——བྱམས་བཟང་།
ཉིན་འགའི་སྔོན། དགའ་ཉེ་གྲོགས་པོ་ཞིག་གིས་ཁ་བརྡ་དྲ་ངོས་སུ། ༼ཁྱོས་ང་ཅིག་བཅོས་དང་ཐལ༽ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཡིག་ཅིག་ཨ་མྱེས་གུར་གྱི་རྗེས་དྲན་དུ་སྤེལ་གདའ། རྩོམ་ཡིག་ཡིད་འགུལ་ཐེབས་པ་ཞིག་བྲིས་འདུག་ཀྱང་ཁ་བྱང་གིས་ཡི་ག་འཆུས་ཏེ། རྩོམ་ཡིག་ལེགས་སོ་སྨན་འདྲ།།ཁ་བྱང་ངན་ནོ་དུག་འདྲ།།གྲོགས་པོའི་གདུང་བ་ཟབ་འདྲ།།འདས་པོའི་སྐྱེལ་མ་བཟང་འདྲ།། ཅེས་ཚིག་བཞི་མ་ཞིག་མཆན་ཐུང་དུ་བཏབ།
༼ཁྱོས་ང་ཅིག་བཅོས་དང་ཐལ༽ ཞེས་བརྗོད་ན། ཨ་མདོ་བ་ཞིག་གི་དབང་དུ་བཏང་ན་གོ་རྒྱུ་འདུག་སྟེ་རང་གི་གྲོང་སྐད་རེད། ཨ་མདོ་ལས་གཞན་དུ་གྱུར་བ་རྣམས་ཀྱིས་ཅི་ཞིག་གོ་བར་འགྱུར་རམ། དེའི་ཕྱིར་གཞི་མེད་འཆོལ་ཉོག་གི་ཕལ་སྐད་རྣམས་ཆོལ་གསུམ་སྤྱི་ཡི་སྐད་ཡིག་ཏུ་བསྡེབས་པ་ནི། ཁ་ཟས་ལ་དུག་བསྲེས་པ་དང་འདྲ་སྟེ། ཆོལ་གསུམ་གྱི་སྐད་ཡིག་མི་འདྲ་བ་གསུམ་དུ་གྱེས་པར་འགྱུར་བའི་རྒྱུ་དང་། རི་བོའི་གཏོས་དང་མཉམ་པའི་ ཆོས་རིག་རིག་གཞུང་གི་གླེགས་བམ་རྣམས་དང་ཁ་ཐག་རིང་དུ་འགྲོ་བའི་རྒྱུ་བཅས། མིག་རྒྱང་ཕག་སྣ་ལྟར་ཐུང་པའམ་རྨོངས་པའི་མུན་དོང་དུ་ལྷུང་པ་ཞིག་མིན་ན་ ཕྱོགས་འདི་ལ་རྒྱབ་སྐྱོར་བྱེད་པ་པོ་ཞིག་ག་ལ་ཡོང་སྲིད།
ཉེ་བའི་ཆར། བྱང་ཨ་རིའི་ཡུལ་གྱར་བོད་རིགས་སོན་རྩར་དམིགས་ཏེ་༼བྱང་ཨ་རིའི་གཟའ་མཇུག་སློབ་དེབ་༽ཅེས། སུམ་རྟགས་དག་གསུམ་འཇིག་རྟེན་ཕ་རོལ་དུ་བསྐྲད་པའི་སློབ་དེབ་ ཕན་ལས་གནོད་ཆེ་བ་འགའ་ཐོན་པར། སེམས་ཁུར་ལྷག་བསམ་ཅན་མང་པོས་གཅིག་རྗེས་གཉིས་མཐུད་དུ་སྡུག་སྐད་ཤོར་ན་ཡང་། ལས་ཀྱི་སྣེ་མོ་བ་དང་མཁས་པའི་ཁུར་འཛིན་ལ་ཤས་ཀྱིས་ཅི་མི་སྙམ་པ་ཙམ་དུ་མ་ཟད། མུ་མཐུད་དེ་རྒྱལ་རྔ་བརྡུང་ཞིང་རྒྱལ་མཚན་བསྒྲེང་བར་རྩོམ་པ་ནི། ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །ཟ་བར་ནུས་ཀྱི་ཁྭ་ཏས་མིན། །ཞེས་པའི་ལེགས་བཤད་ཀྱི་རྗེས་སུ་འགྲོ་བ་ཙམ་ལས་འོས་སུ་ཆེ་བའི་ལས་ཤིག་ག་ལ་ཡིན། བོད་ཀྱི་ཕུལ་བྱུང་ལོ་ཙཱ་བ་དང་རྩོམ་པ་པོར་གྲགས་པ་ཆུང་ཚེ་རིང་ལྟ་བུས་ཀྱང་འདི་འདྲ་འདི་ལ “གསར་གཏོད” ཟེར་ན། གསར་གཏོད་དེ་ཅི་འདྲས་སླ་བ་ལ། སུམ་རྟགས་དག་གསུམ་ཅི་ཡང་མི་ཤེས་པའི་ཕྱུགས་རྫི་རྒན་པོ་དག་གིས་ཀྱང་རྩམ་པ་རྫི་རྫི་བྱེད་ཐུབ་པ་མ་རེད་དམ།
སྔོན་གྱི་དྲན་དབང་ཚོས། བརྡ་སྤྲོད་རིག་པ་མ་དར་བའི་སྔ་རོལ་དུ་ཁ་སྐད་ཀྱིས་བརྡ་སྤྲོད་གཞུང་ལུགས་ལ་སྣེ་ཁྲིད་ཅིང་། དར་ཟིན་པའི་རྗེས་ལ་སྒྲ་གཞུང་གིས་སྐད་ཡིག་ལ་སྣེ་འཁྲིད་དགོས་པའི་ལམ་སྟོན་རིགས་ལམ་ཡང་དག་གིས་རྒྱས་བཏབ་སྟེ་གལ་བོ་ཆེ་ལ་ནན་ཏན་དུ་གསུངས་འདུག་པ་རྣམས་ལྟོས་དང་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ཕྱོགས་མཐུན་ཙམ་རྙེད་སྲིད་པ་ཡིན། འཕྲལ་ལ་གང་བདེ་དང་ཆུ་སྣ་གར་འཁྲིད་ཀྱི་བྱེད་ལུགས་འདི་ནི་རང་མགོ་གཅོག་པའི་ཐོ་བ་ཡིན་པ་སྔ་སོ་ནས་རྟོགས་དགོས།
ང་ཚོ་ཧི་མ་ལཱ་ཡའི་རི་རྒྱུད་ཀྱི་བཅའ་སྡོད་པ་རྣམས་ཐེས་པའི་བོད་རིགས་སྤུན་ཟླ་ཡོངས་རྫོགས་སྐད་ཡིག་གཅིག་གྱུར་གཏོར་བརླག་གི་ལས་ལ་མི་ཞུགས་པར། སྤྱི་སྐད་གཅེས་འཛིན་གྱི་ལས་ལ་ཁ་མིག་ཡར་བལྟ་དང་གོམ་པ་མདུན་སྤོ་གནང་རྒྱུ་དེ། རང་གཞན་ཀུན་ལ་ལྟོས་པའི་ཁེ་ཕན་གྱི་ལས་ཤིག་རེད་ལ། བླངས་དོར་འཇུག་ལྡོག་ནོར་འཁྲུལ་གྱི་རི་མ་ལུག་པའི་སྔ་རོལ་ཏུ་རྒྱུ་ནི་གལ་ཆེའི་གནད་ཀ་གཅིག་ཡིན་པ་ཐུགས་ལ་བཅག་དགོས།
སྤྱི་སྐད་ཀྱི་ཐད་ལ་གུས་པས་༼ཤེས་རིག་༽དུས་དེབ་དུ་༼བོད་སྐད་ཡིག་དར་སྤེལ་གྱི་རྣམ་གཞག་རོབ་ཙམ་གླེང་པ་༽ཞེས་པའི་ཁ་བྱང་ཅན་གྱི་དཔྱད་བརྗོད་ཅིག་སྤེལ་མྱོངས་པའི་ནང་མང་ཙམ་གླེང་ཡོད། སྤྱི་སྐད་ཡིན་མིན་གྱི་ས་མཚམས་དེ་ཡུལ་ལུང་ཆེ་ཆུང་དང་རྗོད་མཁན་མང་ཉུང་གང་གིས་ཀྱང་མི་འབྱེད་པར། དེ་ནི་ཡིག་འགྲོས་དང་མཐུན་མིན་དང་། བརྡའི་གཞུང་དང་མཐུན་མིན་གྱིས་འཇལ་དགོས། ཡིག་འགྲོས་དང་མཐུན་ཚེ་རྗོད་མཁན་གཅིག་མ་གཏོགས་མེད་ཀྱང་སྤྱི་སྐད་ཡིན་ལ། ཡིག་འགྲོས་དང་མི་མཐུན་ཚེ་སྨྲ་མཁན་སྟོང་ཡོད་ཀྱང་སྤྱི་སྐད་མིན། དཔེར་ན། སྤི་ཏི་བས། གྲོགས་པ་ལ་ “ཡ་དོ” དང་། དོལ་པོ་བས་དངོས་གནས་ལ་ “ངོ་ཐོག” ལྷ་ས་བས་སྲིང་བལ་ལ་ “སྤྲིན་བལ”། བྱས་ཉེས་ལ་ “དཔེ་བསགས་སོང་” ཟེར་པ་ལྟ་བུ་དང་། ཨ་མདོ་བས་ཕ་མ་རྒན་རབས་ཀྱི་ཁ་ལེན་ཚིག་རྩི་མི་བྱེད་མཁན་ལ་ “ཁ་བརྒྱ་མགོ་བརྒྱ” དང་། བར་མཚམས་མེད་པ་ལ་ “མཚམས་ཚིགས་མེད་པ་” ཟེར་བ་ལྟ་བུ་རྣམས་སྔོན་གྱི་བསྟན་བཅོས་རྣམས་སུ་མ་གྲགས་མོད་ཀྱི། མིང་རང་གི་ངོས་ནས་སྒྲ་བཤད་དུ་ཡོད་པས་སྤྱི་སྐད་གཤའ་མ་རུ་ཁས་བླངས་ཆོག།
དུག་ལྟར་འཛེམས་དགོས་པའིི་རིགས་ནི། ལྷ་ས་བས་ཁ་སང་ལ་ “ཁེ་ས” ། ང་འགྲོ་ལ་ “ངས་འགྲོ”། ཟོ་ལ་ “ཟ”། ཐོངས་ལ་ “བཏང་”། ངས་ཁ་པར་བཏང་ལ་ “ང་ཁ་པར་བཏང” ཟེར་པ་ལྟ་བུ་དང་། ཨ་མདོ་བས་ཉེ་སྔོན་ལ་ “ད་ཅི”། འགྲོ་ལ་ “འགྱོ” ཁམས་པས་ཅི་ཟེར་ལ་ “ཅི་བཟོ་ལེ” ཟེར་བ་ལྟ་བུས་མཚོན་ནོ། །
ཞིབ་འཇུག་དགའ་རབ་བྱས་འདུག་གདའ་་་་་་་ཡག་བྱུང་ཨ་་་་
ཆུང་ཚེ་རིང་་ལ། ཤེས་ཡོན་པའི་རང་ཚུགས་མེད། གཅིག ཁོས་རང་གི་གྲོགས་པོ་སྣང་ས་བསྟན་འཛིན་གྱི་ངོ་སྲུང་པ་དང་། གཉིས་ནས་ཡུལ་ལུང་གི་ཞེན་ཁོག་སྐམ་པོ་ཞིག་གིས་བདེན་པ་དང་མི་རིགས་ཀྱི་ཁེ་ཕན་ལ་མིག་མཙུམས་པ་རེད། གཉིས། གཤམ་གྱི་ཁོའི་བརྙན་ཐུང་ཞིག་རང་སྒྲོག་ཆེད། རང་གིས་སྨྱིག་མིང་བྱ་སྒྲོ་དཀར་པོའི་མིང་སྤྱད་ནས་བཀོད་པ་དེའི་འོག་རང་ལ་བསྟོད་པའི་མཆན་མ་གཏོགས། སྨད་པའི་མཆན་རྣམས་ནག་གསུབ་བཏང་འདུག་པས་ཀྱང་ཤེས་ཐུབ།
ཆུང་ཚེ་རིང་དེབ་གཉིས་ལོ་ཙཱས་དབང་གིས་ཤེས་ཡོན་པའི་གྲས་ལ་ཚུད་གྲབས་ཡོད་ཀྱང་། ད་ཐེངས་ཕ་བསད་པར་རྒྱལ་རྔ་བརྡུང་བ་ལྟ་བུའི་བྱེད་བབ་འདིས། རང་མཚང་ཕྱི་ལ་ཐོན་ཅིང་། ཞེ་ས་དང་པ་བའི་གནད་དོན་སྐོར། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀྱི་རྙོག་སློང་སོགས་དྲན་གསོ་ཡང་སོང་།
དྲན་སློང་དང་པོ། རིག་གསར་སྐབས་དབུས་གཙང་མཁས་པས་སྐད་གསར་བཅད།
ལྷག་བཅས་དེ་ཏེ་སྟེ་གསུམ་ལས། །དེ་སྒྲ་མ་གཏོགས་ཏེ་སྟེ་གཉིས། །བོད་ལྗོངས་སྤྱི་ཚོགས་གསར་པ་ལ། །མི་མཁོ་བས་ན་དོར་བར་བྱ། །ཧཧཧཧཧཧ་་་་་
འབྲེལ་སྒྲ་གི་གྱི་ཀྱི་འི་ཡི་ལྔ་ལས། །གི་སྒྲ་མ་གཏོགས་ལྷག་མ་རྣམས། །དེང་རབས་ཅན་བཞི་འཛུགས་སྐྲུན་ལ། །མི་མཁོ་བས་ན་དོར་བར་བྱ། །ཧཧཧཧ་་་་་