སྒོམ་སྡེ་ལྷ་རམས་པས།
ཆོ་འཕྲུལ། <པྲ་ཏི་ཧ་རྻཾ> ཡ་མཚན་བསྐྱེད་པའི་སྒོ་ནས་གཞན་གྱི་ཡིད་འཕྲོག་པ་དང་དབང་དུ་སྡུད་པར་བྱེད་པ་
ལ་ཟེར། སྒྲ་བཤད་ནི། ནམ་མཁའ་ལ་ལྡིང་ཞིང་འགྲོ་བའི་ཆ་ནས་“ཆོ”འམ་“འཕྱོ”ཞེས་བཏགས་ལ། “འཕྲུལ”ནི་
སྤྲུལ་པའི་དོན་ནོ། །གནའ་བོའི་འབྲི་སྲོལ་ལ། སྒྲ་གདངས་འདྲ་བའི་ཆ་ནས། ཅ་ལ་པྱ། ཆ་ལ་ཕྱ། ཉ་ལ་མྱ་སོགས་སུ་འབྲི་སྲོལ་ཡོད་དེ། དཔེར་ན་བཅའ་ཁྲལ་ལ་དཔྱ་ཁྲལ་དང་། བཅད་ཤེས་ལ་དཔྱད་ཤེས། གཉེན་བྱེད་པ་ལ་སྨྱན་བྱེད་པ་དང་། བསྙུང་གནས་ལ་སྨྱུང་གནས། གཉིད་ལམ་ལ་རྨྱིད་ལམ་མམ་རྨྱི་ལམ། ཨ་ཉོག་ལ་ཨ་མྱོག མགོ་ཉང་ཉང་ལ་མགོ་མྱང་མྱང་དང་། བྱ་བརྙངས་ལ་བྱ་རྨྱང་ཞེས་འབྲི་བ་ལྟ་བུས་མཚོན་ནོ། །ཆོ་འཕྲུལ་ཞེས་པའི་ཐ་སྙད་འདི་ནི་ཐོག་མར། ནམ་མཁའ་ལ་གཤེགས་པ་དང་། སྐུ་ལུས་མང་པོར་སྤྲུལ་པ་ལ་སོགས་པའི་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་བཏགས་པ་ཡིན་ལ། རྗེས་སུ་ཐུགས་དང་གསུང་གི་ཆོ་འཕྲུལ་ལའང་དེའི་མིང་ཐོགས་པར་སེམས་སོ། །ལེགས་སྦྱར་གྱི་པྲ་ཏི་ཧ་རྻཾ་ཞེས་བྱ་བའི་པྲ་ཏི་ནི་སོ་སོར་སོགས་ལ་འཇུག་ཀྱང་འདིར་ཕ་རོལ་དང་། ཧ་རྻཾ་ནི་འཕྲོག་བྱེད་དེ་ཐད་འགྱུར་བྱེད་ན་ཕ་རོལ་འཕྲོག་བྱེད་ལྟ་བུར་བསྒྱུར་དགོས་ནའང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་རྣམས་
ཀྱིས་གོ་བདེ་བའི་ཕྱིར་ཆོ་འཕྲུལ་ཞེས་བསྒྱུར་ཏོ། །ངེས་ཚིག་ནི། ལེགས་སྦྱར་གྱི་ཧ་རའི་སྒྲ་ལས་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་ཞེས་བྱ་སྟེ། མཆིམས་མཛོད་ལས། ཅིའི་ཕྱིར་ཆོ་འཕྲུལ་ཞེས་བྱ་ཞེ་ན། གདུལ་བྱ་གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཏེ་ཧ་རའི་དོན་ནོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། སོ་སོའི་སྐྱེ་བོའི་སེམས་འཕྲོག་
པར་བྱེད་ཅིང་འདྲེན་པར་བྱེད་པའི་ཕྱིར་ཆོ་འཕྲུལ་ལོ། །ཞེས་གསུངས། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་།
ཆོས་འཕྲུལ་གསུམ་གྱིས་ཞེས་བྱ་བ་ནི་རྫུ་འཕྲུལ་དང༌། ཀུན་བརྗོད་པ་དང༌།
རྗེས་སུ་བསྟན་པའི་ངོ་བོ་ཉིད་ཀྱི་ཡ་མཚན་བསྐྱེད་པ་དག་གིས་ཏེ། ཆོ་འཕྲུལ་ཞེས་བྱ་བ་ནི་ཞེ་འགྲས་པ་དང༌། ཐ་མལ་པ་རྣམས་ཀྱི་ཡིད་འཕྲོག་ཅིང་སྡུད་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་དབྱེ་ན། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ། གསུང་རྗེས་བསྟན་གྱི་ཆོ་འཕྲུལ་དང་གསུམ་མོ། །རྟོག་གེ་འབར་བ་ལས། རྫུ་འཕྲུལ་དང༌། ཀུན་བརྗོད་པ་
དང༌། རྗེས་སུ་བསྟན་པ་དང༌ལྡན་པ་ནི་ཆོ་འཕྲུལ་དང་བཅས་པ་སྟེ། འདིའི་རྫུ་འཕྲུལ་ནི་ཁྱབ་པ་དང༌། སྙན་པ་
དང༌། ཟབ་པ་ལ་སོགས་པའོ། །ཀུན་བརྗོད་པ་ནི་བུ་དང༌བུ་མོ་ལ་སོགས་པ་ཚེ་རིང་བ་ལ་སོགས་པ་སྟོན་པ་དང༌།
དགེ་བ་དང་མི་དགེ་བ་ལས་འདི་དག་ལས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བྱུང་བར་གྱུར་ཏོ། །འབྱུང་བར་
འགྱུར་རོ། །དུས་འདི་སྲིད་དུ་འཁོར་བར་གནས་ནས་ཐར་པ་སྒྲུབ་པར་འགྱུར་རོ་ཞེས་བྱ་བའོ། །རྗེས་སུ་བསྟན་པ་ནི་ཡང་འདི་ནི་ཆོས་སོ་འདི་ནི་ཆོས་མ་ཡིན་པའོ། །འདི་ལ་ནི་བསླབ་པར་བྱའོ། །འདི་ལ་ནི་བསླབ་པར་མི་བྱའོ། །ཆོས་འདི་དག་ནི་སྲིད་པ་སྒྲུབ་པར་བྱེད་པ་སྟེ། འདོད་ཆགས་ལ་སོགས་པའོ། །ཆོས་འདི་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྟེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་པའི་ཆོ་འཕྲུལ་བསྟན་པ་རྒྱས་པར་རིག་པར་བྱའོ། །ཞེས་གསུངས་སོ། །ཆོ་འཕྲུལ་གསུམ་གྱི་སྐོར་“ཆོ་འཕྲུལ་གསུམ”ཞེས་པའི་ཐད་དུ་གཟིགས།
ལེགས་བཤད་དུ་སྣང་།