ཐེ་བོ་སངས་རྒྱས།
ཉི་ཟླ་སྐར་གསུམ་ལྷ་རུ་བཀུར་ཅིང་།།
འཛམ་གླིང་སུམ་ཉིས་ས་ལ་སྤྱོད་པའི།།
བཙན་པོའི་བཀའ་ཆེམས་རྡོ་ལ་བརྐོས་ཤིང་།།
གཙུག་ལག་ཁང་བཟང་འཕྲུལ་གྱིས་བཞེངས་སོ།།
ཕོ་བྲང་དམར་པོར་ཉི་རྩེ་ཕོག་དུས།།
ལྷ་ཁང་ཕུག་གི་མར་མེའི་འོད་ཀྱིས།།
རྩིག་ངོས་ལྷ་སྒྲུང་རི་མོ་གསལ་བ།།
ཇོ་བོར་ཞུས་པའི་རྨོ་མོའི་འདོད་གསོལ།།
རླུང་གིས་གཡོ་བའི་དར་ལྕོག་སྤག་སྒྲ།།
དྲིལ་བུ་དཀྲོལ་བའི་མ་ཎི་དུང་འཁོར།།
མངར་སིང་རྒྱག་པའི་བསངས་དྲི་ངར་མ།།
རྣམ་ཤེས་འགུགས་པའི་མ་ཎིའི་དབྱངས་རྟ།།
བླ་མའི་ཞབས་རྗེས་འཚོལ་བའི་མི་ཚོགས།།
སྨུག་པོའི་གདོང་ལ་མཛུམ་མདངས་ཅན་པོ།།
དད་པའི་མིག་ཀོང་མཆི་ཞགས་འཁོར་བ།།
མཛུབ་མོའི་བར་གྱི་ཕྲེང་བ་ཟད་པོ།།
ཐང་ཅིག་བསམ་བློ་ནང་དུ་བཀུག་དུས།།
བདག་དང་ཁོར་ཡུག་གཅིག་ཏུ་འདྲེས་མཚམས།།
བརྗོད་དུ་མེད་ཅིང་གསང་བའི་ཕུགས་སུ།།
ཞི་བདེའི་ཚོར་བས་སེམས་པ་བཟི་འོང་།།
མཛུམ་མདངས་ཞེས་པ་འཛུམ་མདངས་ལ་བཅོས་རོགས།