༼མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ༽་དང་༼རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་༽གཉིས་མཉམ་འབྲེལ་གྱིས་ཞོགས་དུང་གི་དེབ་༼གནམ་ས་གོ་འབྱེད༽དཔར་སྐྲུན་འགྲེམས་སྤེལ་བྱེད་གཏན་འཁེལ་འདུག
གཞིས་བཞུགས་རྩོམ་པ་པོ་ཞོགས་དུང་ངམ་བཀྲ་རྒྱལ་ལགས་ནས་བརྩམས་པའི་དེབ་༼གནམ་ས་གོ་འབྱེད་༽ཡོངས་ཁྱབ་འགྲེམས་སྤེལ་བྱས་པའི་སྔ་རྗེས་སུ། ཤེས་ཡོན་པའི་སྡེའི་ཁྲོད་གྲག་འགུལ་ཆེན་པོ་ཞིག་བྱུང་ཞིང་། དེ་ནི། བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་ལེའུ་དམིགས་བསལ་བ་ཞིག་སྟེ། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐོར་དེ་བཞིན། སྨྲ་བརྗོད་ཀྱི་རང་དབང་མེད་པའི་རྒྱ་ནག་གི་དབང་བསྒྱུར་འོག་ནས་སྤོབས་པ་ཆེན་པོས་ལོ་རྒྱུས་ཀྱི་གླེགས་བམ་ནང་བཀོད་པས་རེད།
ཡིན་ནའང་། ༼གནམ་ས་གོ་འབྱེད༽་ཀྱི་དེབ་དེ་བཀྲམས་ནས་ཡུན་རིང་མ་སོང་བར་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་ལ། གནམ་ས་གོ་འབྱེད་འགྲེམས་འཚོང་བྱས་པའི་ཚོང་ཁང་མང་པོ་ཞིག་ཀྱང་སྒོ་རྒྱག་ཏུ་བཅུག་སྟེ། ལོ་རྒྱུས་ཀྱི་འགྱུར་མཚམས་གསར་པ་ཞིག་ཡིག་ལམ་དུ་བཀོད་པའི་དེབ་འདི་སྤྱི་ཚོགས་སྟེང་ཡོངས་ཁྱབ་ཀྱིས་མཐོང་རྒྱུ་མེད་པ་བྱས་ཡོད་སྟབས། ཇི་སྲིད་ལོ་རྒྱུས་ཀྱི་ལེའུ་འདི་རྒྱུན་གནས་ཆེད་དང་། བོད་ཕྱི་ནང་གི་བོད་ཡིག་ཀློག་མཁན་དག་གི་ཐུགས་འདོད་བསྐོང་བ་སོགས་ལ་དམིགས་ཏེ། ༼མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ༽་དང་༼རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་༽ཐུན་མོང་ནས་བོད་ཡིག་གི་དཔར་གཞི་རིང་མིན་དཔར་སྐྲུན་འགྲེམས་སྤེལ་བྱ་གཏན་འཁེལ་ཏེ། ད་ལྟའི་ཆར་དྲ་ངོས་ཀྱི་ཡིག་ཆ་དང་དེབ་གཞི་ཨ་མ་གཉིས་བསྡུར་ནས་ཞུས་དག་གྲུབ་ཉེར་ཡོད་འདུག་ཅིང་། ཞུས་དག་གྲུབ་མཚམས་དཔར་སྐྲུན་གྱིས་བོད་མི་འདུས་སྡོད་ས་གནས་གང་སར་ཡོངས་ཁྱབ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག
གོང་གི་གསལ་བསྒྲགས་འདྲ་བའི་གསར་འགྱུར་དེ་ཀློག་མ་ཐག་ཁུངས་དག་མ་ཡིན་པ་དང་ཁྱད་མཚར་ཞིག་མཐོང་སོང་ལ་མང་པོ་བཤད་མ་དགོས་པར་ཞུ་རྒྱུར།
ཀླུ་འབུམ་བཀྲ་ཤིས་ཀྱིས་གནམ་ས་གོ་འབྱེད་བསྐྱར་པར་བྱེད་རྒྱུ་མགོ་བཙུགས་ཡོད་པ་ལས་དབྱིན་ཡིག་ལ་འགན་ཁུར་ནས་བསྒྱུར་མཆར་ཡོད་པ་སོགས་སུས་ཁུངས་ལྡན་དུ་བཤད་པ་རེད། གནས་ཚུལ་ཁ་གསལ་ན་སྲ།
ཕྲན་ནས་ཟླ་ངོ་གཅིག་གི་སྔོན་ཙམ་ནས་ལས་མཆར་སྒྲིག་ཡོད་པར་བརྟེན་ཀིརྟི་དགོན་པའི་བསྐྱར་པར་མཆར་གཞི་ཡང་ཕྱིར་འཐེན་བྱས་ནས་ཕྲན་ལ་རྒྱབ་སྐྱོར་བྱས་བ་དགེ་འདུན་པ་ཚེ་རིང་སོགས་ལ་གསལ།
ད་དུང་ཉིན་ཤས་སྔོན་ཨ་ལགས་འཇིགས་མེད་ནས་འབྲེལ་ཡོད་བརྒྱུད་ང་ལ་ཁ་པར་བཏང་དེ་བསྐྱར་པར་བྱེད་གི་ཡོད་པ་བདེན་པ་ཡིན་མིན་སྐད་ཆ་དྲིས་དུས་གསལ་བོ་བཤད་རྒྱུ་བྱུང་།
ད་ཆ་གོང་གི་གསལ་བསྒྲགས་དེའི་ནང་བསྐྱར་པར་དེ་མདོ་སྨད་རྒྱུན་ལས་ནས་བྱེད་རྒྱུ་ཡིན་ཚུལ་བཤད་པ་དང་ངས་འགན་ཁུར་ནས་དབྱིན་བསྒྱུར་བྱེད་གི་ཡོད་པ་སོགས་གནས་ཚུལ་མགོ་མཇུག་ལྡོག་འདུག་ན་འབྲི་མཁན་འཁྲུག་པ་ཡིན་གང་ཡིན་བསམ་པའི་དོགས་གཞི་བྱུང་བས་གསལ་བཤད་བྱས་བ་ཡིན།
གནམ་ས་གོ་འབྱེད་བསྐྱར་པར་བྱེད་བཞིན་པ་དགའ་བསུ་ཞུ།
ཡིན་ནའང་། བསྐྱར་པར་འགྲོ་སོང་ཞལ་འདེབས་ཡིན་རྒྱུ་རེད། དཔེ་དེབ་ཚོང་བའི་ཡོང་འབབས་ཞོགས་དུང་གི་ནང་མིར་འབུལ་འཆར་ཡིན་ནམ།
ལན་ཁ་གསལ་ཞིག་གནང་འཚལ།
གཤམ་གསལ་དྲ་ཐག་བོད་ཡིག་ཐོག་སྒྱུར་ཏེ་དྲ་གནས་འདིར་འགོད་ཐུབ་ནི་ཡོད་དམ།
http://asiapacific.ifj.org/en/articles/ifj-urges-release-of-detained-tibetan-writer
ཚོང་དང་ཁེ་སང་གང་ཡང་མེད། རིན་མེད་ལ་དཀྲམ་རྒྱུ་ཡིན། ཡིན་ཡང་དེབ་གྲངས་གཅིག་སྟོང་ལས་མེད་པས་གང་འདོད་དོན་མེད་ལ་སྤྲོད་རྒྱུ་མིན།
ཀླུ་འབུམ་བཀྲ་ཤིས་ལགས།
ཁྱེད་ཀྱི་ལྷག་བསམ་ལ་རྗེས་སུ་ཡིད་རངས་ཞུ།
ཡིན་ནའང་རིན་མེད་ཐོག་བཀྲམ་པར་འདོད་མོས་མེད། ང་ལ་མཚོན་ནའང་དྲ་རྒྱ་ལས་དེབ་ཆ་ཚང་བཀླགས་ཚར། ཡིན་ནང་། དྲན་རྟེན་ཆེད་རང་ལ་མ་ཟད། གཞན་གྲོགས་པོ་ཁ་ཤས་ལ་ལག་རྟགས་ཆེད་ཉོ་འཆར་ཡོད།
དེ་ཡང་ཞོགས་དུང་གི་ནང་མི་ལ་དངུལ་གྱི་རོགས་རམ་ཅུང་ཙམ་ཐུགས་གསོ་བྱུང་ན་བསམས་ཡོད།
ད་རྡ་ས་དང་ཁྱེད་ཚོས་གྲོས་བསྡུར་བྱས་ནས་གནས་ས་གོ་འབྱེད་བསྐྱར་པར་མཉམ་དུ་བྱ་རྒྱུ་མི་ཡོང་ངམ།
ཡ་ད་གོང་གི་གསལ་བསྒྲགས་འདྲ་བའི་གསར་འགྱུར་དེའི་ནང་གི་འབྲེལ་མེད་ཁུངས་དག་མ་ཡིན་པའི་གནས་ཚུལ་རིགས་བསུབ་འདུག། ད་ལྟ་ཀློག་ན་ངའི་མཆན་དང་པོ་དེ་འབྲེལ་མེད་ལྟ་བུར་གྱུར་འདུག་དགོངས་དག། བསྟན་འཛིན་གསལ་བྱེད་ལ་ཞུ་རྒྱུར་ངས་ཟླ་ངོ་གཅིག་གི་སྔོན་ནས་ལས་མཆར་སྒྲིག་པ་དང་། སྤྱིན་བདག་བཙལ། ལས་མགོ་བཙུགས་ཟིན་པ་མ་གཏོགས་མཉམ་རུབ་བྱེད་མི་ཆོག་པ་ག་ལ་ཡོད།
མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ༽་དང་༼རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་༽་དང་ཨ་ལག་འཇིགས་མེད་རིན་པོ་ཆེ་ལགས།
༡
གནམ་གོ་འབྱེད་པར་འགྲེམས་ཡོང་འབབས་དཀའ་སྡུག་ནང་ལྷུང་བའི་ནང་མིར་འབུལ་འཆར་ཡིན་ནམ།
༢ ཀླུ་འབུམ་བཀྲ་ཤིས་དང་འབྲེལ་ལམ་བྱས་ནས་མཉམ་དུ་བསྐྱར་པར་གནང་རོགས་ཞེས་མདོ་སྨད་ཁོངས་མི་ཞིག་ནས་གསོལ་འདེབས་ཞུ།
ཞོགས་དུང་གི་དེབ་འདི་རབ་ཡིན་ན། རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་ཐོག་ནས་བཏོན་ན་ལེགས། ད་ལྟ་ཞོགས་དུང་གི་དེབ་འདི་བོད་ནང་ནས་བཀག་ཡོད་པ་རེད་པས། རང་དབང་ལུང་པ་ནས་འདོན་པ་ལ་སྦྱིན་བདག་རག་མི་རག་གི་དཀའ་ངལ་དེ་ཕལ་ཆེར་ཡོད་པ་མ་རེད། སུས་འཇོན་ན། སུས་ནུས་ན། དེབ་དེ་འདོན་མཁན་ནི་ཚོགས་པ་ཞིག་ཡིན་ན། རང་གཞན་སུས་བལྟས་ཀྱང་རིན་ཐང་ཡོད་པ་ཞིག་ཡིན་པ་བཤད་མ་དགོས། སྤྱིར་ཡིན་ན། དེབ་འདི་ཡང་བསྐྱར་དཔར་བ་ཡིན་ན། ཀློག་མཁན་བལྟ་མཁན་ཚོར་ཁྱད་པར་མེད་ནའང་། དེབ་ཀྱི་དཔར་སྐྲུན་རིན་ཐང་གི་ངོས་ཐད་ནས་བལྟས་ན། ད་རེས་དེབ་འདི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མིང་ཐོག་ནས་བཏོན་པ་ཡིན་ན། ཡག་པོ་ཡོད་པ་རེད། བདག་པོ་རྒྱག་ན་རྒྱགས་སྟངས་ཀྱང་ཡག་པོ་ཞིག་ཆགས་ཀི་རེད། འདུ་སུས་འདོན་དང་མི་འདོན་ནི་བརྩད་རྒྱག་དགོས་པ་ཞིག་མ་རེད། འདོན་ཐུབ་ནི་ཡོད་ན། བོད་ནང་གི་རྩོམ་པ་པོ་ཚོས་བྲིས་པའི་དེབ་མང་པོ་ཡོད་པ་མ་མཐོང་ཁུལ་བྱེད་དོན་མེད་པར་སྙམ། ཡིན་གཅིག་མིན་གཉིས་ཞོགས་དུང་དེབ་ལ་འཚང་ཁ་རྒྱག་དགོས་དོན་མཐོང་མ་སོང་། རྡ་རམ་ས་ལའི་མདོ་སྨད་ཚོགས་པ་དང་བལ་ཡུལ་གྱི་ཀླུ་འབུམ་བཀྲ་ཤིས་ཕྱོགས་གཉིས་ཀས། ད་རེས་དེབ་འདི་བདག་པོ་ཡག་པོ་ཞིག་རྒྱག་གི་ཡིན་ན། ཕྱིའི་མཐོང་སྣང་ལ་གང་མཛེས་གང་ཡག་དེ་ངེས་པར་མཐོང་ན་ལེགས། རེ་སྐུལ་ཞིག་ཞུས་པ་ཡིན། ཞོགས་དུང་གི་དེབ་འདི། བལྟ་རྒྱུ་ཉན་རྒྱུ་གཉིས་ཀ་ཡོད་པ་ཞིག་བྱེད་པར་དགོངས་པ་རེ་བཞེས་རོགས།
ཨ་རོ། ཀླུ་འབུམ།
གོང་བཀོད་གསར་འགྱུར་གྱི་ནང་ན། གནམ་ས་གོ་འབྱེད་དེ་(མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་)དང་(རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་)གཉིས་ཀྱིས་དཔར་བསྐྲུན་བྱེད་ཀྱི་ཡིན་ལབ་འདུག
འོག་གི་མཆན་ལ་བལྟས་ན། ཁྱེད་ཀྱིས་ཀྱང་དཔར་བསྐྲུན་བྱེད་ཀྱི་ཡོད་པ་འདྲ། ད། ཁྱེད་ཚོས་མཉམ་འབྲེལ་བྱས་ནས་དཔར་གི་ཡིན་ནམ། སོ་སོའི་ས་ནས་དཔར་གི་ཡིན།
(མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ)་ཟེར་བ་འདི་ག་དུས་ཤིག་ལ་བཙུགསཔ་རེད། འདིའི་སྐོར་ལ་གནས་ཚུལ་འདྲ་ཡོད་ན་གསུངས་རོགས། འདིའི་མིང་དེ་རིང་གོ་བ་ཐེངས་དང་པོ་ཡིན། རྗེས་སུ་མཇལ་ཡོང་།
རྒྱ་གཞུང་གིས་ཞོགས་དུང་ལ་ཁྲིམས་ཐག་མ་བཅད་བར་དུ་ང་ཚོས་བསྒུགས་དགོས་ཀྱི་འདུག དེ་རྗེས་གཞི་ནས་ཅིག་བྱེད་ཐུབ་ན་རེད། དེ་མིན་ཁོང་ལ་ཉེས་འདོགས་འཕར་མ་ཞིག་སྟེ་ཁ་བྲལ་བར་ངན་འབྲེལ་ཡོད་པའི་ཉེས་འཛུག་མི་བྱེད་པའི་ངེས་པ་མི་འདུག
ཨ་རོ་རིག་འབྱུང་དོན་གྲུབལགས་གོང་གི་མཆན་དྲུག་པ་ལ་བལྟ་རོགས་མང་པོ་བཤད་བསྡད་ན་རྙོག་འགྲོ། དེ་ནས་ཚང་པར་མཐའ་དོན་ཞུ་རྒྱུར་བསྐྱར་པར་ལ་རྩོད་པ་གང་ཡང་མེད་ཀྱང་བྱེད་མཁན་ཡང་མེད་གོང་གི་གསལ་བསྒྲགས་འདྲ་པའི་གསར་འགྱུར་དེ་ཁ་སང་གི་རེད། ངས་ཟླ་གཅིག་སྔོན་ནས་མཆར་གཞི་སྒྲིག་པ་དང་ལས་ཀ་བྱས་པ། ལྷག་པར་དཔར་བསྐྲུན་མགོ་བཙུགས་ཡོད་པ་ཕྱིར་འཐེན་དཀའ་བ་གསལ་བཤད་ལས་གང་ཡང་མེད། གང་ལྟར་མི་རིང་བར་དེབ་དེ་སྤྱི་ཚོགས་ནང་དཀྲམ་ཡོང་།
ཁ་སང་ངས་གོ་ཐོས་ལ་དཔེ་དེབ་དེ་བསྐྱར་དཔར་བྱེད་སྒྱུའི་གྲ་སྒྲིག་བྱེད་བཞིན་པའི་ཁར་དབྱིན་ཡིག་དང་རྒྱ་ཡིག་ཏུའང་སྒྲུར་བཞིན་པའི་སྐད་ཆ་ཞིག་གོ་བྱུང་། དེ་འདྲ་ཡིན་ན་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་གང་ཐུབ་བྱེད་རྒྱུ་ཡིན།
གཞན་དེབ་གྲངས་མང་པོ་ཞིག་དཔར་ཏེ་རྒྱ་བལ་འབྲུག་གསུམ་སོགས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ཕྱི་སྡོད་བོད་མི་ཀློག་མཁན་ཚང་མར་མ་འདང་བ་མེད་པ་ཞིག་བྱུང་ན་ཅི་འདྲ། དེབ་གྲངས་གཅིག་སྟོང་ནི་དཔར་བསྐྲུན་བྱས་པ་ཡིན་ཞེས་པའི་མིང་ཙམ་ལས་ཀློག་མཁན་རྣམས་ཀྱི་འདོད་པ་སྐོང་ཐུབ་ཀྱི་མ་རེད་པ།
ཀླུ་འབུམ་བཀྲ་ཤིས་དྲ་ཐོག་ན་ཡོད་ས་རེད། ཀླུ་འབུམ་ལགས། དེབ་དེ་དབྱིན་རྒྱ་ཡིག་རིགས་གཉིས་སུ་བསྐྱུར་བཞིན་ཡོད་པའི་སྐད་ཆ་གོ་སོང་ངམ།
དེབ་གྲངས་ཅུང་མང་པོ་དཔར་དགོས་འདུག་པའི་བདག་གི་བསམ་ཚུལ་དེ་ཅི་འདྲ་འདུག་གམ། ཨོ་རེད། ད་དུང་དཔེ་དེབ་བསྐྱར་དོར་བྱས་རྗེས་རིན་མེད་དུ་དཀྲམ་རྒྱུ་ལས་གོང་དུ་དྲ་གྲོགས་ཤིག་གིས་བཤད་པ་བཞིན་རིན་འབབ་དེ་རྩོམ་པ་པོའི་ནང་མིར་འབུལ་ཐབས་ཤིག་བྱོས་ན་ཅི་འདྲ་འདུག
མོ་ནག་མདུང་ཐུང་ཟེར་བ་འདི་ལ་ང་སྔོན་མ་ཞིག་ལ་ཡང་ཏུག་མྱོང་། ཁྱོད་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་ཐེངས་འདིའི་ལས་འགུལ་འདི་མདོ་སྨད་ཚོགས་པ་དང་ལྷག་པར་དུ་ཀླུ་འབུམ་བཀྲ་ཤིས་སྔོན་མ་་ནས་གྲ་སྒྲིག་བྱས་ཟིན་པས་ན། རྩོམ་པ་པོའི་མཐུན་ཚོགས་དཔར་དགོས་སྐོར་ཁྱོད་ཀྱི་བསམ་ཚུལ་དང་། ལྷག་པར་དུ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདྲ་བཤད་མྱོང་དང་བསམ་གྱིན་ཡོད་མེད་ཀྱང་མི་ཤེས་པ་མ་ཟད། ཀླུ་འབུམ་བཀྲ་སིས་དང་མདོ་སྨད་ཚོགས་པས་ལས་ཀ་སྒྲུབ་བཞིན་པས་ན། ཁོ་ཚོའི་ལས་ཀ་དེ་ཕྱིར་འཐེན་བྱ་ཐབས་མི་འདུག་སྙམ། གཞན་མདོ་སྨད་ཚོགས་པ་དང་ཀླུ་འབུམ་བཀྲ་ཤིས་གཉིས་ཀྱིས་དེབ་འདི་ལ་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་མིན་དང་། ཞོགས་དུང་གི་དེབ་འདི་ལ་བལྟ་རྒྱུ་ཉན་རྒྱུ་གཉིས་ཀ་ཡོད་པ་ཞིག་བྱེད་པར་དགོངས་པ་རེ་བཞེས་རོགས་ཟེར་བའི་དོན་ཅི་ཡིན་ཤེས་མ་སོང་། རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཀྱང་བོད་ནང་གི་ཆབ་སྲིད་ཀྱི་དེབ་གཞན་པ་མང་པོ་ཡོད་པ་དེ་ཚོ་བསྐྱར་རམ་གསར་དུ་དཔར་སྐྲུན་བྱས་ན་ཆོག་གི་རེད་སྙམ།
༼གནམ་ས་གོ་འབྱེད༽་དཔར་འགྲེམས་བྱ་ཉེར་ཡོད་པ་ལེགས། མང་ཙམ་དཔར་དགོས་ཞུ། ད་དུང་རྒྱ་ཡིག་དང་དབྱིན་ཡིག་ནང་གང་མགྱོགས་བསྒྱུར་ནས་ཁྱབ་སྤེལ་ཐུབ་པ་གལ་ཆེ་ཨང་། ཞོགས་ཀའི་བསིལ་རླུང་གཙང་མ་ནང་དུ་བརྔུབས། །དུང་དཀར་སྙན་པའི་སྒྲ་ལྡན་དལ་གྱིས་བུས། །གནམ་སའི་གོ་ཡངས་འབྱེད་པའི་སྔོན་བརྡ་བཏང་། །བུ་རྒོད་བཀྲ་ཤིས་རྒྱ་མཚོ་སྐུ་ཚེ་བརྟན། །
གནམ་ས་གོ་འབྱེད་པར་སྐྲུན་གྱི་ལས་ལ་འཇུག་བཞིན་ཡོད་པ་བཟང་གི་རྗེས་སུ་ཡི་རངས་ཡོད། འོན་ཀྱང་འཐེན་འཁྱེར་དང་ཉོག་གླེང་གི་རྒྱུ་རུ་མི་འགྲོ་བར་རྩོམ་པ་པོ་རེ་འདུན་འགྲུབ་པའི་སྨོན་ལམ་ཞུ།
ཀླུ་ལགས་བདེ་དེ་རིན་མེད་དུ་བཀྲམ་རྒྱུ་ལས་རིན་གོང་འོས་འཚམ་ཞིག་བླངས་ནས་དངུལ་དེ་གཏོང་ས་ཡག་པོ་ཞིག་ཏུ་ཐོག་བཏང་བ་ཡིན་ན། ཕན་པ་དེ་ཆེ་རྒྱུ་ར། དེ་མིན་རིན་མེད་བྱས་སྤྲད་ས་དང་མི་སྤྲོད་སའི་ཁྱད་པར་འབྱེད་པ་ཡིན་ན་ལབ་གླེང་མང་བོ་ཞིག་ལྷག་རྒྱ་ཡིན་པས་རྩོམ་པ་པོ་ཐུགས་དགོངས་ཡང་འགྲུབ་ཨེ་ཡོང། ཁོ་བོ་བསམ་ན་དེབ་དེ་ཚོང་བསྒྱུར་བྱས་ནས་དངུལ་རྣམས་སློབ་མ་གཅིག་གི་སློབ་སྦྱོང་ཡར་རྒྱས་ཐད་གཏོང་ཐུབ་སོང་ན་རྩོམ་པ་པོ་ཡང་དགའ་ནས་འདུག་སྲིད་པས་བསམ་བློ་ཐོངས་དང
ད་མི་རིང་བར་ཞོགས་དུང་གི་དེབ་དེ་བཀླག་རྒྱུ་རྙེད་ས་རེད། དེ་ལ་དགའ་བསུ་ཡོད། ཡིན་ཡང་དེ་དང་འགྲོགས་པའི་སྐྲག་སྣང་ཞིག་ཀྱང་སླེབས་སོང་། འདི་ནས་དེབ་དེ་དཔར་སྐྲུན་བྱས་ན་རྩོམ་པ་པོ་ལ་གནོད་པ་འདྲ་མི་ཡོང་ངམ། དཔེར་ན་ན་ནིང་ལི་ཐང་ཨ་གྲགས་ལ་འདི་ནས་བྱ་དགའ་སྤྲད་པས་ནག་ཉེས་ཆེ་རུ་སོང་བ་དང་། སྔོན་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་<>ཚགས་ཤོག་གིས་རྒྱབ་སྐྱོར་གྱི་རྩོམ་ཡིག་བྲིས་པས་ཉེས་ཆད་ཇེ་ལྕི་རུ་སོང་བ་ལྟ་བུ་རེད། གཅིག་བྱས་ན་ངའི་སེམས་ཁྲལ་འདི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཡིན་སྲིད་ལ་དེ་ལྟར་ཡིན་ཚེ་བསམ་འཆར་གང་ཡང་མེད། བསམ་ཚུལ་གཞན་ཞིག་ཞུ་རྒྱུར་རབ་བྱུང་ན་ཁོང་ངམ་ཁོང་གི་ནང་མིར་ཆོག་མཆན་ཞིག་ཞུ་ན་ཡག་པོ་མེད་འགྲོ། ད་དུང་དཔེ་དེབ་དེ་བཙོང་ན་ཡག་པོ་རེད། རིན་མེད་དུ་སྦྱིན་ན་དཔེ་དེབ་གི་རིན་ཐང་ཀྱང་ཆུང་དུ་འགྲོ་བའི་ཚོར་སྣང་ཞིག་ཡོང་གི་འདུག བསམ་ཚུལ་ཙམ་ཡིན།
སྤྱིར་ཡིན་ན། གནམ་ས་གོ་འབྱེད་སུས་བཏོན་ནའང་ཁྱད་མི་འདུག ཚང་མར་དགའ་བསུ་ཡོད། གང་མང་མང་ཞིག་བཏོན་ན་ཡག་པོ་རེད། མི་སྒེར་ཞིག་དང་ཚོགས་པ་གང་ཡིན་ཡང་། གཙོ་བོ་དེབ་དེ་མ་ཡིག་ཇི་མ་ཇི་བཞིན་དཔར་དགོས་པ་དེ་གལ་ཆེ་གི ད་ལྟ་དྲ་ངོས་ན་ཡོད་པ་འདི་ནི། དག་མ་དག་གང་འཚམ་ཡོད་པ་ཞིག་རེད། ཡི་གེ་ཡར་མར་འཁྱེར་སྐབས་བྱས་པ་ཡིན་ནམ། ག་རེ་ཡིན། ཚིག་དུམ་ཁ ཤས་ཆད་འདུག་པའང་འདུག བསྐྱར་དུ་དཔར་མཁན་ཚོས་ཞུས་དག་འདྲོངས་ངེས་ཤིག་གནང་རོགས། དེ་ནི་རྩོམ་པ་པོ་ཁོང་དང་ཀློག་མཁན་ཚང་མའི་རེ་འདུན་ཡང་ཡིན་ཆོག་གི་རེད།
ངས་བལྟ་རྒྱུ་ཉན་རྒྱུ་གཉིས་ཀ་ཡོད་པ་ཞིག་ལབ་ཡིན། དེའི་དོན་བཤད་ན། གཅིག་ནས་ཡོངས་ཁྱབ་ཏུ་ཀློག་རྒྱུ་ཡོད་པ་ཞིག་དང་། གཉིས་ནས་རྒྱ་ནག་གཞུང་གིས་དེབ་འདི་བཀག་ཡོད་ནའང་། འདི་ཕྱོགས་ནས་ཚོགས་སྡེ་ཞིག་གི་ངོས་ནས་བདག་པོ་བརྒྱབ་ན་ཉན་ན་སྙན་པ་ཞིག་རེད་བསམ་པ་ཡིན། ཚོགས་སྡེ་དེ་ཡང་ངའི་འདོད་པ་ལ། རྩོམ་པ་པོའི་མཐུན་ཚོགས་ལས་ལན་པ་ཞིག་མཐོང་མ་སོང་། དེ་བཤད་པ་ཡིན།
དཔེ་དེབ་འདི་བལ་ཡུལ་དང་རྡ་ས་གཉིས་ཀ་ནས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་འདྲ། འབེལ་འབེལ་ལྷུག་ལྷུག་ཅིག་རག་རྒྱུ་ཡིན་སྟབས་ཡག་པོ་རེད། གཅིག་གིས་སྤེལ་ཟིན་ན་ཅིག་ཤོས་དེས་སྤེལ་མི་ཆོག་པ་ཅི་ཡོད། གང་མང་མང་བྱུང་ན་ཡག་གི་རེད། ཕྱོགས་གཉིས་ཀར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལུང་རིགས།
འབེལ་འབེལ་ལྷུག་ལྷུག་ཅིག་རག་རྒྱུ་མིན་པ་དང་།གཅིག་གིས་སྤེལ་ཟིན་ན་ཅིག་ཤོས་དེས་སྤེལ་མི་ཆོག་ཟེར་གི་མེད་པ་འདྲ།
༡ མཉམ་རུབ་ཀྱིས་དཔར་ན་པར་གཞིའི་འགྲོ་སོང་གཅིག་ལས་གཉིས་གཏོང་མི་དགོས།
༢ པར་རྩའི་འགྲོ་སོང་ལྷག་མ་ཅི་ཡོད་སྒང་དཔེ་དེབ་བཙོང་པའི་ཡོང་འབབ་བསྣན་ན་ནང་མིར་ཐུགས་གསོ་ཆེ་ཙམ་འོངས།
༢ དཔེ་དེབ་པར་སྐྲུན་ཆེད་བརྗོད་དང་དགོས་དམིགས་གསལ་བཤད། སྒོ་འབྱེད་གསར་འགོད་ཚོགས་འདུ་སོགས་ཀྱང་ནུས་པ་ཐོན་པ་ཞིག་འོངས།
ངས་བལྟས་ན་གནམ་ས་གོ་འབྱེད་བསྐྱར་པར་ཐད་དེ་འདྲ་ཡར་བཤད་མར་བཤད་མང་པོ་འེ་དགོ།
༡ རྩོམ་པ་པོའི་ནང་མི་ལས་ཆོག་མཆན་ལོངས།
༢ ཨ་ལག་འཇིགས་མེད་དང་ཀླུ་འབུམ་བཀྲ་ཤིས་གཉིས་ཀྱིས་སྦྱིན་བདག་གིས་གནང་བའི་པར་རྩིའི་འགྲོ་སོང་མཉམ་རུ་འེ་ཡོང་བལྟོས།
༣ དེ་ནས། ང་ཚོས་བཙོང་རོགས་དང་ཉོ་རོགས་བྱེད་ཡ།
༼གནམ་ས་གོ་འབྱེད་༽ཅེས་པའི་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཐག་གི་ཆད་ཡོད་པ་དང༌། བསྒྱུར་མཁན་སྟག་ལྷ་རྒྱལ་རེད་ཟེར། གནས་ཚུལ་དེ་གསལ་བོ་ཡིན་པ་མ་ཟད་ཐུང་ཐུང་དུ་རྒྱ་ཡིག་ཏུ་བསྒྱུར་ནས་འགྲེམ་སྤེལ་བྱ་ཡིན་ཞེས་དངོས་སུ་བརྗོད་བྱུང༌།