མཐའ་ཡས་རྒྱ་མཚོ།
རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གང་ཞིག་ཡིན་རུང། དེ་ནི་བསམ་བློའི་བསྐྱེད་གཞིར་མ་གྱུར་བ་མེད་ཅིང། བསམ་བློར་ཚད་ལས་བརྒལ་བའི་སྟོབས་ཀྱི་གོང་བུ་བླ་ན་མེད་པ་ཞིག་ཡོད་པ་དེའང། ཁོར་ཡུག་ལ་ལྟོས་ནས་གྲུབ་ཀྱི་ཡོད་པ་ཧ་ཅང་གསལ་བོ་ཡིན། དེས་ན། མི་སོགས་སེམས་ཅན་ཀུན་པོ་མཛེས་སྡུག་དང་རང་དབང། འདྲ་མཉམ་བཅས་ཕྱི་ནང་གི་ཁོར་ཡུག་ཆེས་ཡིད་དུ་འོང་པ་ཞིག་ལ་ཕྱོགས་ཤིང་ཆས་འགྲོ་བའང། མཛེས་སྡུག་གི་བློ་ཞིག་དང་རང་དབང་གི་བློ་ཞིག ད་དུང་འདྲ་མཉམ་གྱི་བློ་ཞིག་སྟེ། མདོར་ན་བློ་ཡི་དགོས་ངེས་ཀྱི་བདག་རྐྱེན་དེ་དག་གི་ཕྱིར་ལ་ཡིན་དུ་གདོན་མི་ཟའོ།།
གཞིས་བྱེས་གཉིས་སྣང་གི་བོད་པའི་སྤྱི་ཚོགས་འདི་ཕར་ཚུར་བསྡུར་ཏེ་ལྟ་དུས། བྱེས་ཀྱི་ཁོར་ཡུག་ནི་བློ་ཡི་འདྲ་མཉམ་དང་རང་དབང་སོགས་བསྐྱེད་ལ་སྤེལ་བའི་བདག་རྐྱེན་ཆེས་མཆོག་གི་རབ་ཏུ་གྱུར་བ་ཞིག་ཡིན་འདུག་མོད། བཤད་མི་ཤེས་པ་ཞིག་དང་འདང་མི་ཕོག་པ་ཞིག་ནི། ཐོར་རེ་ལོང་ངེ་ཞིག་ལས་ད་དུང་རྒྱུ་ལ་དཔག་པའི་འབྲས་བུ་ཡིད་ཚིམས་པ་ཞིག་སྨིན་མེད་པ་འདིའོ།།
ནམ་རྒྱུན་གྱི་ཁོ་བོའི་སེམས་ངོར་བྱེས་ཀྱི་ཐོར་རེ་ལོང་ངེའི་ཁྱུ་ནས་གཅིག་ནི་ཤར་ཕྱོགས་ཁུག་རྟ་སྟེ། ཁུག་རྟར་རང་ལ་ངོམས་དུ་རི་བའི་གཤོག་པའི་རྩལ་རབ་ཡོད་མེད་མི་ལྟ་བར། ས་ནག་པོ་འདོམ་ལ་འཇལ་ཤག་དང། སྤྲིན་དཀར་པོ་ཐོད་ལ་ལེན་རྐྱང་བྱེད་པ་ནི། རང་ལ་དབང་བའི་ཁོར་ཡུག་འདི་རུལ་སུངས་སུ་མི་འགྱུར་རྒྱུའི་ཆེད་འབའ་ཞིག་ཡིན་པ་དེ་ཀུན་ཀྱང་ཤེས་ཡོད་ཚོད་རེད། འོན་ཀྱང་མ་དག་པའི་རྡོ་རྗེ་གཅོད་པ་བརྒྱ་ཡིས་དག་མའི་རྡོར་གཅོད་གཅིག་པོ་མི་དག་པར་བསྒྱུར་བའི་དཔེ་ལྟར། མང་སྣ་ཉུང་གིས་མི་ལོན་པའང་ཆོས་ཉིད་ཀྱི་བདེན་པ་ཟེར་བ་དེ་ཡིན་འདུག་ཕྱིན། ལོ་འདི་འགའི་རིང་གི་ཁུག་རྟ། མ་ཤི་དམྱལ་བར་མངགས་ཏེ་ཨ་བ་གླང་མགོ་ཅན་སོགས་འཇིགས་རུང་ལས་མཁན་དག་གི་ལག་འོག་ན་རེ་འགར་གསོན་ཡང། རེ་འགར་བརྒྱལ་བ་སོགས་ཀྱིས་ཡོད་འདུག་ནའང། ཁོས་ད་དུང་ཁོར་ཡུག་གིས་བསྐྲུན་པའི་རང་གི་ཐོབ་ཐང་དེ་རྨི་ལམ་མིན་པའི་ཡིད་ཆེས་ཀྱིས་མུ་མཐུད་འབད་པ་བྱེད་ཀྱིན་ཡོད་པའི་དཔང་པོར། ད་ཐེངས་ཡང་ཁུག་རྟས་རང་གི་རྩོམ་དེབ་ལྔ་པ་༼ ཆབ་སྲིད་དཔྱད་གླེང་༽གི་དེབ་གཞི་དཔར་ཏེ་བཀྲམས་ཡོད་པ་འདི་རེད། དེབ་གཞི་འདིར་རྒྱལ་བའི་བཀའ་སློབ་སོགས་རྩོམ་ལུས་མི་འདྲ་བ་ཉེར་གཉིས་ཡོད་པ། ཤོག་ངོས་གྱ་གཅིག་ཏུ་ཤོང་འགོད་བྱས་ཡོད་ཅིང། དེ་ལས་རྩོམ་ཡིག་བརྒྱད་ནི་རྩོམ་པ་པོ་ཁོ་རང་གི་བརྩམས་ཆོས་རེད།
དེབ་གཞིའི་རྩོམ་ཡིག་འདམས་བཀོད་དང་རྩོམ་པོ་སྒེར་གྱི་བྲིས་རྩོམ་གང་ལ་བལྟས་ཀྱང་། ཆེས་གནད་འགག་ཅན་གྱི་བརྩམས་ཆོས་ཉག་ཅིག་རེད་འདུག་ལ། འདིར་བརྩམས་ཆོས་རེ་རེའི་ཁྱད་ཆོས་གླེང་བ་ལྟ་བུའི་ངལ་བ་བསྟེན་མ་ཐུབ་རུང། གང་ལྟར་ལ་ཁའི་ལུག་རྫི་དང་ཆུ་ཁའི་ཆུ་ལེན། མགོ་རྒྱལ་བོ་དང་འོག་སྤྲང་པོ་སོགས་བོད་དུ་གཏོགས་ཤིང། བོད་ལ་ཤ་ཞེན་ཅན་ཞིག་ཡིན་ཚེ། དེབ་འདི་ངེས་པར་ལྟ་ཀློག་གི་རིན་ཐང་མངའ་བ་ཞིག་ལ་མཐོང་དགོས་ཀྱི་འདུག
རྩོམ་སྒྲིག་པ་དང་རྩོམ་པ་པོ་ཞིག་བྱ་རྒྱུ་ནི་དེ་ཙམ་ལས་སླ་བ་མིན་ལ། ལྷག་པར་དབྱངས་གསལ་སོ་བཞིར་ཐོག་མནོག་མེད་མཁན་ཞིག་བྱ་རྒྱུ་ནི་དེ་བས་ཀྱང་ཁག སྟབས་དེས་སྨྱུག་ཐོགས་པ་ཚོའི་ལག་རྗེས་སུ་འོད་སྣང་འཚེར་ལ་མུན་པའང་འཐིབས་ཀྱི་ཡོད་ཟེར་བ་ལྟར། ཤར་ཕྱོགས་ཁུག་རྟའི་རྩོམ་དེབ་ལྔ་པའང་དེ་ལས་མ་འདས་པ་ནི། དཔེར་ན་ཡི་གེའི་དག་ཆ་དང་ཚིག་གི་སྡེབས་སྦྱོར་སོགས་གཞུང་ལ་འགལ་བ་ལྟ་བུའི་སྐོར་ཡོད་པ་བཅས་སོ། མདོ་དོན། ང་ཚོ་ཅི་ཞིག་གི་རྐྱེན་ལ་ཤོར་ཏེ་ཕན་ཚུན་ཕྱོགས་སྡེབས་དང། དགག་གཞག་ག་རེ་བྱ་དགོས་ཀྱང། བོད་ཀྱི་ཕན་བདེའི་ཆེད་དུ་ཡིན་དགོས་རྒྱུ་མ་གཏོགས་ལུག་ཕོ་གཉིས་ཀྱིས་གདོང་ཐུག་བརྒྱབ་པའི་ཟུངས་ཁྲག་ཨ་ཅེ་ཝ་མོར་མི་དབང་བ་ཞིག་ལ་ཅིས་ཀྱང་གཟབ་འོས་པ་ཞིག་རེད་སྙམ།
༢༠༡༣། ༦། ༡༡། ཉིན།
ཤར་ཕྱོགས་ཁུག་རྟ་ནི་རང་ལམ་དུ་འགྲེང་ཚུགས་ཀྱིས་ཀེར་བའི་ཕོ་རྒོད་ཅིག་རེད་ལབ་ན་འཐུས་པར་སྙམ། ཁོའི་ངོ་སོ་བསྟོད།
ཤར་ཁུག་ནི་དེ་སོང་གིས་ཤེས་ཡོན་ཅན་དང་མི་བློ་ཁོག་ཅན་ཞིག་ཡིན་པས་དུས་ནམ་རྒྱབ་སྐྱོར་ཡོད།།