙན་འཕྲིན་ཟློས་གར་དེའི་དགེ་མཚན་དང་ལེགས་ཆའི་རང་བཞིན་ནས་བརྗོད་པ་ཡིན་ལ། བརྙན་འཕྲིན་ཟློས་གར་ཧྲིལ་བོར་ཞིབ་ཚགས་སྒོས་བལྟས་ན་ད་དུང་མ་འདང་མ་འཐུས་པའི་ཞན་ཆ་རེའང་འདུག་པར་སྙམ། དཔེར་ན། བསོད་ནམས་ཚེ་རིང་ནར་སོན་པའི་གོ་རིམ་ཁྲོད་མཁའ་འགྲོ་ལ་འགྱུར་ལྡོག་ཅི་ཡང་མེད་པར་མ་ཟད། བསོད་ནམས་ཚེ་རིང་སློབ་ཆེན་མཐར་ཕྱིན་ཏེ་བྱ་བའི་ལས་གནས་སུ་ཞུགས་སྐབས་ད་དུང་རྟ་རྡོ་དང་མཁའ་འགྲོ་གཉིས་ཀྱི་གཉེན་དོན་ཐག་གཅོད་མ་བྱུང་བར་ལྷག་འདུག་པ་ནི་དངོས་ཡོད་དང་ཅུང་ཙམ་མི་མཐུན་པར་སྙམ། དེ་མིན་འཁྲབ་ཚིག་ཧྲིལ་བོ་ཐད་ཀར་འཁྲབ་སྟོན་པ་རང་གི་སྐད་ཆ་སྒྲ་སྦྱོར་བྱས་པ་ནི་བརྙན་འཕྲིན་ཟློས་གར་འདིའི་ཁྱད་ཆོས་ཤིག་དང་། ན་ནིང་གི་༼མོ་སྟོན་ཕག་མགོ༽འི་རྗེས་ནས་བྱུང་བའི་འུ་ཚོའི་བརྙན་འཕྲིན་ཟློས་གར་གྱི་ཡར་རྒྱས་མདུན་སྐྱོད་ཀྱི་རྣམ་པ་ཞིག་ཡིན་མོད། འཁྲབ་ཚིག་ཁྲོད་”ཀྲུའུ་རིན་”དང་”ཞང”་ཟེར་བ་སོགས་གཞན་སྐད་རེ་འགའ་ལྷད་སྦྱོར་བྱས་པ་ནི་རྗེས་ཕྱོགས་ཅིས་ཀྱང་མཉམ་འཇོག་དགོས་པའི་དོན་གནད་གལ་ཆེན་ཞིག་ཏུ་འདོད། གཞན་དེང་རབས་ཀྱི་ཁྱད་ཆོས་སྤྲས་པའི་སྡོད་ཁང་མདུན་ངོས་ཤེལ་སྒོ་ཅན་ཞིག་འཁྲབ་ཡུལ་དུ་གདམས་པ་དེ་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལས་རིང་དུ་འགོངས་འདུག་པ་སོགས་ནི་ཐེངས་འདིའི་བརྙན་འཕྲིན་ཟློས་གར་ལས་ཁོ་བོའི་བློ་མིག་ཏུ་ཐོགས་པའི་མཉམ་མ་བཞག་པའི་ཞན་སྐྱོན་རེ་འགའ་ཡིན་ནོ།
སྤྱི་ཚོགས་ཀྱི་བྱ་དངོས་ཅི་ཞིག་ཡིན་རུང་དེར་སྐྱོན་ཉེས་ཐེར་འདོན་གྱི་རྣམ་པ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཡར་རྒྱས་ཚགས་ཚུད་ཀྱི་རང་བཞིན་གོང་འཕེལ་དུ་འགྲོ་བས། མིག་སྔའི་སྒྱུ་རྩལ་ལས་རིགས་ལ་དོ་སྣང་ཟབ་པའི་རང་རེའི་སྤུན་ཟླ་ཚོས་བརྙན་འཕྲིན་ཟློས་གར་འདིའི་ལེགས་ཉེས་དགག་སྒྲུབ་ཀྱི་ཆ་ལ་བསམ་ཚུལ་ལྷུག་པོར་འདོན་རྒྱུ་ནི་འུ་ཚོའི་གློག་བརྙན་དང་བརྙན་འཕྲིན་གྱི་སྒྱུ་རྩལ་ལས་རིགས་འདི་ཕྱོགས་ཡོངས་ནས་འཕེལ་རྒྱས་འཐུས་ཚང་དུ་འགྲོ་བའི་རྨང་གཞི་ཡིན་ནོ།།
མཇུག་མཐར། ཐེངས་འདིའི་འཁྲབ་ཁྲིད་པ་སྐུ་ཞབས་རྡོ་གྲགས་གཙོ་བྱས་པའི་དཀའ་སྡུག་ཁྲི་ཕྲག་གི་འཕྲང་ལམ་ནས་བསླངས་པའི་༼ཁ་སང་གི་གཏམ་རྒྱུད་༽ཀྱི་བརྙན་ཕབ་སྒྲིག་སྦྱོར་བ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་དེར་དོ་ཁུར་རྒྱབ་སྐྱོར་གནང་བའི་འཁྲབ་ཞུགས་མི་སྣ་ཡོངས་ལ་ཡི་རང་བསྔགས་བརྗོད་དང་བཅས་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད།
༢༠༠༩།༢།༧ཉིན།
རབ་གསལ་ལགས། ངས་ད་ལྟ་རང་དཔྱད་བརྗོད་ཅིག་སྤེལ་བ་ཡིན་ཡང་། ལམ་སེང་དྲ་ངོས་སུ་འཆར་གི་མི་འདུག་ལ། དྲ་རྩོམ་སྤེལ་སའི་རེའུ་མིག་དེ་ཡང་སྔོན་ཆད་ཀྱི་དེ་དང་ཅུང་ཟད་མི་འདྲ་བས། འདི་ཕྱོགས་སུ་ལམ་སྟོན་རེ་ཞུ།
རེད། ཡེ་ཤེས་ལགས། ཁྱོད་ངར་ཏང་ཟིག ཁ་སང་ཁེ་ཉིན་ནས་ཁ་བརྡ་དྲ་དེབ་ཀྱི་གཅིག་ནས་པར་རྩ་དེ་ཐོན་གསར་པར་བསྒྱུར་བ་དང་། གཉིས་ནས་འཛིན་སའི་ཁང་ཆུང་དེ་སྤོར་བའི་རྐྱེན་དེ་ལ་བརྟེན་ནས་ད་ཆ་རྣམ་པ་གསར་པ་ཆགས་ཡོད། ཁྱེད་ཀྱིས་གང་གནང་བ་ཚང་མ་འགྲིག་འདུག མཐའ་མ་དེར་པར་རྒྱོབས་ཞེས་པའི་དབྱིན་ཡིག་དེ་ལ་མ་སྣུན་པ་འདྲ། ངས་གཅིག་བསྣུན་ནས་བཏང་ཡོད། གཟིགས་དང།
པར་རྒྱོབས་ཞེས་པ་དེ་བཙལ་བ་ཡིན་ཡང་རྙེད་མ་བྱུང་། ད་ངོ་མ་ང་ལོ་ལོན་ནས་དམྱིག་གིས་མི་རིག་གི ཉ་ཤ་མང་ཙམ་བཟའ་དགོས་པ་འདྲ། མགོན་པོའི་མི་རིག་ས་ཞིག་ནས།
I wrote a tale about Tibet and wish put it into a film, anyone has idea that how to do it, just write me at kokonor@yahoo.com
thanks a lot.
ངས་ཁ་སང་གི་གཏམ་རྒྱུད་ཅེས་པ་དེའི་ལེའུ་གཉིས་ལ་ཁ་སང་བལྟས་པ་ཡིན། ཡག་པོ་ཞིག་འཁྲབས་འདུག བོད་ཀྱི་ལྷ་མོ་ཟེར་བའི་ཝ་དང་ཅེ་སྤྱང་། ཁྱི་དང་སྤྱང་ཀི་མཉམ་དུ་ངུ་བའི་འཁྲབ་སྟོན་དེ་ལས་སྨན་བླ་སྐྱབས་ཀྱིས་བཤད་པ་ལྟར། འཚོ་བ་དང་ཐག་ཉེ་བའི་གཏམ་བརྗོད་ཟློས་གར་རེ་འཁྲབས་ན་ངོ་མ་ནང་དོན་འདུག
“ཁ་སང་གི་གཏམ་རྒྱུད”ཅེས་པའི་འཚོ་བ་དང་ཐག་ཉེ་བའི་གཏམ་བརྗོད་ཟློས་གར་དེ་གང་ན་འདུག གེ་སར་རྟ་རྫི་ཁག་གསུམ་པར་བལྟས་ཟིན། གོང་མ་གཉིས་ལག་སོན་མ་བྱུང་ཐལ། ཨ་ལགས་ལེ་ལེ། གོང་གི་འདི་ཚོའི་ཁ་བྱང་ཡོད་ན་གཅིག་གནང་རོགས། ངོ་མ་ཁྱེད་ཀའི་ཡུལ་ཕྱོགས་དེ་ན་བུ་ངར་དེ་འདྲ་མང་སེ་འདུག་ག སྟག་འབུམ་རྒྱལ་ཡང་ཆབ་ཆ་ས་དེ་བ་ཅིག་གི་མ་རེད་དམ།
དཀོན་མཆོག་ལགས། ཁྱེད་རང་ཅུང་ཟད་འཕྱི་དྲགས་སོང་། ངས་དེ་ཧི་གཟུགས་དྲ་ངོས་ནས་བལྟས་མ་ཚར་གོང་ལ་་གཞུང་སྒེར་སུ་ཡིན་མི་ཤེས་པ་ཞིག་གིས་རེ་ཞིག་དྲ་བ་དེ་སྒོ་འབྱེད་མི་ཐུབ་པ་ཞིག་བཟོས་འདུག གལ་སྲིད་དྲ་བ་དེའི་སྒོ་ཕྱེས་ན་ལག་པ་གཡོན་ངོས་ཀྱི་སྟོད་དུ་འདྲ་པར་འགའ་རང་འགུལ་གྱིས་འགྱུར་འགྲོ་བ་ཞིག་འདུག་པའི་ཁྲོད་ཀྱི་ཁ་སང་གི་གཏམ་རྒྱུད་ཅེས་པ་དེར་རྡེག་གནོན་བྱོས་དང་མིང་མི་དྲན་པའི་མི་བུ་ཞིག་གི་དྲ་ངོས་སུ་ལེ་ཚན་འགའ་རུ་བགོས་ནས་བཞག་འདུག ཨ་ཤུ་རེ་ཁོ། ངས་ཀྱང་ད་དུང་བལྟས་ཚར་མེད་ཡ། ཡིན་ན་ཡང་གློག་ཀླད་རེ་ཟུང་གི་ནང་ནས་གློག་བརྙན་དེ་སྒོ་ཕྱེ་ཐུབ་ཀི་མི་འདུག
ཧི་གཟུགས་སྒོ་བརྒྱག་མཁན་ཨ་ཞང་ཚང་མིན་ན་སུ་ཡིན། ཀ་གཡག་རོ་ཙམ་བསྟན་རུང་ངོ་མི་ཤེས་མཁན་ཞིག་གིས་དྲྭ་བ་བདམས་གསེས་ཀྱི་སྒོ་བརྒྱག་ཤེས་ནོ་འདི་ངོ་མ་ཡ་མཚན་རེད། ཕལ་ཆེར་ཁྱི་སྤྱང་ངན་འབྲེལ་ཡིན་རྒྱུ་རེད་འདོད་ཀི ཨ་ལགས། ནམ་རྒྱུན”ཞིང་བྲན་དང་རྟ་རྐུན”ཡིན་ན་རོ་གུང་ཁྲན་གྱིས་རང་རེར་དམའ་འབེབ་བྱས་པ་དེ་འདྲ་ཡང་ཁ་བརྡའི་སྟེང་དུ་བཞག་ནས་བརྡེག་སྣོན་བྱས་ཏེ་ལྟོས་ཟེར་རྒྱུ་ཞིག་ཡོད། དེ་རིང་ལྟད་མོ་ཡག་པོ་དེ་བཀོག་ཡོང་ནས་ཁ་བརྡའི་སྟེང་དུ་མ་བཞག་པ་དེ་ཁྱེད་ཀ་ཅིག་བྱུང་བ་འདྲ། གུང་ཁྲན་འདི་བ་ལས་རྒྱུ་མང་གི་ཡ། ཁ་ཉིན་ངའི་ཡིག་ཟམ་ལ་ཡང་གཏོར་བརླག་ཐེབས་ནས་ཉིན་འགར་བེད་མེད་དུ་ལུས་སོང་། རྗེས་སུ་ཉིད་ཀྱིས་ལམ་སྟོན་བཞིན་ཕ་ཡར༼fire༽སྒོ་འབྱེད་བྱས་པས་ད་ཡིན་ན་ཤུར་རྒྱ་གྲགས་ཀི གློག་ཀླད་རེ་ཟུང་ནང་གློག་བརྙན་དེ་སྒོ་ཕྱེ་ཐུབ་ཀི་མི་འདུག་ན་ངའི་འདི་ཡང་དེའི་གྲངས་མིན་ན་འགྲོ་ས་མེད། ཀུ་ཤུ་རྟགས་ཅན་གློག་ཀླད་འདི་ཐོན་གསར་གྲངས་རེད་ཟེར་མོད། འོན་ཀྱང་QQདང་MSNསོགས་ཀྱང་ཡག་པོ་བཀོལ་ས་མི་འགྲོ་ནོ་ཅི་ཡིན་ནམ།